གནའ་བོའི་རྒྱ་གར་གྱི་རིག་གནས་གཞུང་རྟར་གྱུར་པའི་བོད་ཀྱི་ཤེས་རིག

མཛད་པ་པོ། སྒོ་ཤེས་རབ་རྒྱ་མཚོ།

   བཙན་པོ་སྲོང་བཙན་སྒམ་པོའི་ཡར་སྔོན་ཏེ། བོད་ཀྱི་ཤེས་རིག་གི་དུས་རིམ་སྔ་མའི་ནང་དུ་བོད་ལ་སྲིད་པའི་བོན་དང་གཡུང་དྲུང་བོན་སོགས་དར་རྒྱས་བྱུང་ཡོད་པར་གྲགས་ལ། བཙན་པོ་སྲོང་བཙན་སྒམ་པོའི་རིང་ནས་བཟུང་། བོད་ཀྱི་རིག་གནས་ཀྱང་དུས་རིམ་ཕྱི་མ་ལྟ་བུ་ཞིག་ཏུ་སླེབས་པ་རེད། དུས་རིམ་དེའི་ནང་དུ་རྒྱ་གར་གྱི་ཤེས་རིག་བོད་ལ་དར་ནས་རང་རེའི་ལས་སྒོ་ཕྲ་རགས་ཀུན་ལ་ཤུགས་རྐྱེན་ཧ་ལས་པ་ཐེབས་པས། ད་ལྟའི་བོད་ཀྱི་ཤེས་རིག་ནི་སྤྱིའི་ཆ་ནས་བལྟས་ཚེ། གནའ་བོའི་རྒྱ་གར་གྱི་རིག་གནས་གཞུང་རྟར་གྱུར་པའི་རིག་གནས་ཤིག་ཡིན་པ་རེད།

   དེ་ལྟར་རྒྱ་གར་ཤེས་རིག་གིས་བོད་ལ་ཤུགས་རྐྱེན་དེ་འདྲ་ཞིག་ཐེབས་པའི་འབྲས་བུ་ཡང་། ཕན་གནོད་གཉིས་ཆ་ནས་གླེང་རྒྱུ་ཡོད་ངེས་མོད། དེ་ནི་གནས་ཚུལ་གཞན་ཞིག་རེད། བོད་ཀྱི་ཤེས་རིག་གི་ལོ་རྒྱུས་ཀྱི་བྱུང་རིམ་དང་གནས་སྟངས་དངོས་ནི། ཡག་ན་བཙོག་ན་དོན་དངོས་དང་མཐུན་པ་ཞིག་ཁས་ལེན་རྒྱུ་གལ་ཆེ་ཡི། སྐབས་ཐོག་རེ་རེའི་ཆབ་སྲིད་ཀྱི་དགོས་དབང་གིས་ལོ་རྒྱུས་འཁྱོག་བརྗོད་བྱས་ན་ནི་རྩ་བ་ཉིད་ནས་མི་འགྲིག་པ་རེད།

   དེས་ན། ངས་ཉིན་དང་པོར་བཤད་ཟིན་པ་ལྟར། མི་ལ་ལས། ད་ལྟའི་འཛམ་གླིང་འདི་ཤེས་རིག་གི་ཁྱབ་ཁོངས་ལྔར་བགོ་བའི་དབང་དུ་བྱས་ཚེ། བོད་ཀྱི་ཤེས་རིག་ཀྱང་རྒྱ་ནག་པའི་ཤེས་རིག་གི་ཁྱབ་ཁོངས་སམ། རྒྱ་སྐད་དུ中华文明圈ཟེར་བའི་ནང་དུ་སྡུད་བཞིན་ཡོད་མོད། དེ་ནི་གནས་སྐབས་ཀྱི་ཆབ་སྲིད་དགོས་མཁོའི་ཆེད་དུ་རྫུན་བཤད་པ་ཙམ་ལས། ད་ལྟའི་བོད་ཀྱི་རིག་གནས་ནི། སྔར་གྱི་བྱུང་རབས་ལོ་རྒྱུས་དང་། རིག་གནས་རང་གི་རྩ་བའི་ངོ་བོ། ཡི་གེའི་བརྡ་སྤྲོད་སོགས་ངོས་ཟུར་གང་ནས་དཔྱད་ཀྱང་། རྒྱ་གར་ཤེས་རིག་གི་ཁྱབ་ཁོངས་སུ་འདུ་བ་གསལ་པོ་ཡིན་པ་རེད།

