དཔལ་མོ་ཡིས་བརྩམས།
གླེང་གཞི།ད་ལོའི་དགུན་གནང་གི་སྐབས་སུ་ང་རང་ཕ་ཡུལ་མཚོ་སྔོན་པོའི་འགྲམ་ན་ཡོད་པའི་ཉིན་ཞིག་ལ།《མི་རིགས་ཀྱི་རྩོམ་རིག》རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་ལྡོང་བུ་ལགས་ཀྱིས་རྩོམ་བརྡ་ཞིག་བཏང་ཡོང་སྟེ། བོད་མོའི་རྩོམ་རིག་གི་འདས་པའི་ལོ་རྒྱུས་ལ་ཕྱིར་ལྟ་དང་ད་ལྟའི་གནས་བབ་ལ་དབྱེ་ཞིབ། མ་འོངས་འཕེལ་རྒྱས་ལ་བསམ་གཞིག་བྱས་པ་བརྒྱུད་དེ། ཁོང་མོ་ཚོའི་བརྩམས་ཆོས་ལ་སྒྲ་དོན་དང་སྒྱུ་རྩལ་མཚོན་ཐབས་ཀྱི་ཕྱོགས་གང་ཐད་ནས་བོད་མོའི་ཁྱད་ཆོས་མངའ་བའི་གསར་རྩོམ་གྱི་ལམ་ཆེན་དུ་བརྩོན་པར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་ནས“བོད་ཀྱི་བུད་མེད་རྩོམ་པ་པོས་གསར་རྩོམ་གླེང་བ” ཞེས་པའི་དཔེ་དེབ་ཅིག་བསྐྲུན་རྩིས་ཡོད་པར། བོད་ཡིག་གི་ལམ་ནས་རྩོམ་འབྲི་བའི་བུད་མེད་བཅུ་ཡིས་རང་རང་ནར་སོན་པའི་གོ་རིམ་ཁྲོད་སློབ་གཉེར་བྱས་ཚུལ་དང་འཚོ་བའི་གནས་སྟངས། གསར་རྩོམ་གྱི་ལམ་ལ་ཞུགས་ཚུལ་སོགས་མདོར་ན་མི་ཚེའི་ལོ་རྒྱུས་དང་འཚོ་བའི་ཉམས་མྱོང་ཡོད་ཚད་ཡིག་འབྲུ་ཆིག་ཁྲི་ལྷག་གི་རྩོམ་ཡིག་རེ་བྲི་རྒྱུ་ཟེར་བ་ཐོས་པ་ན། ངའི་སེམས་ལ་དེས་ནི་བོད་ཀྱི་བུད་མེད་རྩོམ་པ་པོ་དང་རྩོམ་རིག་བརྩམས་ཆོས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས་སུ་འགྲོ་བའི་རྟགས་ཤིག་མཚོན་ཐུབ་པར་མ་ཟད། བྱེད་ཐབས་འདི་འདྲ་བརྒྱུད་དེ་རྩོམ་རིག་ལ་དུང་ཞིང་མོས་པའི་བོད་མོ་གང་མང་ཞིག་ལ་སྐུལ་ལྕག་དང་ལམ་སྟོན་གྱི་ནུས་པ་འདོན་པའི་དོན་བཟང་ཞིག་རེད་བསམས་ནས་ལས་ཀ་དེ་དང་དུ་བླངས་པ་ཡིན།
གཅིག མི་ཚེ་ཡི་བརྒྱུད་རིམ་དང་སློབ་སྦྱོང་གི་གོ་རིམ།
ང་ནི་དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་པར་མཚོ་སྔོན་པོ་རྐང་ཚའི་འབྲོག་སྡེ་ཞིག་ཏུ་སྐྱེས་པ་ཡིན། དྲིན་ཆེན་ཕ་མ་གཉིས་ཀས་ང་རང་ལུས་སེམས་ནད་མེད་དང་དབང་བོ་སྐྱོན་བྲལ་དུ་བསྐྱངས་པའི་དྲིན་ལན་ནི་ཚེ་འདིར་གསུབ་ཏུ་མེད་པ་ཞིག་ཡིན། རང་ལོ་བརྒྱད་ནས་བཅུ་གཉིས་བར་ལ་ཁྱིམ་དུ་བྱིས་པ(ནུ་བོ་གཉིས་ཀ)གཉོར་བ་དང་ལོ་ལོན(ལོ་དགུ་བཅུར་སོན་པའི་ཨ་ཕྱི)སྐྱོང་བ། ནས་རྔོ་བ་དང་རྩམ་པ་འཐག་པ། ཆུ་འཁུར་བ་དང་ལྕི་བ་འཕུད་པ། བཞོན་མ་བཞོ་བ་དང་འོ་མ་དཀྲོགས་པ། འཕང་འཁེལ་བ་དང་ཐགས་འཐག་པ། ཕྱུགས་འཚོ་བ་སོགས་འབྲོག་པའི་བུད་མེད་དར་མ་ཞིག་གི་ལས་ཀ་ཧ་ལམ་ཁ་ཚང་ལས་མྱོང་། ལོ་བཅུ་གཉིས་ལ་སོན་པའི་དགུན་ཁ་དེར། རང་སྡེ་ཕྱུག་མོའི་རྩྭ་ཐང་དུ་སྦྲ་གུར་སློབ་གྲྭ་ཟེར་བ་ཞིག་བསྒྲུབས་པ་དེ་རུ་ཞུགས་རྒྱུའི་སྐལ་བཟང་ཐོབ། རྩྭ་ཐང་སློབ་གྲྭ་དེ་རུ་ལོ་གཉིས་ཙམ་གྱི་རིང་ལ་དམངས་སྒྲུབ་དགེ་རྒན་གཉིས་ཀྱི་ལྷག་བསམ་དང་ཐུགས་ཁུར་ལ་བརྟེན་ནས་དབྱངས་གསལ་སོ་བཞིའི་སྒྲིག་སྦྱོར་དང་འབྲི་ཀློག་ཤེས་པར་མ་ཟད། གྲངས་རྩིས་ལ་སྣོན་འཕྲི་དང་སྒྱུར་བགོ་ཙམ་ཤེས། དེ་ནས་རྐང་ཚ་རྫོང་མི་རིགས་སློབ་འབྲིང་དུ་བསྐྱལ་བ་ནི་ངས་ཚེ་འདིར་སློབ་གྲྭ་འགྲིམས་པའི་ལོ་རྒྱུས་སུ་ཆེས་སྐྱོ་སྣང་ལྡན་པའི་དུས་རིམ་ཞིག་ཏུ་གྱུར། རྒྱུ་མཚན་ནི་སློབ་གྲྭ་དེ་རུ་དགེ་སློབ་ཀྱི་བརྙས་བཅོས་དང་ཐུབ་ཚོད་མ་གཏོགས་དགེ་རྒན་གྱི་ཐུགས་ཁུར་མེད་ལ་སློབ་གྲོགས་ཀྱི་མཛའ་བརྩེ་ཟེར་བའང་ཡེ་ནས་མེད་པ་ཞིག་རེད། ལྷག་པར་རྒྱ་ཡིག་འདོན་མི་ཤེས་ལ་རྒྱ་སྐད་བཤད་མི་ཤེས་པའི་ང་ཚོ་འབྲོག་ཕྲུག་རྣམས་ནི་དགེ་སློབ་རྣམས་ཀྱི་མཐོང་ཆུང་བྱ་ཡུལ་ཡིན། དེའི་སྟབས་ཀྱིས་རྐང་ཚ་རྫོང་མི་རིགས་སློབ་འབྲིང་དུ་ངས་ཉིན་རྒྱུན་ཕ་ཡུལ་དྲན་ནས་སྡོད་པ་ལས་སློབ་སྦྱོང་བྱས་མ་མྱོང་། བཅུ་པའི་རྒྱལ་སྟོན་དུས་ཆེན་ཞིག་ལ་བདུན་ཕྲག་གཅིག་གི་གནང་བ་བཏང་སྟེ་ཡུལ་ལ་ལོག་པ་དང་དེ་ནས་ཕྱིར་སློབ་གྲྭར་ལོག་རན་པའི་ཉིན་དེར། ང་སློབ་གྲྭར་འགྲོ་མ་འདོད་པར་ཐབ་ཀའི་ཕག་ལ་ཡིབ་སྟེ་ངུས་ནས་བསྡད་པ་ན། ཨ་མས་ང་ལ་གཤེ་གཤེ་ཚ་ཡེར་བ་ཞིག་བཏང་བྱུང་། ཨ་མའི“ཚིག་གི་མཚོན་ཆ་རྣོན་པོ”དེས་ངའི་བྱིས་བློ་རྨས་ཤིང་བསམ་བློ་བསྒྱུར་ཏེ་སློབ་གྲྭ་མུ་མཐུད་དུ་འགྲིམས་ནས་ཕྱིར་མི་ལྡོག་པའི་དམ་བཅའ་སེམས་ལ་བཀོད། ངའི་ཨ་མ་ལགས་ནི་བློ་གྲོས་ལྡན་ལ་མིག་རྒྱང་རིང་བའི་འབྲོག་མོ་ཅུང་ཁྱད་པར་བ་ཞིག་ཡིན། དོན་གྱིས་ཨ་མའི་སྐད་ཆ་དེས་ངའི་འཚོ་བ་རྩྭ་ཐང་ལ་གྱེས་པ་ནས་མི་ཚེ་རྒྱང་རིང་ལ་ཕྱོགས་པར་བཟོས་པ་ཡིན། དེ་ནས་ང་རྫོང་མི་རིགས་སློབ་འབྲིང་དུ་ཡུན་རིང་བོར་མ་བསྡད་པར་མཚོ་བྱང་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་ཞུགས་པ་ཡིན། སློབ་གྲྭ་དེར་འགྲོ་དུས་ཕ་མ་དང་ཤ་ཉེ་ཚང་མ་འབྲོག་ན་ཡོད་པས་གཅིག་གིས་ཀྱང་ལམ་སྐྱེལ་བྱེད་མ་ཐུབ་པར་ང་རང་གཅིག་པུ་སོང་བ་ཡིན་ལ། དེ་ནི་ང་རང་ཐེངས་དང་པོར་རླངས་འཁོར་ལ་བསྡད་པའང་ཡིན།དུས་སྐབས་དེ་ནི་ཀྲུང་གོའི་ལོ་རྒྱུས་སུ་བྱུང་བའི་རིག་གནས་གསར་བརྗེ་དང་མི་བཞི་ཤོག་ཁག་སོགས་ཀྱི་ནག་ཉེས་ལ་རྫོགས་ཤད་བྲིས་ཤིང་ལོ་རབས་བརྒྱད་ཅུ་པའི་ཉི་ཟེར་གཉོམ་པོ་མི་ཡུལ་ལ་འཕྲོས་མགོ་ཚུགས་མ་ཐག་རེད།རིག་གསར་གྱི་དུས་སྐབས་ནག་པོ་དེའི་ནང་ལ་མ་ཉེས་ཁག་གཡོགས་བྱས་པའི་སྐྱེས་ཆེན་དམ་པ་མང་པོར་འཐབ་རྩོད་ཀྱི་མནར་གཅོད་ཐེབས་པས་གཤེགས་ཤིང་། སྐོར་ཞིག་གི་ཚེ་སྲོག་བཙོན་གྱི་མུན་ནག་ལས་ཐར་ཏེ་ཕྱིར་ལོག་ཡོང་བའི་དུས་ལ་ཁེལ་འདུགམཱ་བླ་མའི་སྐུ་ཕྲེང་བདུན་པ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་ནི་མུན་ནག་ཁམས་ལ་ཚུད་དེ་མི་ལོ་ཉེར་གསུམ་འགོར་རྗེས་ཕྱིར་ཕེབས་པའི་ངེས་པ་དོན་གྱི་བླ་མ་ཞིག་ཡིན། བཙོན་ཁང་ནང་ནས་ཁོང་རེ་ཞིག་སྐུ་གཤེགས་ཏེ་འདས་ལོག་བརྒྱབ་ཚུལ་སོགས་ཁོང་གི་བཙོན་གྲོགས་ལ་ལས་གསུངས་པར་ཉན་ན། ཁོང་ནི་ཚེ་སྲོག་ལ་མངའ་བརྙེས་པའི་སྐྱེས་བུ་དམ་པ་ཞིག་ཀྱང་ཡིན་པར་སྣང་། ཁོང་ཉིད་བཙོན་གྲོལ་བཏང་རྗེས་མཚོ་བྱང་ཁུལ་མི་རིགས་ཆོས་ལུགས་སྡེ་ཁག་གི་འབྲེལ་ཡོད་མི་སྣ་དང་། མདོ་སྨད་སེམས་ཉིད་དགོན་པ་དང་འབྲུ་གུ་དགོན་པ། གསེར་ཁོག་དགོན་པ་བཅས་ནས་བསུ་མི་ཡང་ཡང་བཏང་ཡོང་ནའང་། ཁོང་གིས་ད་ནི་སློབ་མ་འགའ་བསྐྱང་རྒྱུ་ལས་དགོན་པར་མི་འགྲོ་གསུངས་ཏེ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་ཕེབས་པ་དེ་ནི་ངེད་ཅག་སྐལ་ལྡན་སློབ་བུ་སྐོར་ཞིག་གི་བསོད་ནམས་དང་བགོ་སྐལ་དུ་གྱུར་ཅིང་། ཁོང་གི་སྐུ་དྲུང་ནས་བོད་ཀྱི་བརྡ་སྤྲོད་རིག་པ་སྟེ་སུམ་རྟགས་དག་གསུམ་དང་སྙན་ངག མངོན་བརྗོད། རྩོམ་རིག ལོ་རྒྱུས་བཅས་སྦྱངས་པའི་སྐལ་བཟང་ཐོབ་པ་དང་། ཞོར་དུ་རྒྱ་ཡིག་དང་རྩིས་རིག་སོགས་ལོ་ལྔའི་རིང་ལ་སྦྱངས་ཏེ་སློབ་མཐར་ཕྱིན་རྗེས་བཤེས་གཉེན་ཁོང་གི་བཀའ་གསུང་སྤྱི་བོར་བླངས་ནས་ང་རང་སློབ་གྲྭ་དེ་ག་རུ་དགེ་རྒན་གྱི་ལས་ཀར་ཞུགས་པ་ཡིན། དེ་དང་མཚུངས་སུ་ཁོང་གི་དྲུང་ནས་མུ་མཐུད་དུ་བསྡུས་གྲྭ་སོགས་ལ་སློབ་གཉེར་བྱས་པ་དེས་ངའི་རིག་གནས་ཆུ་ཚད་ལ་རྨང་ཅུང་ཡག་པོ་ཞིག་འདིངས་ཐུབ་པ་བྱུང་། དེའི་རྗེས་སུ་སློབ་གྲྭ་ཆེན་མོའི་རྒྱུགས་ཚད་ལ་ཞུགས་པའི་རེ་བ་ཞུས་མོད། ཁོང་གིས་སློབ་གྲྭ་དེ་ལ་དགེ་རྒན་མཁོ་བས་རེ་ཞིག་སློབ་ཁྲིད་བྱོས་དང་། མ་འོངས་པར་སློབ་སྦྱོང་བྱེད་པའི་གོ་སྐབས་ཡོད་གསུངས། 