-ཨ་མེ་རི་ཀའི་ཉེ་རབས་ལོ་རྒྱུས་(སྟོད་ཆ་)བསྒྱུར་པའི་ཟིན་བྲིས།
མི་ལ་ཙི་ཙི།
བདུན། ཨ་རིའི་གདུང་འདེགས་ཀྱི་ཀ་ཆེན་གཉིས།
གལ་སྲིད། རྒྱལ་ཡབ་ཝ་ཤེན་ཊིན་ནི་ཨ་མེ་རི་ཀ་ཟེར་བའི་རྒྱལ་ཁམས་དེའི་མཁར་མོ་ཆེའི་རྒྱ་ཕིབས་ཡིན་པའི་དབང་དུ་བྱས་ན། རང་དབང་དམངས་གཙོ་ཡི་བསམ་བློ་མཚོན་བྱེད་ཐཱོམ་སི・རྗོ་ཧྥོ་སན་དང་། མ་རྩ་རིང་ལུགས་སྙིང་སྟོབས་ཀྱི་འཐུས་ཚབ་པེན་རྗི་མཱིན・ཧྥུ་རན་ཁི་ལིན་གཉིས་ནི། དེའི་གདུང་མ་འདེགས་སྤྱད་བརྟན་ཞིང་རླིང་པའི་ཀ་ཆེན་གཉིས་དེ་ཡིན་དུ་སྲིད། དེ་ལྟར། སོ་སོར་དམག་དོན། ཆབ་སྲིད། ཕྱི་འབྲེལ་བཅས་ཀྱི་ཐད་འཛམ་གླིང་ལ་སྙན་གྲགས་བཞག་པའི་སྐྱེས་ཕོ་འདི་གསུམ་ལ། ཨ་མེ་རི་ཀའི་སྲོལ་འབྱེད་ཤིང་རྟ་རྣམ་གསུམ་དུ་ཡང་འབོད་དོ། །
༡ ཐཱོམ་སི・རྗེ་ཧྥོ་སན།
“《རང་བཙན་བསྒྲགས་གཏམ》གྱི་མ་ཟིན་འགོད་མཁན། 《ཧྥོར་ཀེ་ནེ་ཡཱ་ཆོས་ལུགས་རང་དབང་ཁྲིམས་ཡིག》གི་ཕྱི་མོ་རྩོམ་མཁན། ཧྥོར་ཀེ་ནེ་ཡཱ་སློབ་ཆེན་འཛུགས་མཁན། ཐཱོམ་སི・རྗོ་ཧྥོ་སན་གནས་འདི་ན་གཏན་དུ་གཉིད་ཡོད།”
འདི་ནི། རྗེ་ཧྥོ་སན་ཁོ་རང་གིས་མ་འདས་སྔོན་ཙམ་ལ་བྲིས་བཞག་པའི་གདུང་མདུན་རྡོ་བྱང་ཁ་ཡིག་རེད། བལྟས་པ་ཙམ་གྱིས་ཧ་ཅང་སྤྱིར་སྟངས་ཀྱི་ངག་སྟབས་ལས་ཡོང་བའི་ཕལ་བའི་སྐད་ཆར་འདུག་མོད། དེའི་རྒྱབ་ལོགས་ཀྱི་བསམ་བློའི་མངའ་ཐང་རྒྱ་ཆེན་དེ། ཁོའི་མི་ཚེའི་བྱུང་བ་བཀླགས་ན་ད་གཟོད་རྟོགས་ཐུབ་པ་ཞིག་རེད།
ཝེ་ལིམ(Willem,房龙)གྱི《མེ་གླིང་སྙིང་སྟོབས》ནང་དུ་མི་སྣ་གཉིས་བྲིས་ཡོད། གཅིག་ནི་བྱང་ཨ་རིའི་རྗེ་ཧྥོ་སན་རེད། གཞན་དེ་ནི་ལྷོ་ཨ་རིའི་བྷོ་ལི་ཝར(Bolívar,玻利瓦尔 )རེད། ཝེ་ལིན་གྱིས་བཤད་འདོད་པ་ནི། མི་སྣ་འདི་གཉིས་ཀྱིས་གླིང་ཆེན་ཨ་མེ་རི་ཀའི་མི་རིགས་བཅིངས་འགྲོལ་གྱི་སྙིང་སྟོབས་གཅིག་སྡུད་དུ་མཚོན་ཐུབ་ཟེར་བ་དེ་རེད། ཝེ་ལིམ་ལ་ཡིད་རྟོན་པའི་ཀློག་པ་པོ་ཞིག་ཡིན་ཕྱིན། འདི་ལས་ཀྱང་རྗེ་ཧྥོ་སན་གྱི་ལོ་རྒྱུས་གོ་ཐང་ཤེས་ཐུབ་པ་ཞིག་རེད།
