འཁྲུངས་སྐར་བསུ་བའི་ཤིས་ཚིག།

༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །
བདེ༵ན་བཞི༵་བླང་དོར་བདེ༵ན་འབྲས་མཚན་དཔེའི་སྐུ། །
ས༵་གསུ༵མ་འགྲོ་ལ་ས༵་བཅུའི་དབང་ཕྱུག་གསུང་། །
དོ༵ན་གཉི༵ས་ལྷུན་འགྲུབ་དོ༵ན་ལྡན་མཁྱེན་བརྩེའི་ཐུགས། །
རྩེ༵་གཅི༵ག་བཏུད་ནས་རྩེ་གཅི༵ག་བརྟན་བཞུགས་གསོལ། །
ཞེས་ཤིས་བརྗོད་པདྨ་དཀར་པོའི་འཕྲེང་བས་ཐུགས་རྒྱུད་མངོན་པར་བསྐུལ་ཏེ། ཁམས་གསུམ་འགྲོ་བའི་བླ་མ་འཕགས་མཆོག་ཕྱག་ན་པདྨོ་སྤྱི་ནོར་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུའི་ཞལ་སྔ་ནས་དགུང་གྲངས་༨༨་ཧྲིལ་བོར་ཕེབས་པའི་བཀྲ་ཤིས་པའི་འཁྲུངས་སྐར་དུས་ཆེན་གྱི་སྐལ་བཟང་གི་དུས་ཚིགས་ཁྱད་པར་ཅན་འདིར་མགོན་པོ་གང་གི་ཞབས་དྲུང་དུ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་། སླད་མར་ཡང་། ཇི་སྐད་དུ།
མགོན་ཁྱོད་གངས་ཅན་ཞིང་འདིའི་འགྲོ་བ་རྣམས། །
ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་བར། །
དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱིས། །
སྡེ་བཞིའི་དཔལ་ལ་སྦྱོར་བཞིན་བརྟན་པར་བཞུགས། །
ཞེས་གསུངས་པ་ལྟར། ༸སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཞིང་། རླབས་ཆེན་ཐུགས་ཀྱི་བཞེད་དོན་ཡོངས་རྫོགས་གེགས་མེད་བདེ་བླག་མྱུར་འགྲུབ་འབྱུང་བའི་སྨོན་འདུན་ཤུགས་དྲག་དང་བཅས་ཏེ། གསེར་རྟའི་དྲ་རྒྱའི་རྩོམ་སྒྲིག་ཁང་གིས་བོད་རྒྱལ་ལོ་༢༡༥༠་བོད་རབ་གནས་ཆུ་ཡོས་ལོའི་ཟླ་༥་ཚེས་༡༨་དང་། ཕྱི་ལོ་༢༠༢༣་ལོའི་ཟླ་༧་ཚེས་༦་ཉིན་སྤེལ་བ་དགེའོ།། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།