1987ལོར་ཁུལ་མི་རིགས་དགེ་ཐོན་སློབ་གྲྭས་མངགས་བཀོད་ལྟར་ངས་མཚོ་སྔོན་ཞིང་ཆེན་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་སུ་ཧ་ལམ་ལོ་གཅིག་གི་རིང་ལ་ས་ཁུལ་དྲུག་གི་མི་རིགས་དགེ་ཐོན་སློབ་གྲྭའི་བོད་ཡིག་བསླབ་གཞི་བསྒྱུར་སྒྲིག་བྱས་པའི་ཡུན་ལ། ཆུ་ཚད་ཞན་པའི་སྡུག་བསྔལ་གྱིས་དྲག་ཏུ་བསྐུལ་ཏེ་ང་དེ་རུ་མ་བསྡད་པར་ཕྱིར་ཁོང་གི་སྐུ་དྲུང་ལ་སོང་ཞིང་སློབ་གྲྭར་འགྲོ་རྒྱུའི་རེ་བ་ཡང་ཡང་ཞུས་པ་ན། གྱ་བརྒྱད་ལོའི་སྟོན་ཁར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་གྲངས་ཉུང་ཚན་ཁག་ཏུ་མངགས། དེ་རུ་བཀའ་དྲིན་ཅན་གྱི་སློབ་དཔོན་དཔའ་རིས་སངས་རྒྱས་དང་ཨ་ལགས་དོར་ཞི། དཀོན་མཆོག་ཚེ་བརྟན། དཔའ་མཁར། ལྷ་མཆོག་རྒྱལ། པདྨ་འབུམ། ཁ་སྒང་བཀྲ་ཤིས་ཚེ་རིང་སོགས་ཀྱི་སྐུ་དྲུང་དུ་ལོ་གཉིས་ལ་ཟབ་སྦྱོང་བྱས་པའི་རྗེས་སུ་ཕྱིར་མཚོ་བྱང་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་ལོག་སྟེ་དཔེ་ཁྲིད་མི་སྐྱོང་གི་འགན་མུ་མཐུད་དུ་ཁུར་ནས་ལོ་ངོ་བཞི་འདས།ལོ་རབས་དགུ་བཅུ་པའི་སྟོད་ལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད། སློབ་གྲྭར་འགྲོ་ཁར་མཱ་བླ་མའི་སྐུ་མདུན་ལ་སོང་བ་ན། ཁོང་གིས་ཕྱག་ཡིག་ཅིག་བྲིས་ཏེ་ཨ་ལགས་དོར་ཞི་མཆོག་ལ་འབུལ་དགོས་ཞེས་བཀའ་གསུངས་པ་ལྟར་ངས་ཨ་ལགས་ལ་ཕུལ་བ་ན། ཁོང་གིས་གཟིགས་རྗེས་ང་ལ། མཱ་བླ་མས་ང་ལ་ཁྱོད་ཀྱི་གནས་ཚུལ་བརྗོད་དེ་བཅོལ་གདམས་བྱས་ཡོད་ཀི་གསུངས་བྱུང་། དེ་ནས་སློབ་གྲྭ་དེ་རུ་ཡང་བསྐྱར་ཨ་ལགས་དོར་ཞི་ཚང་དང་ཨ་ཁུ་དཔའ་རིས་སངས་རྒྱས་མཆོག དེ་མིན་དཀོན་མཆོག་ཚེ་བརྟན། ཁ་སྒང་བཀྲ་ཤིས་ཚེ་རིང་། ཆུ་སྐྱེས་དགེ་འདུན་བསམ་གཏན་སོགས་དགེ་བའི་བཤེས་གཉེན་ཆེན་མོ་དུ་མའི་ཞབས་པད་སྤྱི་བོར་བཏེགས་ཏེ་ཕྱི་ནང་གི་རིག་གནས་མང་པོ་ལ་རང་ནུས་ཅི་ལྕོགས་ཀྱིས་འབད་འབུངས་བྱས། སློབ་མཐར་ཕྱིན་ལ་ཉེ་དུས་མཱ་བླ་མ་མཆོག་གི་སྐུ་མདུན་ལ་སོང་བ་ན། ཁོང་གིས་ང་ལ། སློབ་མཐར་ཕྱིན་རྗེས་ས་ཆ་གང་ལ་སོང་ནའང་ཆོག་མོད། དགེ་རྒན་གྱི་ལས་གནས་ནས་ངེས་པར་འདུག་དགོས་ཞེས་བཀའ་ནན་གྱིས་བསྒོས་བྱུང་།སྤྱི་ལོ1997ལོར་རབ་འབྱམས་པའི་དམ་བཅའ་བཞག་རྗེས་སློབ་གྲྭ་དེ་རུ་དགེ་རྒན་གྱི་འོས་འགན་མི་ཐེག་ཀྱང་འཁུར་ཁུལ་བྱས་ཏེ་བོད་ཀྱི་བརྡ་སྤྲོད་རིག་པ་དང་ཚིག་རྒྱན་རིག་པ། རྩོམ་རིག་སོགས་སློབ་ཁྲིད་བྱས་པ་ཡིན། ད་སྔའི་བར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ“དགེ་རྒན་ཡག་པོ”དང“ཕུལ་བྱུང་འཛིན་བདག” “ཆེས་དད་སའི་དགེ་རྒན”སོགས་ཀྱི་བྱ་དགའ་འགའ་ཡང་ཐོབ་མྱོང་ཡོད།1999ལོ་ནས2000ལོའི་བར་ལ་ནུབ་བྱང་མི་རིགས་སློབ་ཆེན་དང་ཀུན་ཕན་ཐེབས་རྩ་ཚོགས་པས་མཉམ་འབྲེལ་གྱིས་མི་རིགས་སློབ་ཆེན་སོ་སོའི་དགེ་རྒན་སྐོར་ཞིག་ཀྲུང་གོ་ཚན་རྩལ་སློབ་གྲྭ་ཆེན་མོ་རུ་མངགས་པ་ལྟར་ལོ་གཅིག་གི་རིང་ལ་སློབ་ཆེན་དེ་རུ་རྩིས་འཁོར་གྱི་གཞུང་ལུགས་སྦྱངས་པ་ཡིན། 2004ལོ་ནས2005ལོའི་བར་ཏེ་ལོ་གཅིག་གི་རིང་ལ་པེ་ཅིན་དགེ་འོས་སློབ་གྲྭ་ཆེན་མོ་རུ་དེང་རབས་རྩོམ་རིག་དང་ལོ་རྒྱུས་སྐོར་ལ་སྦྱངས་པ་བྱས། 2014 ནས 2015ལོའི་བར་སི་ཁྲོན་སློབ་ཆེན་དུ་ཕྱི་ནང་གི་རྩོམ་རིག་གཞུང་ལུགས་དང་ལག་ལེན་བྱེད་ཐབས་སྐོར་ལ་སློབ་སྦྱོང་བྱས་པ་ཡིན་ནོ།།
གཉིས། རྩོམ་འབྲི་བའི་ལག་ལེན་དང་སྤྱི་ཚོགས་ཀྱི་འགན་འཁྲི།
ལོ་རབས་བརྒྱད་ཅུ་པའི་སྨད་ལ་ང་རང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་ཞུགས་ནས་ཟབ་སྦྱོང་བྱེད་པའི་སྐབས་དེར་ཨ་མཚར་གྱིས་གཙེས་ཏེ་རྩོམ་ཡིག་འབྲི་བའི་ས་བོན་བཏབ་པ་ཡིན། རྒན་དཔའ་རྩེ་ལགས་ཀྱིས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་རྒྱུན་བསྐྱངས་ཏེ་གཉེར་བཞིན་ཡོད་པའི་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གི《སྙན་ངག་ཚགས་པར》(ད་ལྟ་དུས་དེབ་ལ་བསྒྱུར་ཡོད)ཡང་སྐབས་དེར་འདེབས་མགོ་ཚུགས་མ་ཐག་པའི་སྒྱུ་རྩོམ་གྱི་དགའ་ཚལ་ཆུང་ཆུང་ཞིག་རེད། 《སྙན་ངག་ཚགས་པར》སྣུམ་དཔར་མ་དེའི་སྟེང་དུ་ངའི་སྙན་རྩོམ་གྱི་མེ་ཏོག་ཐོག་མ་འབུས་པ་ཡིན། བདེ་སྦྱིན་མ་ཞེས་པའི་པིར་མིང་དེ་ཡང་སྐབས་དེའི《སྙན་ངག་ཚགས་པར》རྩོམ་སྒྲིག་བྱེད་མཁན་གསར་བུ་ཚོས་བཏགས་པ་ཡིན། དེ་ནི་ཏག་ཏག་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་པའི་དགའ་ཚལ་ལ་གསེར་མདོག་གི་ལོ་རབས་བརྒྱད་ཅུ་པའི་ཉི་འོད་འཕོས་ཤིང་གཞོན་ནུ་ཕོ་མོའི་ལང་ཚོ་ཡི་མེ་ཏོག་རྣམ་པར་བཞད་པའི་བཟང་སྒང་ཡིན་ན་ཡང་། ངའི་ཤེས་ཚད་ཀྱི་རྨང་གཞི་སྲབ་ཅིང་བསམ་བློ་ཡི་རྒྱ་ཁྱོན་ཆུང་བའི་སྟབས་ཀྱིས་རང་ཉིད་ཀྱང་འབུས་མགོ་ཚུགས་པའི་མེ་ཏོག་གི་གང་བུ་ཆུང་ཆུང་ཞིག་ལས་མ་འདས།དེ་ནས་ལོ་གཉིས་ཀྱི་རྗེས་སུ་ང་རང་ཕྱིར་མཚོ་བྱང་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་ལོག་སྟེ་མུ་མཐུད་དུ་དགེ་རྒན་གྱི་ཕྱག་ལས་ལོ་ངོ་བཞི་ལ་འཕྲོ་བསྐྱངས་པ་ཡིན། དུས་སྐབས་དེ་ནས་བཟུང་ཁེར་རྐྱང་གི་ཚོར་བ་ཞིག་གིས་ངའི་སེམས་པ་ནམ་ཡང་སྐྱོ་བར་དྲུད་པ་དེས་ང་གསར་རྩོམ་གྱི་ལས་ལ་ནན་གྱིས་བསྐུལ་ན་ཡང་། ན་ཚོད་གཞོན་པ་དང་སྤྱི་ཚོགས་འཚོ་བའི་ཉམས་མྱོང་མེད་པ། རིག་གནས་ཆུ་ཚད་ཞན་པ་བཅས་ཀྱིས་ངའི་སེམས་འགྱུ་ཡོད་ཚད་ཡིག་ངོར་ཕབ་མ་ཐུབ་ཅིང་། གསར་རྩོམ་གྱི་ལས་ཀར་འབྲས་བུ་ཅི་ཡང་སྨིན་མ་ཐུབ་པ་དེ་ནི་སྒྱིད་ལུག་དང་རྣམ་གཡེང་གི་དབང་དུ་ཚུད་སོང་བས་ཀྱང་ཡིན་སྲིད། ལོ་རབས་དགུ་བཅུ་པའི་སྨད་ནས་བཟུང་གསར་རྩོམ་གྱི་ལས་ལ་ཡང་བསྐྱར་འཇུས་ཏེ་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་ཁ་ཤས་སྟེང་ལ་བརྩམས་ཆོས་ཐར་ཐོར་རེ་སྤེལ་མགོ་བརྩམས་པ་ཡིན།2000ལོར་ཀྲུང་གོ་ཚན་རྩལ་སློབ་ཆེན་དུ་རྩིས་འཁོར་སྦྱངས་པའི་སྐབས་དེར་རྩིས་ཚན་མ་ཤེས་པའི་སྡུག་བསྔལ་གྱིས་ལྷུག་རྩོམ་འབྲི་བར་སློབ་སྦྱོང་བྱས་པ་ཡིན། 