   བོད་པའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོར་གྱུར་པའི་སངས་རྒྱས་ཆོས་ལུགས་ཀྱི་ཁུངས་རྒྱ་གར་ལ་ཐུག་པས་མི་ཚད། དེ་བོད་དུ་དར་བ་དང་ཆབས་ཅིག་ཏུ། རྒྱ་གར་གྱི་ཤེས་རིག་གཞན་མང་པོ་ཡང་བོད་ལ་རིམ་གྱིས་བྱུང་ཡོད་དེ། མཁར་ལས་འཛུགས་སྐྲུན་ལ་མཚོན་ན། རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་ཕོ་བྲང་ཡུམ་བུ་བླ་མཁར་དང་། གྲི་གུམ་བཙན་པོའི་དུས་ཕྱིང་བ་སྟག་རྩེ་སོགས་བཞེངས་ནས་བོད་རང་ཉིད་ལ་མཁར་ལས་དང་མཁར་གྲོང་བརྩིགས་པའི་སྲོལ་ཐུན་མོང་མིན་པ་དར་ཡོད་པའི་རྨང་གཞིའི་སྟེང་། ཕྱིས་སྲོང་བཙན་སྒམ་པོ་ཡབ་སྲས་ཀྱི་སྐུ་དུས་ནས་བཟུང་། རྒྱ་གར་པའི་འཛུགས་སྐྲུན་གྱིས་བོད་ལ་ཤུགས་ཆེན་པོ་ཐེབས་ཡོད་པ་རེད། དཔེར་ན། རྒྱ་གར་གྱི་བི་ཀྲ་མ་ལ་ཤི་ལའི་གཙུག་ལག་ཁང་ལ་དཔེར་བླངས་ནས། ལྷ་ལྡན་གཙུག་ལག་ཁང་ངམ། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་པ་ལྟ་བུའོ། །གཙུག་ལག་ཁང་འདི་གཉིས་ཀའི་ནང་གི་ཀ་བའི་ཤུལ་རྣམས་ཀྱང་ཕན་ཚུན་འཕྲོད་ཐུབ་པ་ལྟ་བུ་ཞིག་རེད་ཅེས་དགེ་ཆོས་ཀྱིས་འདིའི་འོག་ཏུ་གསུངས་ཡོད།

   དེ་བཞིན་དུ་བསམ་ཡས་གཙུག་ལག་ཁང་ནི། རྒྱ་གར་གྱི་ཨོ་ཏན་ཏ་པུ་རའི་གཙུག་ལག་ཁང་ལ་དཔེར་བཞག་ནས་བཞེངས་པར་གྲགས་པ་དང་། ད་དུང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་། བོད་ཀྱི་རྡོའི་ཐོག་ཏུ་རྡོ་རྐོས་དང་རྡོ་སྐུ་བཞེངས་ཐུབ་མིན་བརྟག་ཆེད། རྒྱ་གར་དང་། བལ་ཡུལ་ནས་བཟོ་བོ་མང་པོ་ཆེད་དུ་བསུས་ཏེ་ཚོད་ལྟའི་ཚུལ་དུ། གཞུང་པའི་བྲག་ངོས་ལ་ཤ་བ་ཞིག་བརྐོས་པས། བོད་ཀྱི་རྡོ་ཡང་སྐུ་བཞེངས་པའི་རྒྱུར་རུང་བ་ཤེས་ནས། བསམ་ཡས་སུ་རྡོ་ཡིས་ཐུབ་སྐུ་ཆེན་པོ་ཞིག་བཞེངས་པའི་ལོ་རྒྱུས་ཀྱང་འདུག

   ད་དུང་། བོད་ཀྱི་འཛུགས་སྐྲུན་ལ་རྒྱ་ནག་བཟོ་སྐྲུན་གྱི་ཤུགས་རྐྱེན་ཡང་ཕྲན་བུ་ཐེབས་ཡོད་དེ། དཔེར་ན། ཁང་པའི་སྒེའུ་ཁང་གི་དྲ་མ་དང་རྒྱ་ཕིབས་ལྟ་བུ་ཡིན། འོན་ཀྱང་། རྒྱ་ཆེ་ས་ནས་བལྟས་ཚེ། བོད་ཀྱི་ལྷ་ཁང་དང་། འདུ་ཁང་། ཕོ་བྲང་སོགས་ཀྱི་ཀ་རིང་ཕྱོགས་དྲུག་མ་དང་། ཀ་རིང་ཐོག་གི་གཞི་ཆེན་གཞི་ཆུང་། བམ་འཕུར་ལ་སོགས་པ་ཀུན་གྱི་བཟོ་ལུགས་རྒྱ་གར་ལ་དཔེར་བླངས་པར་འདུག འོན་ཏེ་རྒྱ་བོད་གཉིས་ས་ཆ་མི་འདྲ་བས་འཛུགས་སྐྲུན་གྱི་རྒྱུ་ཆ་ཡང་མི་འདྲ་སྟེ། རྒྱ་གར་གྱི་ས་རྡོ་དང་། བོད་ཀྱི་ས་རྡོའི་རྒྱུ་སྤུས་མི་མཚུངས་པ་སོགས་སོ། །