རྗེ་ཧྥོ་སན་བཤད་ན། སྔོན་ལ་ཁོའི་ཁྱིམ་རྒྱུད་ཀྱི་ཐོབ་ཐང་སྟེ— “རང་བདག་སོ་ནམ་པ”(自耕农)ཞེས་པ་འདི་ཤེས་དགོས་པ་གཅིག་རེད། “ངའི་སྤྱིལ་བུའི་ནང་རླུང་ལྡང་ཆོག །ཆར་ཡང་འབབ་ཆོག །འོན་ཀྱང་རྒྱལ་པོ་ཡོང་མི་ཆོག །” དུས་རབས18པའི་དབྱིན་ཇིའི་ཆབ་སྲིད་པ་ཝེ་ལིན・ཕེལ་ཏིའི(威廉・皮特)སྐད་ཆ་འདིའི་བསྟན་བྱ་ཏག་ཏག“རང་བདག་སོ་ནམ་པ”རེད། རང་བདག་སོ་ནམ་པའི་ཁོ་ཚོའི་ཁྱད་ཆོས་གཙོ་བོ་ནི་འཁོས་ཀར་བཟང་ཞན་མེད་པར་རང་དབང་རྩ་ཆེན་དུ་བརྩི་བ་དེ་རེད། དེ་བས“ཟླ་ལྔ་པའི་མེ་ཏོག་རྟགས་ཅན”གྱི་རྗེས་སུ་རིམ་པར་སྐམ་སར་འབྱོར་བའི་རང་བདག་སོ་ནམ་པ་རྣམས་ཀྱིས་ནི། དུས་རབས་འགར་དཀའ་བ་སྤྱད་དེ་ལག་ཏུ་ལོན་པའི་རང་དབང་དང་ཁེར་ཚུགས་ཀྱི་ཐོབ་ཐང་དེ། འཆི་བ་སྲོག་ལ་བབས་རུང་སྲུང་སྐྱོབ་བྱེད་ཤག་ཏུ་ཡོད། འདི་ནི་དེ་ལྟའི་ཁྱིམ་རྒྱུད་ནས་སྐྱེས་པའི་རྗེ་ཧྥོ་སན་གྱིས“རང་བཙན་བསྒྲགས་གཏམ”རྩོམ་གནང་སྐབས། ཐོག་མར“འགྲོ་མིའི་གནམ་བསྐོས་ཁེ་དབང”( “天赋人权”)ཞེས་པའི་སྐད་ཆ་རླབས་པོ་ཆེ་དེ་དྲན་པའི་བག་ཆགས་ཀྱི་ཕྱི་མོ་རེད་ཅེས་ལབ་ཀྱང་མི་འགལ་སྙམ།
དེ་འདྲའི་སོ་ནམ་པའི་གཤིས་ཀས་ཡིན་དུ་སྲིད། རྗེ་ཧྥོ་སན་ཁོ་རང་ཉིད་མི་ཚེ་གང་བོར་མེན་ཊི་སཱེ་ལོ(蒙蒂塞洛)ཞིང་ར་ནས་འཚོ་སྡོད་བྱེད་ཅིང་། ཁོས་མི་རྣམས་གྲོང་ཁྱེར་དུ་རུབ་འཚང་གིས་འཚོ་བར་འཕྱ། ཕྱིས་སུ་ཨ་རིའི་རྒྱལ་དོན་བློན་ཆེན་དུ་བསྡད་རྗེས། འབངས་ཀྱི་ཁེ་ཕན་བསམས་ཏེ། ཁོས་རྒྱུ་ནོམ་མང་ཆེ་ཕྱུག་པོ་ཉུང་ཤས་ཀྱི་གློ་ཁུག་ཏུ་འགྲོ་སྲིད་པའི་ཧ་མཱེར་ཊན་གྱི་དངུལ་ཁང་ལམ་ལུགས་དང་། དེ་མཚུངས་བཟོ་ལས་གསར་བརྗེ་ལ་ངོ་རྒོལ་བྱས(འོན་ཀྱང་སྲིད་འཛིན་དུ་བསྡད་རྗེས་ཁོས་ད་གཟོད་རང་གི་ཆབ་སྲིད་འགྲན་ཡ་ཧ་མཱེར་ཊན་གྱི་དཔལ་འབྱོར་མཁྱེན་རྒྱ་མཐོང)། སྤྱི་ཚོགས་དམའ་རིམ་གྱི་འབངས་མིའི་རང་དབང་བསྲུང་ཕྱིར། ཁོས་ཆོས་སྲིད་རྐྱ་བཀར་བའི་གྲོས་གཞི་བཏོན། མི་དམངས་ཆེ་ཞིང་སྲིད་གཞུང་ཆུང་བ་ཞིག