《དཔྱིད་ཀྱི་དཔལ་མོ》ཞེས་པའི་ལྷུག་རྩོམ་ནི་སྐབས་དེར་བྲིས་པའི་ངའི་ལྷུག་རྩོམ་ཐོག་མ་ཡིན། དེ་དུས་ཀྱི་བསམ་ཚུལ་ནི། སློབ་སྦྱོང་བྱེད་པའི་ལོ་གཅིག་གི་དུས་ཡུན་དེ་གྲངས་རྩིས་མི་ཤེས་ནའང་དུས་ཚོད་བརླག་མི་རུང་སྙམ་བཞིན་རང་གི་མོས་པ་ལྟར་རྩོམ་འབྲི་རྒྱུར་སྦྱོང་བརྡར་བྱས་པ་ཙམ་ལས་རྩོམ་བྲིས་ཏེ་རང་རེའི་སྤྱི་ཚོགས་འདི་ལ་སྲི་ཞུ་བསྒྲུབ་རྒྱུའི་དྲན་ཚུལ་དེ་འདྲ་སྐྱེས་མ་མྱོང་། དྲང་མོར་བཤད་ན་ད་ལྟའང་དེ་འདྲའི་དམིགས་འདུན་ཆེན་པོ་མེད། ངས་འཇིག་རྟེན་མཐུན་འཇུག་གི་འཁོར་བ་བཟུང་བ་དེ་ཡུན་རིང་མ་འགོར་བར་སོ་སོར་ཐོར་བ་ནི་ངའི་མི་ཚེའི་ནང་གི་ཕམ་ཁ་ཞིག་ཡིན། ཕམ་ཁ་དེའི་དབང་གིས་ངས་དུས་ཡུན་རིང་བོ་རིང་བོ་ཞིག་ལ་ཉི་འོད་དང་མི་ཚོགས་ལ་གདོང་གཏོད་མ་ཕོད་པར་མ་ཟད། ཉིན་མོ་དང་མཚན་མོའི་གོ་ཕྱོགས་བཟློག་སྟེ་འཚོ་བ་རོལ་དགོས་པའི་གནས་སུ་གྱུར། དུང་ཞེན་ཟབ་མོས་རྨ་ཁ་ཟབ་མོ་བཟོ་ངེས་རེད་ཨང་། སྐབས་དེར་ང་ལ་འཕྲུལ་སྣང་མང་པོ་སྐྱེས་ཏེ་ལན་རེར་རང་ཉིད་ཀྱི་གམ་ན་རང་ཉིད་གཞན་ཞིག་ཉམ་ཐག་གེར་ལུས་འདུག་པའང་མཐོང་ཐུབ། ཞེད་པའི་འཕྲུལ་སྣང་དེ་དག་ལས་ཐར་ཆེད་ངས་ཉིན་མཚན་གོ་བཟློག་སྟེ་རྩོམ་འབྲི་བར་འབད་པ་བྱས་པ་ཡིན། དེ་བས་སྐབས་ཤིག་ལ་ངས་རྩོམ་འབྲི་བའི་དུས་སུ་ལུས་སེམས་ཧྲིལ་པོ་རང་ཉིད་ལ་མི་གཏོགས་པའི་སྣང་ཚུལ་ཀྱང་བྱུང་མྱོང་། ལན་རེར་སྤྲོ་ཤུགས་ཆེན་པོ་དང་ལན་རེར་སྐྱོ་གདུང་ཟབ་མོར་ལྷུང་སྟེ་ལུས་སེམས་ལ་རང་དབང་མེད་པར་གྱུར་བ་དེ་ནི་ཚ་ཡེར་བའི་མནར་གཅོད་ཅིག་རེད།ཐེངས་ཤིག་ངས་རང་གི་ཚོར་སྣང་དེ་གྲོགས་པོ་ལྗང་བུ་ལགས་ལ་བརྗོད་པ་ན་ཁོང་གིས་ལན་དུ། ད་ནས་བཟུང་ཁྱོད་རང་ཕྱིར་ལོག་དཀའ་ངེས་ཟེར། ཡིན་ན་ཡང་ངས་རྩོམ་དེ་ལྟར་འབྲི་མི་བསམས། རྩོམ་བྲིས་ནས་རང་ཉིད་ལ་དེ་ལྟར་མནར་གཅོད་གཏོང་མི་བསམས། དེའི་སྟབས་ཀྱིས་ངས་རྩོམ་འབྲི་བའི་ལས་ཀ་རེ་ཞིག་བཏང་སྙོམས་སུ་བཞག་པ་ཡིན།2003ལོར་སཱ་ཟྀ་ནད་ཡམས་ཆེན་པོ་རྒྱལ་ཡོངས་ལ་ཁྱབ་སྟེ་མི་སེམས་ཚ་ཚ་འུར་འུར་དུ་བསྒྱུར་བའི་དུས་དེར་ངའི་སེམས་ད་རུང་འཕྲུལ་སྣང་དང་སྐྱོ་གདུང་ལས་ཐར་ཐུབ་མེད་པས། འཆི་བ་ཞེས་པར་དེ་འདྲ་ཞེད་དགོས་དོན་མི་འདུག་སྙམ་བྱུང་། སྐབས་དེར་ནད་ཡམས་དེའི་དབང་གིས་སློབ་གྲྭའི་ཕྱི་རོལ་ལ་འགྲོ་ཚེ་སྒོ་སྲུང་བ་རྣམས་ལ་ཡར་ཞུ་བྱ་དགོས་ལ། ཁོ་ཚོའི་མིག་ཁ་ནས་ཧ་ལམ་མི་གཅིག་ཀྱང་ཐར་རྒྱུ་ཁག་པོ་ཡིན། ཡིན་ནའང་ང་དང་མགོན་པོ་འཚོ། བདེ་ཆེན་དབང་མོ་ངེད་ཅག་གིས“ཆེས་བདེ་འཇགས་མིན་པའི་ས་ནི་ཆེས་བདེ་འཇགས་ཀྱི་ས་ཡིན” ཟེར་ཞོར་ཐབས་ཤེས་འདྲ་མིན་འཐེན་ཅིང་ཕྱི་རོལ་ལ་འགྲོ་ཐབས་བྱས་ཏེ་རྒྱ་སྲང་གི་ཇ་ཁང་སོགས་སུ་ཁ་བརྡ་གློད་བསྡད་པ་ཡིན། དུས་སྐབས་དེར་ངའི་སེམས་ལ། སློབ་གསོ་མྱངས་ཏེ་ཡོན་ཚད་ཅུང་མཐོ་བའི་བོད་ཀྱི་བུད་མེད་རྣམས་ལན་རེར་འདི་ལྟར་ཕན་ཚུན་ངོ་ཤེས་པ་ནས་ཁ་བརྡ་བྱེད་པའི་ཁམས་དང་ཁོར་ཡུག་ཅིག་བསྐྲུན་ཐུབ་ན་ལེགས་སྙམ་པའི་བསམ་ཚུལ་སྐྱེས་ཡོང་ཞིང་། དམ་བཅའ་དེ་མ་ལྷོད་པར་ང་རང་པེ་ཅིན་དགེ་འོས་སློབ་ཆེན་དུ་ཡོད་དུས་བོད་ཀྱི་རྒྱང་སྒྲོག་པ་གྲགས་ཅན་ཨ་ཅེ་རིན་ཆེན་སྐྱིད་ལགས་དང་རྩོམ་སྒྲིག་པ་ཨ་ཅེ་ཁྲོས་མ་ཐར་ལགས། རིག་གཞུང་ཞིབ་འཇུག་པ་བདེ་སྐྱིད་སྒྲོལ་མ་ལགས།དེ་མིན་ཚེ་རིང་འོད་ཟེར་ལགས་དང་བདེ་ཆེན་དབང་མོ་ལགས། བྱང་མོ་མཚོ། ལུ་གུ་སྐྱིད་བཅས་དང་ཡང་ཡང་འཛོམས་ཤིང་སྐོར་ཚོགས་ཀྱིས་བོད་ཀྱི་སྤྱི་ཚོགས་སྣང་ཚུལ་དང་བུད་མེད་ཀྱི་གནས་བབ་སོགས་ལ་ཁ་བརྡ་མང་པོ་བྱས་པར་མ་ཟད། སློབ་སྦྱོང་གི་ཞོར་ལ《བཞོ་ལུང》ཞེས་པའི་བོད་ཀྱི་སྐྱེས་མ་ཚོ་ཐུན་མོང་ལ་དབང་བའི་སྙན་དེབ་ཐོག་མ་དེ་རྩོམ་སྒྲིག་བྱེད་པའི་འགན་ཁུར་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན། དེ་དུས་ངས་བོད་གངས་ཅན་པའི་ཡུལ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གྱིས་རབ་ཏུ་ཕྱུག་པའི་གནས་མཆོག་ཅིག་ཡིན་མོད། བོད་ཀྱི་སྐྱེས་མ་ཚོས་མཛེས་སྡུག་ངོ་མཚར་ཆེ་བའི་བརྗོད་བྱ་འདི་དག་གཞིར་བཟུང་སྟེ་རང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དང་འཚོ་བའི་ཉམས་མྱོང་སྨྱུག་ཁ་ནས་ཡིད་ཚིམ་པོ་ཞིག་འདོན་ཐུབ་མེད་པའི་གནས་ཚུལ་དེ་ཁོང་མོ་ཚོའི་བརྩམས་ཆོས་འཚོལ་སྡུད་བྱེད་པའི་གོ་རིམ་ཁྲོད་ནས་རྟོགས་པ་དེས་ང་ལ་ཕངས་སེམས་ཆེན་པོ་ཞིག་སྐྱེས་སུ་བཅུག་པར་མ་ཟད་འགན་འཁྲི་ཞིག་ཀྱང་བསྩལ་བྱུང་བས་ན། ལས་ཞོར་དུ་རང་སེམས་ཡང་བསྐྱར་གསར་རྩོམ་ལ་ཕྱོགས་ཏེ་བོད་ཁུལ་གྱི་དུས་དེབ་སོ་སོར་དངོས་སུ་སྙན་རྩོམ་དང་ལྷུག་རྩོམ་འཁོད་མགོ་བརྩམས་པ་ཡིན། དེ་དང་ཆབས་ཅིག་དམིགས་ཡུལ་ཡོད་པའི་སྒོ་ནས་རང་རེའི་སྐྱེས་མ་ཚོའི་བརྩམས་ཆོས་འཚོལ་སྡུད་བྱེད་པ་དང་ལྟ་ཀློག་བྱེད་པ། རྩོམ་སྒྲིག་བྱེད་པ། འགྲོ་གྲོན་བཙལ་བ། པར་སྐྲུན་བྱེད་པ་བཅས་ཀྱི་ལས་ཀར་འཇུས་ཤིང་། སྔ་གཞུག་ཏུ《བོད་ཀྱི་སྐྱེས་མའི་དཔྱད་རྩོམ་ཕྱོགས་བསྒྲིགས》དང《དེང་རབས་བོད་ཀྱི་སྐྱེས་མ་རྩོམ་པ་པོའི་དཔེ་ཚོགས》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པ་ཡིན།2004ལོའི་ཟླ་དང་པོ་ནས་བཟུང་ཨ་རིན་ལྕགས་རྒྱལ་འབུམ་སོགས་སློབ་བུ་སྐོར་ཞིག་གི་རོགས་རམ་ལ་བརྟེན་ནས《གངས་ཅན་སྐྱེས་མའི་ཚགས་པར》ཟེར་བ་ཞིག་གསར་དུ་བསྒྲུབས་པ་དང་། རྩོམ་སྒྲིག་པའི་འགན་ཁུར་ཏེ་གོ་ལ་ཧྲིལ་པོའི་ས་ཁུལ་དང་སྡེ་ཁག87ཙམ་ལ་འགྲེམས་སྤེལ་བྱས་པ་དེ་ཡང་བུ་མོ་རྣམས་ཀྱིས་སློབ་སྦྱོང་བྱེད་པའི་སྐབས་དང་བསྟུན་རྩོམ་འབྲི་བའི་ལག་ལེན་ལ་ཞུགས་པར་རང་ལ་དབང་བའི་གཤིན་ས་ཆུང་ཆུང་ཞིག་བསྐྲུན་པའི་ཆེད་དུ་ཡིན། གཤིན་ས་ཆུང་ངུ་དེ་བརྒྱུད་ནས《གངས་རྒྱན་མེ་ཏོག》དང《བྱང་ཐང》《ཟླ་ཟེར》《ཁྲིམས་ལུགས་ཚགས་པར》སོགས་དུས་དེབ་དང་ཚགས་པར་སྐོར་ཞིག་གི་སྟེང་ལ་བུད་མེད་དག་གི་བརྩམས་ཆོས་མུ་ནས་མུ་རུ་བཀོད་པ་དེས་ཀྱང་སྐྱེས་མ་དག་གི་བརྩོན་སེམས་ལ་ཡར་སྐུལ་གྱི་ནུས་པ་ཆེན་པོ་འཐོབ་བཞིན་ཡོད་སྙམ།2009ལོའི་དབྱར་ཁར། ལྷ་ས་ནས་ཚེ་རིང་དབྱངས་སྐྱིད་ལགས་དང་དཔལ་ལྷ་ལགས། མཐོང་སྨན་བདེ་ཆེན་སྒྲོལ་དཀར(འདས་ཟིན)ལགས། བཀྲས་གླིང་ཆུང་བདག་ལགས་དང་མཇལ་ཏེ་བོད་རིགས་སྐྱེས་མའི་སྤྱི་ཚོགས་ཀྱི་གནས་བབ་དང་གསར་རྩོམ་གྱི་འོས་འགན་སོགས་ལ་གླེང་མོལ་བྱས་པ་དང་། ཕྱི་ལོའི་སྟོན་ཁར་ཟི་ལིང་ནས་གསར་རྩོམ་གྱི་ལས་ལ་འཇུག་མཁན་གྲོགས་མོ་པདྨ་འཚོ་དང་མཁའ་མོ་རྒྱལ། འཇམ་དབྱངས་སྐྱིད། བོད་གཞུག་སྐྱིད། ཚེ་སྒྲོན་སྐྱིད་སོགས་ལ་གཏུག་ཅིང་རྩོམ་རིག་གསར་རྩོམ་གྱི་ཐད་ནས་གླེང་མོལ་བྱས་པ་བརྒྱུད་དེ་རང་སོ་སོས་འོས་འགན་རེ་ཁས་འཆེས་པར་མ་ཟད། འཆར་གཞི་ལག་བསྟར་བྱས་ཏེ་འགྲུབ་རྒྱུ་གཏན་ལ་ཕབ་པ་དེ་ནི་འགན་འཁྲི་དང་ཐུན་མོང་གི་ཁེ་ཕན་ཞིག་བསམས་པའང་ཡིན།2009ལོའི་ཟླ་དགུ་པར“སྲིན་མོ•བུད་མེད་དང་བྱིས་པའི་ཞབས་འདེགས་ཚོགས་པ” ཞེས་པ་བཙུགས་ཤིང་རང་འདུན་པ་བུད་མེད་བཅུ་ལྷག་གིས་མཚོ་སྔོན་དང་ཀན་སུའུ་ས་ཁུལ་དུ་སྔ་ཕྱིར་ཡུལ་ཚོ་དང་གྲོང་ཚོ་སུམ་ཅུ་ལྷག་དང་། སི་ཁྲོན་ས་ཁུལ་གྱི་ཇོ་དགོན་གཉིས་ལ་བུད་མེད་ཀྱི་བདེ་ཐང་འཕྲོད་བསྟེན་དང་མཚན་མའི་འགོ་ནད་སོགས་མོ་ནད་སྣ་ཚོགས་ཀྱི་འབྱུང་རྐྱེན་དང་སྔོན་འགོག་བྱེད་ཐབས་དང་གཙང་སྦྲ་བྱེད་ཐབས་ཀྱི་རྒྱུན་ཤེས་ཁྱབ་བསྒྲགས་བྱས་པར་མ་ཟད། དྭ་ཕྲུག་དང་འབྱོར་བ་ཞན་པའི་ཁྱིམ་ཚང་གི་བྱིས་པ་བསྡོམས་པས་ཉི་ཤུ་རྩ་གསུམ་ལ་སློབ་ཡོན་བཙལ་ཏེ་རོགས་སྐྱོར་བྱས(བྱིས་པ་དེ་དག་ལས་སྐོར་ཞིག་ད་ལྟ་སློབ་ཆེན་དུ་ཡོད)། དེ་དང་དུས་མཚུངས་སུ་ནུབ་བྱང་མི་རིགས་སློབ་ཆེན་དང་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ། ཀན་ལྷོ་ཁུལ་བསང་ཆུ་རྫོང་མི་རིགས་སློབ་འབྲིང་། ཕན་ཐོགས་ཐེབས་རྩ་ཚོགས་པས་དུས་ཐུང་ལ་བསྒྲུབས་པའི་སློབ་མ། མ་གཅིག་ཐེབས་རྩ་ཚོགས་པས་བསྒྲུབས་པའིSEP