   ཡང་སྤེན་རྒྱན་འཇོག་པ་དང་། ས་རྩི་བྱུགས་པ་སོགས་བོད་རང་གི་ཐུན་མོང་མིན་པའི་འཛུགས་སྐྲུན་གྱི་ཁྱད་ཆོས་ཀྱང་མང་དུ་ཡོད་པས། བོད་ཀྱི་འཛུགས་སྐྲུན་བཟོ་བཀོད་གཅིག་པུར་མཚོན་ན་ཡང་། རྒྱལ་ཁབ་མང་པོ་དང་། མི་རིགས་མང་པོའི་རིག་གནས་དང་མཛེས་དཔྱོད་མཉམ་འདུས་ཀྱི་གོང་བུ་ཞིག་ཡིན་པ་རེད།

   དེ་བཞིན་རྩིས་རིག་པར་མཚོན་ན། རྒྱ་གར་ནས་དཔལ་དུས་ཀྱི་འཁོར་ལོ་སོགས་བོད་དུ་དར་ཏེ་སྐར་རྩིས་ཀྱི་རིག་པ་དར་རྒྱས་བྱུང་བ་དང་། གསོ་བ་རིག་པ་ཡང་། བོད་རང་ལ་གནའ་དུས་ནས་ཡོད་པའི་གསོ་རིག་སྲོལ་རྒྱུན་གྱི་རྨང་གཞིའི་ཐོག་ཏུ། བཙན་པོ་ཁྲི་སྲོང་གི་སྐབས་ཏེ། གཡུ་ཐོག་ཡོན་ཏན་མགོན་པོ་རྙིང་མའི་དུས་སུ། རྒྱ་གར་དང་། བལ་ཡུལ། རྒྱ་ནག སྟག་གཟིག་སོགས་ཡུལ་གཞན་གྱི་གསོ་རིག་གི་ལེགས་ཆ་སྣ་ཚོགས་བསྡུས་པར་མ་ཟད། ལྷག་པར《བསྟན་འགྱུར》ཁྲོད་དུ་རྒྱ་གར་གྱི་གསོ་བ་རིག་པའི་གཞུང་མང་པོ་བསྒྱུར་ཡོད་པ་རེད།

   རྩོམ་རིག་ལ་ཆ་བཞག་ན། གནའ་བཙན་པོའི་དུས་ནས་བཟུང་བོད་རང་ལ་ཐུན་མོང་མིན་པའི་མགུར་གླུ་དང་། དམངས་སྒྲུང་སོགས་ས་སྐྱེས་རྡོ་སྐྱེས་ཀྱི་རྩོམ་རིག་གི་རྣམ་པ་སྣ་ཚོགས་ཡོད་པའི་སྟེང་། ཤོང་ལོས《སྙན་ངག་མེ་ལོང་མ》བོད་དུ་ཆ་ཚང་བསྒྱུར་པ་ནས་བཟུང་། དེས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་དམིགས་བསལ་གྱི་ཤུགས་རྐྱེན་ཞིག་ཐེབས་ཡོད་དེ། དུས་ཕྱིས་སུ《སྙན་ངག་མེ་ལོང་མ》ནི་བོད་ཀྱི་རྩོམ་རིག་གི་གཞུང་ལུགས་སུ་ཆགས་ཤིང་། གཞོན་ནུ་ཚོས་ཚིག་སྦྱོར་འབྲི་ཚུལ་སྦྱོང་བའི་བསླབ་དེབ་ཏུའང་གྱུར་པ་རེད།

   དེ་ལྟར་ཟུར་མང་པོ་ཞིག་ནས་བོད་ཀྱི་རིག་གནས་ལ་རྒྱ་གར་གྱི་ཤེས་རིག་གི་ཤུགས་རྐྱེན་ཐེབས་ཡོད་ལ། ལྷག་པར་དུ་ནང་པ་སངས་རྒྱས་པའི་གཙུག་ལག་རིག་གནས་ཀྱི་ཉིང་བཅུད་ལྟ་བུའི་ནང་བསྟན་མཚན་ཉིད་རིག་པ་ནི། རྒྱ་གར་གྱི་གྲུབ་མཐའ་སོ་སོའི་ལུགས་མ་འདྲེས་པར་ཇི་མ་ཇི་བཞིན་ཤེས་པའི་སྒོ་ནས་བོད་ཀྱིས་བླངས་ཡོད་པ་རེད།(དེས་བོད་ཀྱི་རིག་གནས་རྩ་ལག་ཀུན་གྱི་སྲོག་སྙིང་དུ་གྱུར་པའི་རིན་ཐང་ལྟ་བ་གྲུབ་པར་བྱས་ཡོད་པ་མངོན་གསལ་ཡིན་པས། ངས་ད་ལྟའི་བོད་ནི་རྒྱ་གར་ཤེས་རིག་གི་ཁྱབ་ཁོངས་སུ་འདུ་ཞེས་བཤད་པར་གནས་ལུགས་རྒྱུ་མཚན་ཡོད་པར་སྙམ།)

《ཧི་མ་ལ་ཡའི་ཕར་ཚུར》ལས་བཤུས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།