སློབ་མ། མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་། ར་རྒྱ་རྩྭ་ཐང་བུ་མོ་སློབ་གྲྭ་སོགས་སུ་བོད་ཀྱི་སློབ་མ་བུ་མོ་རྣམས་ལ་ཐེངས་མང་པོར་ཤེས་བྱ་རིག་གནས་སློབ་སྦྱོང་དང་། ཡ་རབས་ཀུན་སྤྱོད། རང་རྟོགས་རང་ཚུགས། འཇོན་ནུས་ཡར་བསྐྱེད། སྤྱི་ཚོགས་ལས་ཞུགས། སྐྱེ་ཁམས་ཆགས་ལུགས། ལུས་སེམས་བདེ་ཐང་། འཕྲོད་བསྟེན་རྒྱུན་ཤེས། གསར་རྩོམ་ལག་ལེན་སོགས་དང་འབྲེལ་ཡོད་ཀྱི་རྒྱུན་ཤེས་སྐོར་ཕྱོགས་སོ་སོ་ནས་མུ་འབྲེལ་ཏེ་རང་ནུས་ཡོད་ཚད་ཀྱིས་གསོ་སྦྱོང་དང་འཆད་ཁྲིད་བྱས་དང་བྱེད་བཞིན་ཡོད།ཉེ་བའི་ལོ་འདི་དག་གི་ནང་ལ། བུ་མོ་སློབ་གཉེར་པ་ཆར་རྗེས་ཀྱི་སྤང་ལ་ཤ་མོ་བཞིན་བརྡོལ་འོང་བ་དང་མཚུངས་སུ་རྩོམ་འབྲི་བའི་ལག་ལེན་ལ་ཞུགས་མཁན་སྐོར་ཞིག་དང་དེ་ཚོའི་བརྩམས་ཆོས་ཀྱི་གང་བུ་ཡང་བོད་ཀྱི་རྩོམ་རིག་དགའ་ཚལ་ནས་ག་ལེར་འབུས་མགོ་ཚུགས་པ་ནི་དགའ་འོས་པ་ཞིག་རེད། འོན་ཀྱང་སྒྱུ་རྩལ་དང་སྒྲ་དོན་གྱི་ཐད་ནས་བརྩམས་ཆོས་ལེགས་ཤོས་འཁྱོངས་ཡོད་པ་ད་རུང་ཧ་ཅང་དཀོན། ཐོག་མར་མིང་ཚིག་གི་སྡེབ་སྦྱོར་དང་ཚིག་རྒྱན་གྱི་སྤུད་སྟངས། མངོན་བརྗོད་ཀྱི་སྤྲས་ཐབས་སོགས་འོས་ཤིང་འཚམ་པའི་ཚིག་སྦྱོར་སྤེལ་ཐབས་ལ་སློབ་སྦྱོང་ཡག་པོ་བྱས་པ་བརྒྱུད་བོད་སྐད་རྣལ་མ་བཤད་སྲོལ་ལ་འབད་པ་ནས་སྒྱུ་རྩལ་མཚོན་ཐབས་དང་བརྗོད་བྱའི་སྙིང་དོན་གྱི་ཆ་ལ་ཁྱད་ཆོས་ལྡན་པར་འབད་དགོས་པ་ནི་སྨོས་མ་དགོས་པ་ཞིག་རེད། མི་སུ་ཡིན་ཡང་ཧོལ་རྒྱུགས་དང་ཨ་གསར་གྱི་རྣམ་པས་ལས་མཐའ་འཁྱོལ་དཀའ་བ་ཡིན་པས་ན། བུ་མོ་དག་ལ་ཐོག་མར་དཔེ་ཀློག་མང་པོ་བྱེད་པར་སྐུལ་མ་གཏོང་བར་དམིགས་ཏེ། 2010ལོ་ནས་བཟུང་ནུབ་བྱང་མི་རིགས་སློབ་ཆེན་དུ་བུ་མོ་སྐོར་ཞིག་ལ་སྣེ་ཁྲིད་ཀྱིས《གཟའ་ཉི་མའི་དཔེ་ཀློག》ཅེས་པའི་བྱེད་སྒོ་ཞིག་རྒྱུན་སྤེལ་བྱེད་བཞིན་ཡོད་པ་དེས་སློབ་ཆེན་པ་ཚོའི་དཔེ་ཀློག་ལ་སྐུལ་འདེད་ཀྱི་ནུས་པ་ཅུང་ཙམ་ཐོན་བཞིན་ཡོད་པར་མ་ཟད། རྩོམ་རིག་ལ་དུང་ཞེན་ཆེ་བའི་བུ་མོ་སྐོར་ཞིག་གི་རེ་བ་ལྟར་ཕྱི་ནང་གི་བརྩམས་ཆོས་ལེགས་ཤོས་མཁོ་འདོན་བྱེད་པ་དང་རྩོམ་འབྲི་བའི་ཐད་ནས་ཆེད་དུ་མཛུབ་སྟོན་དང་གསོ་སྐྱོང་བྱེད་པ་དང་མཐུན་རྐྱེན་བསྒྲུབས་པ་དེ་ནི་སློབ་བུ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱས་པ་བརྒྱུད་རང་གི་མཐོང་ཐོས་མྱོང་གསུམ་ལས་ཐོན་པའི་དགའ་སྐྱོ་དྲན་སྣང་ཡོད་ཚད་ཕ་སྐད་རྣལ་མའི་ལམ་ནས་ཡིག་ངོར་ཇི་བཞིན་འབེབས་པར་དམིགས་པའང་ཡིན།2012ལོ་ནས་བཟུང་མཚོ་སྔོན་སློབ་གསོ་ཐིང་བསླབ་གཞི་སྒྱུར་བཅོས་ལྟེ་གནས་ཀྱི་གྲོགས་མོ་མཁའ་མོ་རྒྱལ་དང་ལྷན་དུ་སྒེར་ངོས་ནས་མགོ་ལོག་ར་རྒྱ་རྩྭ་ཐང་བུ་མོ་སློབ་གྲྭ་རུ་ལོ་རེར”ལྕམ་སྲིང•ལྷུག་རྩོམ་འགྲན་སྡུར”ཞེས་པའི་བྱེད་སྒོ་སྤེལ་བཞིན་ཡོད་པ་དེ་ཡང་རྩོམ་རིག་གི་ལམ་ལ་ཞུགས་འདོད་ཆེ་བའི་བུ་མོ་ཚོར་རོགས་རམ་དང་སྐུལ་མ་གཏོང་ཆེད་ཡིན་ལ། བོད་ཀྱི་སྤྱི་ཚོགས་སྟེང་མཚན་སྙན་ཅུང་རྒྱས་བའི་སྐྱེས་པ་དང་དགེ་རྒན་སྐོར་ཞིག་གིས་ང་ལ་གདམས་པའི་ལས་འགན་ཡང་ཡིན།ལོ་འདི་དག་གི་རིང་ལ་སློབ་ཁྲིད་ཀྱི་ཞོར་དུ་རྩོམ་འབྲི་བ་དེ་རིམ་གྱིས་རང་གི་འཚོ་བའི་གྲུབ་ཆ་ཞིག་ལ་གྱུར་དང་འགྱུར་བཞིན་ཡོད་པར་མ་ཟད། ལན་རེར་གསར་རྩོམ་ལ་འཇུག་པའི་འདུན་པ་གནོན་དཀའ་བ་རེ་འཕྱུར་ཡོང་ན་ཡང་། ངས་ད་ལྟ་ཡང་རྩོམ་དེ་ལྟར་འབྲི་མི་བསམས། རྒྱུ་མཚན་ནི་ང་ལ་རྩོམ་འབྲི་བའི་ལྷན་སྐྱེས་ཀྱི་ཤེས་རབ་དམན་པས་དང་། ང་ལ་རྩོམ་འབྲི་བ་ལས་ཀྱང་ལྷག་པའི་ལས་ཀ་བསྒྲུབ་འོས་པ་གཞན་ཡོད་སྙམ་པས་ཡིན། འོན་ཀྱང་གོང་དུ་སྨོས་པ་ནང་བཞིན་ང་ཚོ་བུད་མེད་སྐོར་ཞིག་གིས་རང་རེའི་ཐུན་མོང་གི་ཁེ་ཕན་ཞིག་ལ་དམིགས་ཏེ་འོས་འགན་རེ་ཁས་འཆེས་ཡོད་པ་ནི་ལོ་གཉིས་གསུམ་གྱི་ནང་ལ་མི་རེ་ནས་བརྩམས་ཆོས་དེབ་རེ་བྲིས་ནས་ཚགས་སུ་ཆུད་རྒྱུ་དེ་ཡིན་ལ། ལོ་རེར་དེབ་ཕྲེང་རེ་པར་དུ་བསྐྲུན་རྒྱུའི་འཆར་གཞི་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྒང་ཡིན། ང་ཚོས་ལོ་གསུམ་ནས་ལྔའི་ནང་ལ་ལས་ཀ་དེའི་རྒྱུན་བསྐྱང་རྒྱུ་ཁས་འཆེས་ཡོད་པས་ང་རང་ཉིད་ཀྱང་ངེས་པར་གསར་རྩོམ་ལ་འཇུག་དགོས་པ་གཞིར་བཞག་ཡིན།ངས་ནི་དེ་ལྟར་ཆོལ་ཁ་གསུམ་པོའི་བུད་མེད་རྩོམ་འབྲི་བ་རྣམས་ཀྱི་གནས་ཚུལ་ལ་ཉམས་ཞིབ་དང་རྒྱུས་ལོན་བྱས་པ་བརྒྱུད་ཁོ་མོ་ཚོ་བག་འཁུམས་དང་རྣམ་གཡེང་གི་དབང་དུ་མི་ཚུད་པར་རྩོམ་འབྲི་བར་སྐུལ་ལྕག་དང་རོགས་སྐྱོར་བྱེད་པ་དང་། རྗེས་ཐོག་ཁོལ་མ་བྱས་ཏེ་རང་ནུས་ཡོད་ཚད་ཀྱིས་ཁོ་མོ་ཚོར་མཐུན་རྐྱེན་སྦྱོར་འོས་པའི་འདུ་ཤེས་ཀྱིས་བསྐུལ་ནས། ལོ་རེར་བུད་མེད་ཚོའི་དཔེ་ཚོགས་རེ་པར་སྐྲུན་བྱེད་པར་སྒེར་ངོས་ནས་དཔེ་སྐྲུན་ཁང་སོ་སོར་འབྲེལ་གཏུག་བྱེད་པ་དང་འགྲོ་གྲོན་བཙལ་བ་སོགས་ཀྱི་ལས་ལ་འཇུ་དོན་ནི་བོད་ཀྱི་དེང་རབས་སྤྱི་ཚོགས་འདིར་བུད་མེད་རྩོམ་པ་པོའི་དཔུང་སྡེ་ཅུང་ཡག་པོ་ཞིག་ཆགས་པའི་རེ་བ་བདོག་པ་ཡིན་ལ། རང་གིས་བསྒྲུབ་འོས་པའི་ལས་ཀ་ཞིག་ཏུ་བརྩིས་པའང་ཡིན།འོན་ཀྱང་རང་ལ་མཚོན་ན། ལོ་རབས་དགུ་བཅུ་པ་ནས་ད་ལྟའི་བར་དུ་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སོ་སོའི་སྟེང་ལ་སྙན་ངག་དང་ལྷུག་རྩོམ་སོགས་བརྩམས་ཆོས་བརྒྱ་ཕྲག་ཙམ་ཡང་བཀོད་མྱོང་མེད་ལ། དངོས་སུ་པར་སྐྲུན་བྱས་པ《དྲག་ཏུ་ལྡིང་བའི་ཡིག་འབྲུ་འདི་དག》ཅེས་པའི་སྙན་ངག་གི་དེབ་ཅིག་དང་། 《དཔྱིད་ཀྱི་དཔལ་མོ》ཞེས་པའི་ལྷུག་རྩོམ་གྱི་དེབ་ཅིག་ལས་མེད་པ་ནི་གཙོ་བོ་རང་གི་ཤེས་རབ་དམན་པ་དང་ཡོན་ཚད་ཞན་པས་ཡིན་སྲིད། ལྡོང་བུ་ལགས་ཀྱི་རྩོམ་བརྡ་དེའི་ནང་། རྒྱལ་ཁབ་ཕྱི་ནང་གི་དཔེ་དེབ་གང་གང་བཀླགས་མྱོང་ཚུལ་དང་རྩོམ་པ་པོ་སུ་སུའི་ཤུགས་རྐྱེན་ཐེབས་ཚུལ། གཞུང་ལུགས་དང་ལག་ལེན་ཇི་ལྟར་ཟུང་དུ་སྦྲེལ་ཚུལ་སོགས་དྲི་བ་དུ་མ་བཏོན་ཡོད་མོད། ང་ལ་མཚོན་ན། སྤྱིར་སློབ་གྲྭར་ཞུགས་འཕྱི་བའི་ཁར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གོ་རིམ་ལྡན་པ་ཞིག་འགྲིམས་མྱོང་མེད། ངས་སློབ་གསོ་ཅུང་ཚད་ལྡན་དང་སྔ་གཞུག་ཆ་ཚང་བ་ཞིག་མྱངས་པ་ནི་མཚོ་བྱང་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་རུ་ལོ་ལྔའི་རིང་ལ་སློབ་སྦྱོང་བྱས་པ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་ལོ་གསུམ་གྱི་རིང་ལ་ཞིབ་འཇུག་བཏོན་པ་སྟེ། ཁྱོན་བསྡོམས་ལོ་བརྒྱད་པོ་དེའི་རིང་ཡིན་ལ། སྐབས་དང་སྐབས་སུ་ཟབ་སྦྱོང་བྱས་པའང་བརྩིས་ན་ལོ་ངོ་བཅུ་ཁ་ཙམ་ལས་མེད་པས། དེང་སང་གི་སློབ་གསོའི་འགྲོ་ཕྱོགས་ལྟར་སློབ་ཆུང་ནས་སློབ་འབྲིང་དང་དེ་ནས་སློབ་ཆེན་སོགས་གོ་རིམ་ལྡན་པའི་སློབ་གྲྭ་ཆ་ཚང་ཞིག་འགྲིམས་མྱོང་མེད། དེའི་སྟབས་ཀྱིས་ངས་སློབ་ཁྲིད་བྱེད་པ་དང་རྩོམ་འབྲི་བར་གཟབ་ནན་ལྡབ་འགྱུར་གྱིས་བྱེད་དགོས་པ་ནི་སྨོས་མི་དགོས་ལ། དཔེ་ཀློག་མང་པོ་དང་སློབ་སྦྱོང་ཡག་པོ་བྱེད་དགོས་པའང་སྨོས་མི་དགོས་པ་ཞིག་ཡིན།
གསུམ། དཔེ་ཀློག་གི་བློ་བསྐྱེད་དང་གསར་རྩོམ་གྱི་མྱོང་ཚོར།
རྩོམ་བརྡ་དེ་ལ་བརྟེན་ནས་ཞིབ་འདང་ཞིག་བརྒྱབ་ན། ངས་འཛམ་གླིང་གི་རྩོམ་པ་པོ་གྲགས་ཅན་དུ་མའི་བརྩམས་ཆོས་བཀླགས་པ་ལས། ང་ལ་ཤུགས་རྐྱེན་ཐེབས་མཁན་གཙོ་བོ་ནི། “ཨུ་རུ་སུའི་སྙན་ངག་གི་ཟླ་བར” འབོད་པའི་ཨག་མ་ཐོ་ཝ(Akhmatova)ལགས་ཡིན་སྲིད།དེ་ཡང་སྐྱེས་པའི་རབས་ལས། “ཐབས་ཤེས་མན་ངག་སྟོན་པ་གྲོགས་ཀྱི་མཆོག”ཅེས་པ་ལྟར། ངའི་མི་ཚེའི་ནང་དུ་ཕ་མ་དང་དགེ་བའི་བཤེས་གཉེན་རྣམ་པ་ལས་གཞན་ད་དུང་གྲོགས་པོ་མང་པོ་ཞིག་གི་ཐུགས་ཁུར་དང་བརྩེ་བ། རྒྱབ་སྐྱོར་ཐོབ་ཡོད། དེ་བས་ངས་ནམ་ཡང་སེམས་ཁོང་ནས་ཁོང་ཚོ་ལ་བཀའ་དྲིན་ཞུ་བཞིན་ཡོད། དེ་དག་ལས་ང་རང་རྩོམ་འབྲི་བའི་ལམ་ལ་འཇུག་མཁན་ནམ་ངའི་རྩོམ་རིག་གི་ལམ་སྟོན་པ་ནི་གྲོགས་པོ་ལྗང་བུ་ལགས་ཡིན།ཐེངས་ཤིག་ཁོང་གིས་ང་ལ་དཔེ་དེབ་འགའ་ཉོས་ཤིང་དེབ་རེ་རེའི་ཤོག་ངོས་དང་པོར་རང་གི་སྐད་ཆ་ཚིག་རེ་བྲིས་ཏེ། “འདི་དག་བཞེས་དང་། བདུད་རྩི་ཡིན” ཟེར་བྱུང་། དཔེ་ཆ་དེ་དག་གི་ནང་ན་ཨག་མ་ཐོ་ཝ་ཡི་སྙན་ངག་གི་དེབ་ཅིག་ཀྱང་ཡོད། དཔེ་དེབ་དེས་ང་ལ་གནང་བའི་མྱོང་ཚོར་ཐོག་མ་ནི་ལ་རྒྱ་རེད། བུད་མེད་ཀྱི་ལ་རྒྱ་དང་མི་རིགས་ཀྱི་ལ་རྒྱ་རེད། འོན་ཀྱང་སྐབས་དེར་ང་གསར་རྩོམ་ལ་གཞོལ་བའི་འདུན་པ་ད་དུང་དྲག་ཏུ་བསླངས་མ་བྱུང་།
དེའི་རྗེས་སུ་ངས་ཏུ་ར་སི(Marguerite Duras)ཡི《དགའ་རོགས》སོགས་དཔེ་ཆ་སྐོར་ཞིག་ཉོས་མོད།《དགའ་རོགས》ལ་ཞིབ་མོར་བལྟས་མ་མྱོང་། སྙན་ངག་གི་སྐོར་ནས་གཙོ་བོ་ཕ་ཟི(Octavio Paz)ཡི《རྡོ་ཉི་མ》དང་རེལ་ཁི(Rainer Maria Rilka)ཡི《གཟིག》སོགས་དང་། སྒྲུང་རྩོམ་གྱི་སྐོར་ནས་མོ་རི་སོན(Toni Morrison)གྱི《ཆེས་མཐིང་མདོག་གི་མིག》དང་། ཁབ་ཁ(Franz Kafka)ཡི《གཟུགས་འགྱུར་ཟིན་ཐོ》ཁ་མུའུ(Albert Camus)ཡི《བྱི་ཡམས》མར་ཁེ་ཟི་ཡི《ལོ་བརྒྱའི་ཁེར་ཧྲེང》ཧཱ་ལའེ་ཡི《རྩད་པ》སོགས།ལྷུག་རྩོམ་གྱི་སྐོར་ནས་བྷོ་ཏི་ལེར་གྱི《སྤྲང་པོའི་མིག་མདངས》སོགས་ཡོད། དེ་མིན་འཛམ་གླིང་སྤྱི་ཚོགས་ཀྱི་གནད་དོན་བརྗོད་པའི་བརྩམས་ཆོས་ཀྱི་སྐོར་ནས་མུའེ་ཡོན་མིང(梅原孟)གི《ནགས་ཚལ་གྱི་བསམ་བློ》དང་། ལྭ་ཟི་ལོ་ཡི《འགྱུར་ལྡོག་ཆེན་མོ》 ཏ་ཨི་ས་ཁུ་ཨ་ཁེ་ཏ་སོགས་ཀྱིས་མཛད་པའི《དུས་རབས་ཉེར་གཅིག་པར་ལྟ་བ》སོགས་བཀླགས་པ་དེས་ང་རང་ཞེད་སྣང་དང་སྐྱོ་གདུང་ལ་ཚུད་པར་བཟོས་མྱོང་། བརྩམས་ཆོས་ཕྱི་མ་དེ་དག་གི་དགོངས་དོན་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལྷོ་ནུབ་སྲིན་པོའི་ཡུལ་ནས་བསྐུར་བའི་འཕྲིན་ཡིག་ཅེས་པའི་དགོངས་དོན་དང་ཡོངས་སུ་མཚུངས་ཤིང་མིའི་རིགས་ཀྱིས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་རྟེན་ཅིང་འབྱུང་བའི་ཆོས་ཉིད་ལ་གཏོར་བརླག་བྱས་པ་དང་བསྟུན་ཏེ་རང་བྱུང་ཁམས་ལ་གནོད་འཚེ་ཆེན་པོ་འབྱུང་སྟེ་འཇིག་པ་དང་། དཔལ་ཡོན་རིག་གནས་ཀྱི་ཉམས་རྒུད། རིགས་རྒྱུད་བར་གྱི་བཙན་གཉོམ་དང་གཉའ་གནོན་འོག་ཏུ་རང་དབང་ཤོར་བའི་སྡུག་བསྔལ་སོགས་མདོར་བསྡུས་ན་མིའི་རིགས་ཀྱི་བདེ་སྡུག་ཐམས་ཅད་མ་འོངས་ལུང་བསྟན་གྱི་ཚུལ་གྱིས་ལྷུག་གེར་བརྗོད་ཡོད། བརྩམས་ཆོས་དེ་དག་བཀླགས་པ་བརྒྱུད་ནས་དུས་ཡུན་རིང་བོ་ཞིག་ལ་ང་རང་གི་སེམས་པ་འཇིག་ཉེན་ལས་ཐར་དཀའ་བའི་སྣང་ཚུལ་ཞིག་གིས་གཟིར་ཏེ་སྡོད་མི་ཚུགས་པའི་གནས་སུ་ལྷུང་སྟབས། ཐེངས་ཤིག་ཨ་ལགས་དོར་ཞི་ལགས་ལ་ཞུས་པ་ན། 《ལམ་རིམ་ཆེན་མོ》དང《སྐྱེས་རབས་སོ་བཞི》སོགས་ལ་ལྟོས་ཞེས་བཀའ་གསུང་གནང་། ལན་རེར་ངས་མི་ནག་གི་གླུ་མ་ཧུ་སི་ཐོན(Whitney Houston)གྱིས་བླངས་པའི《བརྩེ་བ་ལ་ཕ་མཐའ་མེད》དང《བདག་སེམས་ནམ་ཡང་ཁྱོད་ལ་ཕྱོགས་ཡོད》ཅེས་པ་གཙོར་བྱས་ཏེ། གླུ་མ་ཨེན་ཡ(Enya)དང་ཁཱ་རེ(Mariah Carey)སོགས་ཀྱི་འགྱུར་ཁུགས་དང་བརྩེ་བ་འཁོལ་བའི་གླུ་དབྱངས་དག དེ་མིན་ད་རུང་བླ་སྲོག་དང་རུས་གསེང་ལ་ཚ་གཟེར་སྟེར་བའི་མི་ནག་གི་རོལ་དབྱངས(Blues)ཁ་ཤས་དང་། མི་སེམས་བཟི་བར་བྱེད་པའི་སཱ་ཁི་ཟི(Sax)རོལ་དབྱངས་སྐོར་ཞིག་ལ་ཉན་པ་ཡིན་ལ། དེ་དག་གིས་སྨྲ་བསམ་བརྗོད་འདས་ཀྱི་སེམས་ཁམས་དང་ཚོར་འདུ་བསྐྲུན་པས་ཡིན་སྲིད། དེ་ནས་བཟུང་ངས་རྩོམ་གྱི་ལམ་ནས་རང་ཉིད་ཀྱི་སེམས་ཁམས་མཚོན་པའི་རྒྱུན་བསྐྱང་རྒྱུ་དང་རྩོམ་འབྲི་རྒྱུ་ནི་རང་ཉིད་ཀྱི་འཚོ་བའི་གྲུབ་ཆ་ཞིག་ཏུ་ཆགས་པར་བཟོས་པ་དེ་ནི་བདེ་སྐྱིད་ཅིག་ཡིན་ལ་སྡུག་བསྔལ་ཞིག་ཀྱང་རེད། བདེ་སྐྱིད་དམ་སྡུག་བསྔལ་གང་ཡིན་བརྗོད་དཀའ་བ་དེ་དག་གིས་ངའི་སེམས་ཁོང་གི་ཉེན་ཚབས་དང་སྐྱོ་སྣང་ཇེ་ཆེར་བསྒྱུར་ངེས་ན་ཡང་། དེ་དག་ངའི་ལམ་བྲོ་ཡིན་པས་བྱོལ་མི་བསམས།སྔོན་ཆད་ངས་རྩོམ་འབྲི་བར་གཞུང་ལུགས་ངེས་ཅན་སྦྱང་བའི་དགོས་པ་ཆེར་མེད་སྙམ་མྱོང་བ་དེ་ནི་བསམ་མ་ཤེས་པའི་གླེན་རྟགས་དང་ནོར་འཁྲུལ་ཞིག་ལས་མ་འདས། བསམ་ཚུལ་དེ་འདྲ་ད་ལྟའི་གཞོན་སྐྱེས་རྣམས་ལའང་ཡོད་ངེས་ཡིན་མོད། རྩོམ་འབྲི་རྒྱུ་དེ་ནི་ང་རང་ལོ་བཅུ་ལྷག་ཡིན་དུས་འབྲོག་མོ་དར་མ་ཞིག་གི་ལས་ཀ་ཡོད་ཚད་ལས་ཐུབ་པ་དང་གཏན་ནས་མི་འདྲ། བརྩམས་ཆོས་ཡག་པོ་ཞིག་མགར་བསམ་ན། ཐོག་མར་དཔེ་ཀློག་མང་པོ་བྱས་པ་བརྒྱུད་ལོ་རྒྱུས་རིག་པ་དང་མཚན་ཉིད་རིག་པ། མཛེས་རྩལ། སེམས་ཁམས་རིག་པ། རྩོམ་རིག་སྒྱུ་རྩལ་གྱི་གཞུང་ལུགས་སོགས་ལ་སློབ་སྦྱོང་ཡག་པོ་བྱེད་དགོས་པར་མ་ཟད། སྤྱི་ཚོགས་འཚོ་བའི་ཉམས་མྱོང་བསྡུ་གསོག་བྱེད་པའམ་ཟབ་མོ་ཆགས་རྒྱུ་གཙོ་བོ་ཡིན་པར་འདོད། དེ་ལ་བརྟེན་ན་བསམ་གཞིག་དང་བློ་སྦྱོང་ངམ་ཡང་ན་གནས་ལུགས་ཀྱི་ཧ་གོ་ཞིང་དོན་རྟོགས་པའི་ཚད་མཐོན་པོར་སོན་ཐུབ་པས་ཡིན། དེ་མིན་ཚེ་ཐ་ན་སྒྲ་དོན་གྱི་ཐད་ནས་ཀྱང་ཐོད་བརྒལ་འབྱུང་མི་ཐུབ། དེང་སང་བོད་ཀྱི་རྩོམ་སྟེགས་སུ་ཧ་ལས་དགོས་པའི་བརྩམས་ཆོས་དཀོན་པ་ཡང་ང་ཚོས་དཔེ་ཀློག་དང་སློབ་སྦྱོང་ཡག་པོ་བྱེད་མ་ཐུབ་པས་ཡིན་སྙམ་སྟེ། མགར་བྱེད་པར་ལག་ཆ་དང་ལག་རྩལ་གྱིས་མ་འདང་བས་ཡིན་སྙམ། ཐ་སྙད་ཀྱི་མུ་ཏིག་མང་པོ་ཚིག་ཕྲད་ཀྱི་སྲད་བུ་རིང་བོར་བརྒྱུས་ཐུབ་པ་ཙམ་གྱིས་གཏན་ནས་མི་ཆོག དེར་བརྟེན། ངས་རྩོམ་ཡིག་ཐར་ཐོར་རེ་བྲི་བ་ཡང་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་ཅི་ནུས་ཀྱིས་ཐོ་རུ་འགོད་པ་ཙམ་ལས་ཅི་ཡང་མིན་བསམ་ཡོད།
བཞི། སྐྱེས་མ་ཚོའི་མདུན་ལམ་དང་རྩོམ་རིག་གི་འཕེལ་ཕྱོགས།
དྲང་མོར་བཤད་ན། རང་རེའི་སྤྱི་ཚོགས་སུ་ལོ་རབས་བརྒྱད་ཅུ་པར་རྩོམ་རིག་གསར་པའི་གཤིན་ས་འཁྲུངས་པ་ནས་བརྩམས་ཆོས་སྣ་ཚོགས་ཀྱི་མེ་ཏོག་རྒྱས་པའི་ནང་དུ་བུད་མེད་རྩོམ་པ་པོས་བཏབ་པའི་བརྩམས་ཆོས་ཀྱི་མྱུ་གུ་འབུས་པ་ཤིན་ཏུ་ཉུང་། རྒྱུ་མཚན་ནི་དུས་སྐབས་དེ་དང་ལོ་ཟླ་དེའི་ནང་ལ་བུ་མོ་སློབ་གཉེར་པ་ཤིན་ཏུ་དཀོན་པས་ཡིན་སྲིད། བརྩམས་སྒྲུང《རྩྭ་ཐང་གི་ཉིན་ཐོ》ཞེས་པའི་ནང་གི་སྒྲོལ་དཀར་དང《དངུལ་གྱི་སོར་གདུབ》ཅེས་པའི་ནང་གི་མཁའ་འགྲོ་སྟེ་མི་སྣ་གཙོ་བོ་དེ་གཉིས་ཀྱིས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་བུ་མོ་ཚོའི་གནས་བབ་ངོ་མ་མཚོན་ཡོད། ལོ་ཟླ་དེར་སྒྲོལ་དཀར་དང་མཁའ་འགྲོ་ལྟ་བུ་མང་བའི་རྐྱེན་གྱིས་བོད་ཡིག་གི་ལམ་ནས་རྩོམ་འབྲི་བའི་བུད་མེད་བོད་ཁུལ་ཡོངས་ལ་བཙལ་ནའང་གྲངས་ཀ་བཅུ་བགྲང་དཀའ་བའི་གནས་སུ་གྱུར་འདུག མ་ཟད་བརྩམས་ཆོས་ཀྱི་ཐད་ནས་གླེང་རིན་ཡོད་པ་ཞིག་ལ《རྩྭ་ཐང་གི་ཉིན་ཐོ》ལས་ཧ་ལམ་མེད། དེ་ནི་བུ་མོ་ཚོས་སློབ་གསོ་མྱངས་པ་འཕྱི་བས་ཀྱང་ཡིན་སྙམ།ལོ་རབས་དགུ་བཅུ་པའི་སྨད་ནས་བཟུང་རང་རེའི་སྤྱི་ཚོགས་སུ་བུ་མོ་སློབ་གྲྭར་གཏོང་བའི་འདུ་ཤེས་ཆགས་ཤིང་ལོ་རེར་སློབ་ཆེན་སོ་སོར་ཞུགས་པའི་བུ་མོའི་གྲངས་ཀ་ཡུན་གྱིས་འཕར་བ་དང་བསྟུན་རྩོམ་འབྲི་བ་ལ་སྦྱོང་བརྡར་བྱེད་པའང་མེད་པ་ནས་ཡོད་པར་གྱུར་ཏེ་བརྩམས་ཆོས་ཐར་ཐོར་རེ་བྱུང་མོད། ལོ་རབས་དེར་བོད་ནང་དུ་དཔེ་སྐྲུན་བྱས་པའི་རྩོམ་རིག་གི་དཔེ་དེབ《བྱུ་རུའི་ལས་དབང》ཁོ་ན་ལས་མེད།དུས་རབས་ཉེར་གཅིག་པ་ཚེས་ཚུན་ནས་བཟུང་སྟེ་རང་རེའི་སྤྱི་ཚོགས་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་བ་ནི། ཞིང་འབྲོག་ས་ཁུལ་གྱི་མང་ཚོགས་ཁྲོད་དུ་བུ་མོ་རྣམས་སློབ་གྲྭར་གཏོང་མཁན་བླ་ལྷག་གིས་ཇེ་མང་ལ་སོང་བར་མ་ཟད། ཕོ་མོ་འདྲ་མཉམ་གྱི་སློབ་གསོ་མྱང་རྒྱུ་དང་བུད་མེད་ལ་བརྩི་མཐོང་བྱེད་པའི་རྟོགས་པ་ཡུན་གྱིས་སད་པ་དེ་རེད། སྣང་ཚུལ་དེ་དང་བསྟུན་ནས་བོད་ཀྱི་རྩོམ་སྟེགས་སུ་བུད་མེད་ཀྱི་བརྩམས་ཆོས་ཀྱང་ཇེ་མང་ལ་སོང་ཞིང་རྒྱལ་ནང་དུ་ཕ་སྐད་ཀྱི་ལམ་ནས་བརྩམས་པའི་དཔེ་དེབ་བྱུང་བ་དཔེར་ན《སྙན་ངག་གི་མིག་ཆུ》དང་།《སྐྱོ་སྣང་གི་ཟློས་གར》《རི་རྩེའི་སྤྲིན་དཀར》《ཐོག་མའི་འདུ་ཤེས》《ཆར་ཟམ་ཟིམ། སྨུག་ལང་ལོང》《བུམ་ནང་གི་མེ་ཏོག》《ཟ་མ་མོའི་སྐྱིད་སྡུག་གངས་མ་ཆར》སོགས་རྩོམ་ལུས་མི་འདྲ་བའི་དཔེ་དེབ་སྐོར་ཞིག་དངོས་སུ་པར་སྐྲུན་བྱས་པ་དང་། ད་རུང《སྐྱེད་ཡུམ》དང་།《གངས་རིའི་བུ་མོ》《ས་མཐོའི་མྱུ་གུ》《མ་ཡུམ་མགུལ་རྒྱན》《གངས་ཅན་སྐྱེས་མའི་ཚགས་པར》སོགས་དུས་དེབ་དང་ཚགས་པར་སྐོར་ཞིག་མུ་རུ་ཐོན་པ་དེས་ཀྱང་བུད་མེད་རྩོམ་འབྲི་མཁན་ཇེ་མང་ལ་འགྲོ་བཞིན་ཡོད་པ་མཚོན་ཐུབ། ཡིན་ན་ཡང་སྐྱེས་པ་དང་བསྡུར་ན་བུད་མེད་རྩོམ་འབྲི་མཁན་ད་རུང་ཧ་ཅང་ཉུང་།མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་ལགས་ཀྱིས་བཤད་ན། རྒྱ་མི་དང་མི་རིགས་གཞན་པའི་ནང་ནའང་བུད་མེད་རྩོམ་འབྲི་མཁན་ཧ་ཅང་ཉུང་ཟེར། དེ་ལ་བལྟས་ན་བོད་མོ་རྩོམ་པ་པོ་ཉུང་བ་བོད་ཀྱི་གནས་ཚུལ་ཁོ་ན་མ་རེད། སྤྱི་ལོ་ཉིས་སྟོང་བཅུའི་ཚུན་ལ་རྒྱལ་ནང་གི་བོད་མོ་ཚོས་བོད་ཡིག་གི་ལམ་ནས་བྲིས་པའི་དཔེ་དེབ་ཀྱི་གྲངས་ཀ་ཇེ་མང་ལ་འགྲོ་བཞིན་ཡོད་དེ།《ཕྱུར་བ》《དྲག་ཏུ་ལྡིང་བའི་ཡིག་འབྲུ་འདི་དག》《ཟླ་བའི་རྨི་ལམ》《རྩྭ་ཐང་གི་བརྩེ་བ》《མི་ཚེའི་འགྲུལ་བཞུད》《ཁ་བའི་རྣ་ཆ》《སེམས་པ་བཞུད་པའི་དབྱངས》《བོད་པའི་བུ་མོ》《དཔྱིད་ཀྱི་དཔལ་མོ》《ཨ་མའི་བཞོ་ཟེའུ》《བྱུར་དམར་འཁྲི་ཤིང》《སྐྱ་རེངས》《ཆུའི་ལང་ཚོ》《ཞེན》《མེ་ཏོག་དང་རྨི་ལམ》སོགས་དངོས་སུ་པར་སྐྲུན་བྱས་ཡོད་ལ། ད་རུང་དཔེ་དེབ་སྐོར་ཞིག་ཐོན་ལ་ཉེ།2014ལོའི་ཟླ་བཅུ་པར་བོད་རིགས་བུད་མེད་སྐོར་ཞིག་གིས་ཕ་སྐད་ཀྱི་ལམ་ནས་བྲིས་པའི་རྩོམ་རིག་གི་དཔེ་ཚོགས་ཐོག་མ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་རྗེས། ལོ་སྨད་ལ་ཟི་ལིང་ནས་དཔེ་སྐྲུན་མཛད་སྒོ་སྤེལ་བའི་ཕྱི་ཉིན་ངེད་ཅག་གིས་དུས་ཐོག་ཆར་འབབ་ཀྱི་ཚུལ་གྱིས་ཐབ་ཚང་ཞེས་པའི་སྐད་འཕྲིན་གྱི་ཚོམས་ཤིག་བཟོས་ཤིང་རྩོམ་འབྲི་བའི་བུད་མེད་རྒན་པ་ཚོའི་སྣེ་ཁྲིད་དང་མཛུབ་སྟོན་ལ་བརྟེན་ནས་བོད་ནང་ཁུལ་ནས་གསར་རྩོམ་ལ་འཇུག་པའི་བུ་མོ་ལྔ་བཅུ་ལྷག་གིས་སྐད་འཕྲིན་གྱི་རྩོམ་སྟེགས་དེ་བརྒྱུད་ནས་ཕན་ཚུན་གླེང་མོལ་དང་སློབ་སྦྱོང་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་དཔེ་དེབ་ཡག་ཤོས་ངོ་སྤྲོད་བྱེད་པ་དེས་དཔེ་ཀློག་དང་རྩོམ་འབྲི་བར་སྐུལ་མ་ཅུང་ཆེན་པོ་ཐོབ་ཡོད་ཅིང་། འཕྲིན་སྟེགས་སུ་རྩོམ་ཡིག་གང་མང་བཀོད་ཅིང་སྤྱི་ཚོགས་ལ་ཕྱོགས་ཏེ་སྐྱོན་བརྗོད་དང་གདེང་འཇོག་གང་རུང་བྱེད་པར་གདོང་གཏད་པ་དེས་ཀྱང་ང་ཚོ་ཡར་ལ་བསྐུལ་པ་དང་གོང་དུ་འཕེལ་བར་ནུས་པ་བསྐྱེད་ཡོད་པས། བརྩམས་ཆོས་ཀྱི་གྲངས་ཀ་ཇེ་མང་ལ་འགྲོ་བ་དང་བསྟུན། ད་ནི་སྤུས་ཚད་རིམ་གྱིས་ཇེ་ལེགས་སུ་གཏོང་དགོས་བསམས།དེང་གི་དུས་འདིར་བོད་ཀྱི་སྤྱི་ཚོགས་སུ་བླ་སྤྲུལ་དང་དཔོན་པོ་ནས་མཁས་པ་དང་བསམ་བློ་པ་སོགས་ཤེས་ཡོན་ཅན་མང་པོས་སྐྱེས་མ་རྣམས་ལ་གང་འཚམ་གྱིས་བརྩི་བཀུར་དང་མཐོང་ཆེན་བྱེད་པའི་སྣང་ཚུལ་ཆགས་ཀྱིན་ཡོད་པ་དེས་ནི་མི་རིགས་འདིའི་གོ་རྟོགས་སད་བཞིན་ཡོད་པ་མཚོན་པས་དགའ་འོས་པ་ཞིག་རེད། འོན་ཀྱང་དེ་ནི་དམིགས་མེད་ཀྱི་བཀུར་བསྟི་ཞིག་མིན་པར་སྤྱི་ཚོགས་ཀྱིས་ང་ཚོར་རེ་བ་བཅངས་ཤིང་འགན་འཁྲི་གནང་བ་ཡིན་པ་སྐྱེས་མ་ཚོས་རྟོགས་དགོས་སྙམ།མི་རིགས་ཤིག་གོང་འཕེལ་འགྲོ་བར་རྩོམ་རིག་ལའང་རག་ལས་ངེས་ཅན་ཡོད་ཚུལ་ཨུ་རུ་སུ་སོགས་རྒྱལ་ཁབ་ཀྱི་གནས་ཚུལ་ལ་བལྟས་ན་ཤེས་ཐུབ་མོད། ངས་བསམས་ན་སྐྱེས་མ་ཚོས་རྩོམ་རིག་ཁོ་ན་མ་ཡིན་པར་རང་རང་སོ་སོའི་བློ་གྲོས་དང་ཤེས་རབ། ཁྱད་ཆོས་དང་འཇོན་ཐང་། ལྷག་བསམ་དང་བརྩོན་འགྲུས་ལ་བརྟེན་ནས་སྤྱི་ཚོགས་ལ་སྲི་ཞུ་བསྒྲུབ་ཚེ། རང་ཉིད་མི་ཡིན་པ་དང་རང་ཉིད་གལ་ཆེན་ཡིན་པ། རང་ཉིད་ལ་བརྩི་བཀུར་ཐོབ་འོས་པ་རྟོགས་ཐུབ།སྤྱིར་རང་རེའི་སྤྱི་ཚོགས་སུ་བོད་རིགས་བུད་མེད་ཀྱི་རྩོམ་རིག་ཅེས་པའི་ཐ་སྙད་འདི་ད་རུང་སྤྱོད་མཁན་ཉུང་ན་ཡང་། ཕྱིའི་རྒྱབ་ཁབ་ན་ལོ་དུ་མའི་སྔོན་ནས་བཟུང་བོད་རིགས་བུད་མེད་ཀྱི་རྩོམ་རིག་ཅེས་པའི་ཐ་སྙད་སྤྱད་མྱོང་བ་དཔེར་ན། ཨ་རིའི་བློ་བཟང་རབ་རྒྱས་ལགས་ཀྱིས། བོད་རིགས་བུད་མེད་ཀྱི་རྩོམ་རིག་སྐོར་ཞེས《བཞོ་ལུང》གི་མགོ་བརྗོད་དུ་བཀོད་ཡོད་པ་དང་། བོད་ཀྱི་དེང་རབས་རྩོམ་རིག་ལ་ཞིབ་འཇུག་བྱེད་པའི་ཧྥ་རན་སིའི་བུད་མེད་ཆོས་ཉིད་དབང་མོ(Francoise Robin)ལགས་ཀྱིས་རང་གི་རྩོམ《བོད་ཀྱི་བུད་མེད་སྙན་ངག་པ་དང་སྐྱེས་མའི་ལུས་པོ་ལ་འཇུག་པ》ཞེས་པའི་དཔྱད་རྩོམ་དུ་བོད་མོ་སྙན་ངག་པ་དང་ཁོ་མོ་ཚོའི་རྩོམ་རིག་གི་ཁྱད་ཆོས་ཞེས་བཀོད་ཡོད། བོད་ལ་བུད་མེད་རྩོམ་པ་པོ་མེད་པར་འདོད་ཚེ། བོད་ཀྱི་ལོ་རྒྱུས་སུ་བྱུང་བའི་ཡེ་ཤེས་མཚོ་རྒྱལ་དང་མ་ཅིག་ལབ་སྒྲོན། རྗེ་བཙུན་མི་འགྱུར་དཔལ་སྒྲོན། ཨོ་རྒྱན་ཆོས་སྐྱིད། རིག་འཛིན་ཆོས་ཉིད་བཟང་མོ་སོགས་ཀྱིས་ངག་ཐོག་གམ་ཡིག་ཐོག་གང་རུང་ནས་མཛད་པའི་རྩོམ་དག་ཁས་མ་བླངས་པ་ཡིན་ལ། དེང་སང་ཡིག་རིགས་གང་རུང་གིས་བརྩམས་པའི་བོད་མོ་རྩོམ་པ་པོ་དག་གི་བརྩམས་ཆོས་ཀྱང་ཡོད་བཞིན་དུ་ཁས་མ་བླངས་པ་རེད། སྔོན་མ་ཚོས་ལྟ་སྤྱོད་སྒོམ་པར་བརྟེན་ནས་ཐར་བ་དོན་གཉེར་མཛད་པ་དང་། འཆད་རྩོད་རྩོམ་པར་བརྟེན་ནས་བསམ་བློའི་སྙིང་སྟོབས་ཚད་མཐོན་པོར་སོན་ཡོད་པ་དཔེར་ན། སྙན་ངག་གི་ལམ་ནས་མགུར་སོགས་སྤེལ་བ་དང་། བཙུན་མོ་སད་མ་ཀར་སོགས་ཀྱིས་བཙན་པོས་སྲིད་སྐྱོང་བའི་ཐད་ལ་ངག་ཐོག་གམ་ཡིག་ངོ་དེ་ནས་བརྩམས་པའི་ཆོས་ལ་དེང་སང་ད་རུང་མཇལ་རྒྱུ་ཡོད་པ་དང་། དེ་མིན་ད་དུང་བོད་ཀྱི་བཙན་པོ་རིམ་བྱོན་གྱི་སྐབས་སུ་བཙུན་མོ་ཆེན་མ་དང་ཆུན་མས་ཟངས་རག་གི་ཅོང་སོགས་དངོས་པོར་བརྐོས་པའི་སྨོན་ལམ་ཡི་གེ་སོགས་ཡོད་པས་མཚོན། རིགས་ཕྱི་མ་དག་གིས་ཡིག་རིགས་དུ་མའི་ལམ་ཁ་ནས་སྤྱི་ཚོགས་འཚོ་བའི་སྣང་བརྙན་མཚོན་ཡོད་པ་དཔེར་ན། ཚེ་རིང་དབྱངས་སྐྱིད་དང་ཡེ་ཤེས་སྒྲོལ་མ། མཐོང་སྨན་བདེ་ཆེན་སྒྲོལ་དཀར། གཡང་འཚོ་སྐྱིད། པདྨ་འཚོ། ལྕགས་མོ་འཚོ། དཔལ་ལྷ། སྐལ་བཟང་ལྷ་མོ། གཡང་སྒྲོན། མེ་སྒྲོན། བདེ་སྐྱིད་འཚོ། ཚེ་རིང་འོད་ཟེར། པདྨ་ལྷ་སྒྲོན། རྡོར་དབྱིངས། འཇམ་དབྱངས་སྐྱིད། དོམ་པ་ཚེ་རིང་དབང་མོ། ཚེ་སྒྲོན་སྐྱིད། ཚེ་རིང་སྐྱིད། གཟུངས་ཕྱུག་སྐྱིད། མཁའ་མོ་རྒྱལ། བདེ་སྐྱིད་སྒྲོལ་མ། གཡུ་སྒྲོན་མཚོ་མོ། ཚེ་དབང་ལྷ་མོ། འབྲུག་མོ་སྐྱིད། བོད་གཞུག་སྐྱིད། པདྨ་དབྱངས་སྐྱིད་སོགས་ཀྱི་བརྩམས་ཆོས་ཏེ། ཁོང་མོ་ཚོའི་རྩོམ་རིག་བརྩམས་ཆོས་དེ་དག་ནི་བོད་ཀྱི་རིག་གནས་བང་མཛོད་ཁྲོད་བཞག་པའི་རྩ་ཆེའི་ཁྱད་ནོར་ཐུན་མོང་མ་ཡིན་པ་ཞིག་ཡིན་ནོ།།ཡང་རྒྱའི་གནའ་དེང་གི་རྩོམ་རིག་ལོ་རྒྱུས་དང་འཕེལ་རིམ་ལ་བལྟས་ཚེ། བུད་མེད་ཀྱི་རྩོམ་རིག་ཅེས་པའི་ཐ་སྙད་དེ་ཁོ་ཚོ་ལའང་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་མགོ་ཙམ་ནས་ད་གཟོད་ཡོད་པ་རེད། རིམ་གྱིས《ཀྲུང་གོའི་སྐྱེས་མའི་རྩོམ་རིག་ལོ་རྒྱུས》དང་།《དེང་རབས་ཀྲུང་གོའི་སྐྱེས་མའི་རྩོམ་རིག་ལོ་རྒྱུས་གླེང་བ》《དེང་རབས་སྐྱེས་མ་རིང་ལུགས་ཀྱི་རྩོམ་རིག་དཔྱད་བརྗོད》སོགས་བྱུང་ཞིང་དར་བ་དེས་རྒྱ་མི་རིགས་ལ་སྐྱེས་མའི་རྩོམ་རིག་ཅེས་པའི་ཐ་སྙད་དང་བསྟན་བཅོས་ཡོད་པའི་མགོ་བཙུགས་པར་མ་ཟད། ཁོ་ཚོའི་རྩོམ་སྟེགས་སུ་སྐྱེས་མའི་རྩོམ་རིག་ངོས་འཛིན་ཐད་ལ་ལྟ་ཚུལ་དང་རྩོད་གླེང་སྣ་ཚོགས་བྱུང་ཡོད་པ་དཔེར་ན། ལ་ལས་རྩོམ་རིག་གསར་རྩོམ་ཁྲོད་དུ་བུད་མེད་བརྗོད་བྱ་གཙོ་བོར་བཟུང་ནས་བྲིས་པའི་བརྩམས་ཆོས་དག་སྐྱེས་མའི་རྩོམ་རིག་ཏུ་འདོད་པ་དང་། ལ་ལས་རྩོམ་པ་པོ་བུད་མེད་ཡིན་པའི་བརྩམས་ཆོས་ཡོད་དོ་ཅོག་ལ་སྐྱེས་མའི་རྩོམ་རིག་ཟེར་བ། ཡང་ལ་ལས་རྩོམ་པ་པོ་དང་བརྩམས་ཆོས་ཀྱི་ནང་དོན་གཉིས་ཀའང་བུད་མེད་ཡིན་པའི་རྩོམ་ཐམས་ཅད་ལ་སྐྱེས་མའི་རྩོམ་རིག་གི་ཐ་སྙད་གྲུབ་པར་འདོད་པས་ཁོ་ཚོ་ལའང་གཅིག་གྱུར་གྱི་ལྟ་ཚུལ་ཞིག་ད་རུང་ཆགས་མེད་མོད། ངས་བསམས་ན་རྩོམ་པ་པོ་བུད་མེད་ཡིན་པའི་བརྩམས་ཆོས་ཡོངས་ལ་སྐྱེས་མའི་རྩོམ་རིག་གི་ཐ་སྙད་བཏགས་ཆོག་སྟེ། བུད་མེད་རྩོམ་པ་པོས་བུད་མེད་རང་ཚོའི་འཚོ་བ་བྲིས་པ་དེ་ནི་རྩོད་གླེང་ཅི་ཡང་མེད་པའི་སྐྱེས་མའི་རྩོམ་རིག་ཡིན་པར་མ་ཟད། འཛམ་གླིང་གི་རྩོམ་རིག་སྤྱིའི་ལྟ་ཚུལ་དང་ཡང་མཐུན་མོད། བརྗོད་བྱ་དང་རྩོམ་མཁན་གཉིས་ཀའང་བུད་མེད་ཡིན་དགོས་ཚེ་ཁྱབ་རྒྱ་ཆུང་ལ་ཚད་བཀག་ཆེ་བ་རེད། འོན་ཀྱང་བོད་ལ་མཚོན་ན་དེ་འདྲའི་རྩོམ་གཏན་ནས་མེད་པ་མིན་ཏེ། སྔོན་དུས་མཛད་པའི《གངས་ཤུག་མ་ཎི་ལོ་ཆེན་རིག་འཛིན་ཆོས་ཉིད་བཟང་མོའི་རང་རྣམ》དང་། 《སེ་ར་མཁའ་འགྲོ་མའི་རང་རྣམ》《ཨོ་རྒྱན་ཆོས་སྐྱིད་ཀྱི་རང་རྣམ》སོགས་རྩོམ་མཁན་དང་བརྗོད་བྱ་གཉིས་ཀའང་བུད་མེད་ཡིན་ལ། དེང་སང་དེ་ལས་ཀྱང་མང་པོ་ཡོད་པ་དཔེར་ན་སྐལ་བཟང་ལྷ་མོའི《དྲང་སྲོང་བསྟི་གནས་ཀྱི་རྨི་ལམ་ཡུན་ཅིག》དང་། ཚེ་སྒྲོན་སྐྱིད་ཀྱི《སྐྱོ་སྣང་གི་ཟློས་གར》དོམ་པ་ཚེ་རིང་དབང་མོའི《ཁྱིམ་སྲོལ》མཁའ་མོ་རྒྱལ་གྱི《ཕྱུར་བ》ཚེ་རིང་དབྱངས་སྐྱིད་ཀྱི《མེ་ཏོག་དང་རྨི་ལམ》དེ་མིན་གཡང་འཚོ་སྐྱིད་ཀྱི《རྩྭ་ཐང་གི་ཉིན་ཐོ》དང་། མཁའ་མོ་རྒྱལ་གྱི《ཡུགས་མོ》ཚེ་རིང་དབྱངས་སྐྱིད་ཀྱི་སྒྲུང་རྩོམ་མང་ཤོས། བདེ་སྐྱིད་སྒྲོལ་མའི་སྙན་རྩོམ་མང་ཤོས་ཀྱི་བརྗོད་བྱའང་བུད་མེད་ཡིན་པ་ལྟ་བུའོ།།གོང་སྨོས་ཀྱི་ལྟ་ཚུལ་དེ་དག་ལ་ཕྱོགས་གང་ནས་བལྟས་རུང་། བོད་ལ་བུད་མེད་རྩོམ་པ་པོ་དང་བརྩམས་ཆོས་ཡོད་པར་མ་ཟད། བོད་རིགས་བུད་མེད་ཀྱི་རྩོམ་རིག་ཅེས་པའི་ཐ་སྙད་ཀྱང་ཡོད་ཆོག་པར་འདོད་དེ། བོད་མོ་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་ལ་མཚོན་ན། ལྟོས་འཇོག་གིས་རང་གི་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་ལྟ་ཚུལ་དང་སྐད་ཆའི་མཚོན་སྟངས། མངོན་གསལ་གྱི་རྩོམ་གཤིས་གྲ་དག་ཅིང་འཐུས་ཚང་བ་ཞིག་ད་དུང་ཆགས་མེད་ནའང་། རང་གི་ཕ་སྐད་དང་མཐོང་སྣང་སྤྱད་དེ་འཚོ་བའི་མྱོང་ཚོར་དངོས་བྲིས་པ་ཡོད་དོ་ཅོག་བོད་རིགས་བུད་མེད་ཀྱི་རྩོམ་རིག་ལ་ངོས་བཟུང་ན་འོས་འཚམ་ཡིན་ཏེ། རྒྱལ་ཁབ་དང་མི་རིགས་གཞན་པ་དག་གི་བུད་མེད་ཚོས་ཀྱང་རྩོམ་རིག་གི་ལམ་ཁ་དེ་ལྟར་བརྒྱུད་ཡོང་བའི་ཕྱིར་རོ།།བུད་མེད་རྩོམ་པ་པོ་དང་དེའི་རྩོམ་རིག་བྱུང་བའི་ཐད་ན་འཛམ་གླིང་རང་བཞིན་གྱི་ལྟ་སྟངས་ཤིག་གམ་གནད་དོན་ཞིག་ཡོད་པ་དེ་ནི། ཆེས་སྐད་གྲགས་ཆེ་བའི་རྩོམ་པ་པོ་དང་རྩོམ་རིག་ལ་མཁས་པའི་སྐྱེས་བུ་མང་པོ་ཞིག་ལ་གཅིག་མཐུན་གྱི་དགོངས་པ་ཞིག་ཡོད་པ་སྟེ། རྩོམ་འབྲི་བ་ནི་བུད་མེད་ཀྱི་གཉེར་བྱ་མ་ཡིན་པའམ་ཡང་ན་བུད་མེད་ཀྱིས་རྩོམ་འབྲི་བའི་ལས་ཀ་གཉེར་མི་འོས་པ་དེ་རེད། དཔེར་ན《ཇན་ཨེར》རྩོམ་མཁན་དབྱིན་ཇིའི་བུད་མེད་རྩོམ་པ་པོ་གྲགས་ཅན་པུ་རོན་ཐེ(Chalotte Bronte)མོ་ལོ་ཉི་ཤུ་ཡིན་དུས། རང་གིས་བྲིས་པའི་སྙན་ངག་འགའ་སྐབས་དེའི་དབྱིན་ཇིའི་སྙན་ངག་པ་ཆེན་མོ་སོ་སེ(Robert Southey)ལ་བསྐུར་ཏེ་མཛུབ་སྟོན་གནང་བའི་རེ་བ་ཞུས་མོད། ཁོང་གིས“རྩོམ་རིག་ནི་བུད་མེད་ཀྱི་ལས་དོན་མིན་ལ། ལས་ཀྱང་མི་འོས” ཞེས་ལན་ལྡོན་པ་དང་། ཐ་ན་འཛམ་གླིང་ཡོངས་ལ་སྙན་གྲགས་ཆེ་བའི་ཧྥ་རན་སིའི་རྩོམ་པ་པོ་ཆེན་མོ་པལ་ཟག(Balzac)གིས་ཀྱང“བུད་མེད་ཀྱི་ལས་དབང་དང་ཁོ་མོ་ཚོས་ངོམ་ཆོག་པའི་ལས་དོན་འབའ་ཞིག་ནི་སྐྱེས་པའི་ཡིད་དབང་འགུག་པ་དེ་ཡིན …… ”ཞེས་གསུངས་ཡོད། འོན་ཀྱང་ངའི་བསམས་པར། བུད་མེད་ཀྱི་ལས་འགན་ནི་སྐྱེས་པར་སྲི་ཞུ་བསྒྲུབ་རྒྱུ་ཁོ་ན་ཡིན་ཚེ་བློ་ཕངས་དགོས་པ་ཞིག་རེད། བློ་གྲོས་དང་འཇོན་ཐང་ཇི་འདྲ་ལྡན་ན་ཡང་སྲོལ་རྒྱུན་རིག་གནས་དང་སྐྱེས་པའི་དབང་ཤེད་ཀྱི་འོག་ཏུ་བུད་མེད་ནམ་ཡང་སྐྱེ་དམན་ཡིན། དེ་བས་བོད་ཀྱི་སྤྱི་ཚོགས་ལ་ངན་ཁག་ཆེན་པོ་འགེལ་རྒྱུ་མེད་བསམས། ཞིབ་ཏུ་བསམ་ན་ཆོས་ཐམས་ཅད་སྐྱེ་གནས་འཇིག་གསུམ་གྱི་རང་བཞིན་ཅན་ཡིན་པས་ན་སྐྱེས་ཕོ་མོའི་གནས་སྟངས་དེ་ལའང་དེའི་གནས་ལུགས་སམ་རྒྱུ་རྐྱེན་ངེས་ཅན་རེ་ཡོད་རྒྱུ་རེད། ངས་ནི་རང་ཉིད་ཀྱི་བློ་རྒྱ་ཆུང་ཆུང་ཁབ་མིག་ལྟ་བུ་དེ་དཔང་ལ་བཞག་ནས་ཁ་ཚོན་གཅོད་མི་ནུས་མོད། འཛམ་གླིང་ཐོག་ཏུ་རྩོམ་འབྲི་བར་མོས་པའི་བུད་མེད་ཚོས་མཁས་དབང་དེ་དག་གི་དགོངས་པར་ཡོངས་སུ་བསྟུན་ཅིང་དང་དུ་བླངས་ཏེ་རྩོམ་རིག་གི་ལས་ཀ་བསྐྱུར་བཞག་པ་ནི་ཧ་ལམ་མེད་པར་མ་ཟད། དེ་ལས་ལྡོག་སྟེ་འཛམ་གླིང་ལ་གྲགས་པའི་བུད་མེད་རྩོམ་པ་པོ་ལོ་རེར་ཇེ་མང་ལ་འགྲོ་བཞིན་ཡོད་པ་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་ཚུལ་ལ་བལྟས་ནའང་ཤེས་ཐུབ།དེ་ལས་ཀྱང་ངོ་མཚར་ཞིང་ཧ་ལས་པ་ཞིག་ནི། བུད་མེད་སྐོར་ཞིག་རྒྱུ་རྐྱེན་གང་རུང་གི་དབང་གིས་སློབ་གྲྭར་ཞུགས་ཏེ་སློབ་གསོ་མྱངས་ཐུབ་མེད་ན་ཡང་རྩོམ་བྲིས་ཏེ་མཚན་སྙན་འཛམ་གླིང་གི་རྒྱལ་ཁབ་ཕྱི་ནང་ལ་གྲགས་པ་ཅན་ཡོད་དེ། དཔེར་ན་དབྱིན་ཇིའི་སྐྱེས་མ་སྙན་ངག་པ་པུ་རོང་ཉིན(Elizabeth Barrett Browning)དང་། རོ་སེ་ཐི(Christina Georgina Rossetti) ཨོ་སི་ཏེན(Jane Austen)ལྟ་བུ་དང་། དེ་མིན་རྒྱ་ནག་གི་རྩོམ་པ་པོ་རོའུ་ཀྲི་ཅོན(茹志鹃)དང་ཡུ་གུར་རིགས་ཀྱི་ཨཱ་ལ་ཏན•ནཱོར(阿拉旦•淖尔)སོགས་ཀྱང་སློབ་གྲྭར་འགྲིམས་པའི་སྐལ་བ་མ་ལྡན་ན་ཡང་ཀྲུང་གོར་མིང་ཡོད་པའི་རྩོམ་པ་པོ་དག་ཡིན། འོན་ཀྱང་རང་རེའི་རྩོམ་འབྲི་བར་མོས་སྒེར་གཞུང་གི་ལས་ཚེགས་པའི་སྐྱེས་མ་རྣམས་ཀྱི་གནས་ཚུལ་ལ་བལྟས་ཚེ། སྒེར་གཞུང་གི་ལས་ཚེགས་དང་སྤྱི་ཚོགས་ཀྱི་གནོན་ཤུགས་སྟེང་ལ་རང་ཉིད་ཀྱི་སྒྱིད་ལུག་དང་རྣམ་གཡེང་བསྣན་ཏེ་མ་འཇོན་པར་བསྐྱུར་བཞག་པ་མང་པོ་ཡོད་རྒྱུ་རེད་སྙམ། ལོ་དྲུག་གི་སྔོན་ལ་འཆི་མེད་ངེད་གཉིས་ཀྱིས་ཁ་པར་ནང་ནས་འདི་ལྟར་ཁ་བརྡ་བྱས་མྱོང་། ངས་ཁོང་མོར། “ཨ་རོ། ཁྱོད་རང་བོད་ཀྱི་སྐད་ཡིག་གི་རྨང་གཞི་བཟང་ཞིང་བརྩམས་ཆོས་ལ་རང་གི་ཁྱད་ཆོས་ལྡན་མོད། ལོ་འདི་ཚོར་ཁྱོད་ཀྱི་རྩོམ་ཡིག་རིག་རྒྱུ་དཀོན་པོ་འདུག ཁྱོད་ཀྱིས་གསར་རྩོམ་གྱི་རྒྱུན་མ་ལྷོད་པར་བསྐྱང་ཐུབ་པའི་རེ་བ་ཡོད། འུ་ཅག་གིས་འགན་འདི་འཁུར་ཨེ་ཐུབ་ལྟ་དགོས”ཞེས་པ་ལ། མོས་ལན་དུ། “དེ་རེད་མོད། ནམ་རྒྱུན་སློབ་ཁྲིད་བྱེད་པ་སོགས་གཞུང་དང་སྒེར་གྱི་ལས་ཀ་མང་ཞིང་ལས་ཚེགས་ལྕི་བས་རྩོམ་འབྲི་ཐུབ་ཀྱི་མི་འདུག ཡང་གཅིག་བཤད་ན། སྙན་རྩོམ་མང་པོ་བྲིས་རུང་ལས་ཐོབ་འཕར་བར་གོ་མི་ཆོད་པས། རྩོམ་རིག་བརྩམས་ཆོས་སྤེལ་རྒྱུ་ལས་དཔྱད་རྩོམ་གཅིག་གཉིས་རེ་ཕྲིས་ན་ལས་ཐོབ་འཕར་བར་ཕན་ཐོགས་འདུག དེའི་སྟབས་ཀྱིས་སྙན་རྩོམ་འབྲི་རྒྱུ་ཧ་ལམ་བསྐྱུར་བཞག”ཟེར། གནད་དོན་དེའི་ཐད་ནས་མོ་རང་མ་ཟད་གྲོགས་མོ་མཁའ་མོ་རྒྱལ་དང་ཚེ་སྒྲོན་སྐྱིད་སོགས་ཀྱིས་ཀྱང་སོ་སོའི་དཀའ་ཚེགས་དང་དྲན་ཚུལ་དེ་ལྟར་ལབ་མྱོང་། དོན་དེ་ངོ་མ་ཡིན་ལ་ང་རང་ཉིད་ཀྱང་གནད་དོན་དེར་འཕྲད་ཡོད། འོན་ཀྱང་ངས་ཁོང་མོ་ཚོ་རྩོམ་འབྲི་བར་ནན་གྱིས་བསྐུལ་ཞོར་རང་ཉིད་ལའང་ལས་ཐོབ་འཕར་རྒྱུ་གཙོ་བོ་ཡིན་ལ་རྩོམ་འབྲི་རྒྱུ་དེ་བས་ཀྱང་གཙོ་བོར་འཛིན་དགོས་ཞེས་དྲན་སྐུལ་བཏང་དང་གཏོང་གིན་ཡོད།བུད་མེད་ཚོས་རྩོམ་འབྲི་བའི་རྒྱུན་སྐྱོང་དཀའ་བར་རྒྱུ་རྐྱེན་དུ་མ་ཡོད་དེ། ངས་རྒྱུ་རྐྱེན་དེ་དག་ལ་བསམ་བློ་གཏོང་ཞོར་རང་ཉིད་ཀྱིས་ཚོད་ལྟ་བྱས་ཏེ་ཉིན་ཧྲིལ་བོའི་ཆུ་ཚོད་བགོ་བཤའ་བྱས་ན་འདི་ལྟར། ཇ་ཐུན་གཅིག་གྲ་སྒྲིག་བྱེད་པ་ནས་གཡོ་སྐོལ་བྱས་ཏེ་བཟའ་མི་དུ་ཡོད་ལ་ལྡུད་པ། དེ་ནས་སྣོད་ཅ་ལག་ཚང་མ་བཀྲུས་ཚར་བའི་བར་དུ་མ་མཐའ་ཡང་ཆུ་ཚོད་གཉིས(ཁྱེད་ཀྱིས་ཀྱང་ཚོད་ལྟ་བྱ་རོགས)དགོས། དེས་ན་ཉིན་གཅིག་གི་ཇ་ཐུན་གསུམ་པོར་ཆུ་ཚོད་དྲུག་དགོས། ཁྱིམ་ཐབ་སྐྱོང་རྒྱུ་དང་བྱིས་པ་གཉོར་རྒྱུ་ཡོད་པའི་ཁྱིམ་བདག་མ་ཞིག་ལ་མཚོན་ན་ཉིན་རྒྱུན་གྱི་ལས་ཀ་ཧ་ལམ་དེ་ལྟར་བསྐྱར་བཟློས་བྱས་ནས་འདའ་བཞིན་ཡོད། གཞུང་ལས་ཡོད་པའི་བུད་མེད་ཅིག་ཡིན་ན། གཞུང་གི་ལས་ཀར་དུས་ལྟར་ཞུགས་དགོས་པ་གཞིར་བཞག་ཡིན། དེ་ལྟར་བརྩིས་ན་དཔེ་ཀློག་དང་རྩོམ་འབྲི་བའི་དུས་སྐབས་ཕལ་ཆེར་མེད། དེ་ནི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་སྙམ།བོད་ཀྱི་རྒྱང་སྒྲོག་པ་གྲགས་ཅན་ཨ་ཅེ་རིན་ཆེན་སྐྱིད་ལགས་ཀྱིས། མི་ཞིག་གི་མི་ཚེ་ནི་ཚད་ཡོད་པ་ཞིག་ཡིན་ལ། རང་གི་ཚད་ཡོད་པའི་ཚེ་སྲོག་གི་ཆ་དེ་ཇི་ལྟར་བགོ་བྱ་བྱེད་རྒྱུ་དེ་བུད་མེད་རྣམས་ལ་མཚོན་ན་ལྷག་ཏུ་དཀའ་བ་སྟེ། བུད་མེད་ཚོའི་ཆེས་མཚར་སྡུག་གི་དུས་སྐབས་ནི་རང་གི་བུ་ཕྲུག་སྐྱོང་བའི་ཁྲོད་ནས་འདའ་དགོས་པས། སྐྱེས་པ་རྣམས་དང་འདྲ་བར་ལས་ཀ་གཞན་པའི་ཐད་ལ་རྩེ་གཅིག་ཏུ་འབད་པ་དང་གྲུབ་འབྲས་མིག་ཐོག་ཏུ་ཐོན་པར་བྱེད་པ་ལ་སེམས་ཤུགས་དང་དུས་ཚོད་ཀྱིས་ཚད་བཀག་ཐེབས་པའི་ཕྱིར་ན། བུ་ཕྲུག་དང་ཁྱིམ་ཚང་ལེགས་པོར་སྐྱོང་བ་དང་ལས་ཀ་གཞན་ལ་རྩེ་གཅིག་ཏུ་གཞོལ་བའི་བར་ན་བླང་དོར་དང་གདམ་གསེས་དཀའ་མོ་ཞིག་གམ་སེལ་དཀའ་བའི་འགལ་ཟླ་ཞིག་གནས་ཞེས་བརྗོད་པ་ཅི་མ་བདེན། རྒྱུ་རྐྱེན་གཉིས་པ་ནི། བུད་མེད་ཕལ་ཆེར་སློབ་ཆུང་དང་མཐོ་འབྲིང་ནས་བཟུང་དམའ་འབྲིང་སྐབས་སུ་སློབ་སྦྱོང་ལ་ཡག་པོ་ཡིན་མོད། མཐོ་འབྲིང་ནས་བཟུང་སྟེ་རྒྱུགས་འབྲས་ལེགས་རུང་ཤེས་བྱའི་ཁྱབ་རྒྱ་དང་ཟབ་ཚད་སྐྱེས་པ་དང་བསྡུར་ཐབས་མེད། དེ་ནི་ཟང་ཟིང་འཁོར་བ་དང་ཕོ་མོའི་བརྩེ་དུང་གི་དབང་དུ་ཚུད་པས་ཡིན་ནམ། ཡང་ན་སློབ་སྦྱོང་གི་བྱེད་ཐབས་དང་འཆར་གཞི་ཡག་པོ་མེད་པས་ཡིན། ཐ་ན་རྣམ་གཡེང་དང་སྒྱིད་ལུག་གི་དབང་གིས་མིན་ནམ་སྙམ། རྒྱུ་རྐྱེན་གསུམ་པ་ནི། ཁྱིམ་ཐབ་འཛིན་པའམ་བྱིས་པ་གཉོར་བའི་ལོ་ཚོད་ལ་མ་སླེབས་པ་རྣམས་ཀྱིས་སློབ་གྲྭ་ཆེ་འབྲིང་འགྲིམས་ཏེ་རིག་གནས་སྣ་ཚོགས་སྦྱངས་ན་ཡང་སྤྱི་ཚོགས་ལག་ལེན་དང་འཚོ་བའི་ཉམས་མྱོང་ད་རུང་ཟབ་མོ་མེད་པའི་སྟབས་ཀྱིས་རྩོམ་འབྲི་བར་བརྗོད་བྱ་ལྗིད་ཚད་ཅན་གྱིས་དབེན་པ་ཡིན། ད་ལྟའི་ང་ལ་མཚོན་ན། དཔེ་ཆ་ཀློག་པ་དང་རྩོམ་ཡིག་འབྲི་བའི་ཆ་རྐྱེན་གཙོ་བོ་ནི། ཐོག་མར་དུས་ཚོད་ངེས་ཅན་ཞིག་གི་ནང་ལ་ལུས་སེམས་ལྷོད་པོར་དབབ་དགོས་པ་དེ་ཡིན། བྲེལ་ཟིང་གི་ངང་ནས་དཔེ་ཀློག་དང་རྩོམ་འབྲི་གང་ཡང་མི་ནུས་པ་རེད། གལ་ཏེ་ངའི་བསམ་ཚུལ་དང་ཉམས་མྱོང་འདི་དག་ཁྱེད་ཅག་རྣམས་དང་གཅིག་མཐུན་ཡིན་ཚེ། ཁྱིམ་ཐབ་སྐྱོང་བའི་བུད་མེད་ཅིག་གིས་རྩོམ་འབྲི་རྒྱུ་དངོས་གནས་ལས་སླ་མོ་ཞིག་མིན་པ་ཁས་ལེན་ངེས་ཡིན་སྙམ།ཡིན་ན་ཡང་། གོང་སྨོས་རྒྱུ་རྐྱེན་དང་དཀའ་ངལ་དེ་དག་རང་རང་གིས་སེལ་ཅི་ཐུབ་བྱེད་པ་ལས་གཞན་སུ་ལའང་ངན་ཁག་འགེལ་བའམ་ལེ་བདའ་བྱེད་པ། སྡུག་ཏུ་འདོན་པས་མི་ཕན་ལ། ཕྱི་བྱོལ་བྱེད་སའང་ཅང་མེད་སྙམ། རྒྱུ་མཚན་དང་པོ་ནི་དེང་སང་བུད་མེད་རྣམས་ལ་བརྩི་མཐོང་དང་རྒྱབ་སྐྱོར་ཐོབ་འོས་པ་དང་མཚུངས་སུ་འགན་འཁྲིའི་སེམས་དང་འབད་པའི་བློ་དགོས་པ་ཤུགས་སུ་བསྟན་ཡོད་པ་ངེས་དགོས།རྒྱུ་མཚན་གཉིས་པ་ནི་རྩོམ་རིག་ཁོ་ནའི་ཐད་ནས་བཤད་ནའང་བུད་མེད་རྩོམ་པ་པོ་ཇི་ལྟར་མང་ན་སྐྱེས་མ་རྣམས་ཀྱི་བསམ་བློ་དེ་ལྟར་འཆིང་གྲོལ་བྱེད་ཐུབ་པ་དང་ཐོབ་ཐང་དེ་ལྟར་འཕར་ཐུབ་པར་ཕན་ཐོགས་ཡོད་པར་མ་ཟད། མི་རིགས་སྤྱིའི་གོ་རྟོགས་དང་སྤྱི་ཚོགས་སྤྱིའི་བྱང་ཚད་མཐོ་རུ་འདེགས་པར་ཕན་ནུས་ཡོད། སྤྱི་འབངས་ཀྱི་གོ་རྟོགས་སད་པ་དང་བྱང་ཚད་མཐོ་བ་དེས་མི་རིགས་གང་དེ་གནས་ལུགས་དང་ལེགས་ཉེས་ལ་ཤན་འབྱེད་པའི་བློ་མིག་བསྐྱེད་པར་རྔོ་ཐོགས་པ་ཡིན་པས་སོ།།མདོར་ན། བོད་ཀྱི་བུད་མེད་རྩོམ་པ་པོ་དང་རྩོམ་རིག་བརྩམས་ཆོས་ཀྱི་གྲངས་ཀ་ཉུང་ཞིང་སྤུས་ཀ་ཞན་པར་རྒྱུ་མཚན་དུ་མ་ཡོད་པ་ལས་གཙོ་བོ་བུད་མེད་ཚོ་སློབ་གྲྭར་ཞུགས་འཕྱི་བས་ཡིན་པ་ལོ་རབས་བརྒྱད་ཅུ་པ་ནས་དུས་རབས་ཉེར་གཅིག་པའི་བར་གྱི་དུས་དེབ་སོ་སོར་བལྟས་ནའང་གསལ་བོར་ཤེས་ཐུབ། དེའི་ཚུན་གྱི་ལོ་ངོ་བཅུ་ལྷག་པོ་འདིའི་རིང་ལ་བུད་མེད་རྩོམ་པ་པོ་ཇེ་མང་ལ་འགྲོ་བཞིན་ཡོད་པར་བལྟས་ན། མ་འོངས་པར་བོད་མོའི་རྩོམ་རིག་དང་བརྩམས་ཆོས་གྲངས་སྤུས་ཉིས་ཆ་ནས་འཕེལ་རྒྱས་ཡག་པོ་འབྱུང་བར་ང་ལ་ཡིད་ཆེས་ཡོད།
ཞེས་དཔལ་མོས་སྤྱི་ལོ2016ལོའི་ཟླ་བརྒྱད་པར་ལན་གྲུ་ནས་བྲིས།
ཡོང་ཁུངས། མི་རྒོད་རྩོམ་རིག