་བཟོ་ཕྱིར། ཐ་ན་ཁོས་སྲིད་འཛིན་ཝ་ཤེན་ཊིན་སྒེར་གཅོད་པ་ཞིག་ཏུ་འགྱུར་མིན་ལ་ཡང་ཅག་ཟོན་ལྷོད་མྱོང་མེད། ཡང་ན། ཕྱོགས་ལྷུང་ཆེ་བའི་གཞུངས་རྒྱུད་འདི་རྣམས་ཀྱི་ཐོག་མའི་ས་བོན་ནི། དོན་ལ། “རང་བདག་སོ་ནམ་པའི”ཁྱིམ་རྒྱུད་ལོ་རྒྱུས་ཀྱིས་ཁོའི་ཁྲག་རྒྱུན་ཁྲོད་བཞག་ཡོད་པ་ཞིག་ཡིན་ཚོད།
གཞན། ལོ་བཅུ་བཞིའི་སྟེང་ཕ་རྒན་གྱིས། “རང་གིས་བསྒྲུབ་ཐུབ་པའི་དོན་བྱ་ཞིག་ཡིན་ཕྱིན་མི་གཞན་པར་ཚེགས་ཡུས་མ་བསྐུར”ཞེས་པའི་མི་ཚེའི་བསླབ་བྱ་བསྐྱུར་ནས་འདས། ཁྱིམ་རྒྱུད་ཀྱི་ཞིང་རའི་གཉེར་ཀ །དེ་བཞིན་ཨ་མ་དང་མིང་སྲིང་ཀུན་གྱི་འཚོ་བ། ད་རུང་བྲན་གཡོག60 (ཨ་རིའི་དམངས་གཙོའི་བསམ་བློའི་ཕ་ཡབ་བྲན་བདག་ཅིག་རེད་ཟེར་ན། དེ་རིང་གི་མི་རྣམས་ཀྱིས་དང་ལེན་བྱ་དཀའ་ཡང་། མི་ལོ300ཡི་གོང་རོལ་དེར་ཧ་ཅང་རྒྱུན་ལྡན་དུ་སྣང)ཡི་བདག་དོམ་དང་བཅས་རྗེ་ཧྥོ་སན་གྱི་ཕྲག་ཏུ་བབས། དེ་ལྟར། དོན་ལ་ད་རུང་བྱིས་པ་ཞིག་ཡིན་རུང་ཁོ་རང་སྔ་ཙམ་དུ་ནར་སོན་དགོས་བྱུང་། དེའི་རིང་ཁོས་དབྱིན་གཞུང་གི་ས་རིས་པའི་ལས་ཀ་ཞིག་ཀྱང་རག་པས། རི་ལུང་གོམ་པས་བཅལ་ཏེ་ཧྥོར་ཀེ་ན་ཡཱའི་ས་ཁྲ་ཐོག་མ་དེ་དཔར།
སྐབས་དེའི་ཨ་རིའི་གཙོ་འཛིན་རྣམ་པའི་ཁྲོད། རྗེ་ཧྥོ་སན་གྱི་སྐྱེས་ཐོབ་ཀྱི་ཤེས་རབ་ཆེས་ཆེ་མཐོ་བར་བཤད། ཝེ་ལིམ་གྱིས《མེ་གླིང་སྙིང་སྟོབས》ནང་བྲིས་པ་ལྟར་ན། ཁོས་ཀེ་རི་སིའི་སྐད། ལཱ་ཏིང་སྐད། ཧྥ་སྐད། སི་ཕེན་སྐད། དབྱི་ཐ་ལིའི་སྐད། དབྱིན་སྐད་དང་བཅས་སྐད་རིགས་ཇི་སྙེད་གོ་བརྡ་འཕྲོད་ཙམ་མ་ཡིན་པར་ཁོང་དུ་ཆུད་དེ། རྒྱལ་ཁབ་དེ་རིགས་ཀྱི་སྐྱེ་བོ་དང་གླེང་མོ་བྱེད་ན་ལོ་ཙཱ་མི་དགོས་ཟེར། ད་རུང་སྲོག་ཆགས་རིག་པ། སྐྱེ་དངོས་རིག་པ། རྫས་འགྱུར་རིག་པ། འཛུགས་སྐྲུན་རིག་པ། དེ་བཞིན་རྩོམ་རིག་དང་རོལ་མོ་སོགས་ཀྱི་ཐད་ལ་ཡང་། གོ་ལོ་ཐོས་ལོ་ཙམ་མིན་པར་ཁོར་སྦྱང་བ་མི་དམན་པ་ཐོབ་ཡོད་ཟེར། ཐ་ན་གཡོས་སྦྱོར་སྒྱུ་རྩལ་དང་རྒུན་ཆང་བཙགས་སྙོལ་གྱི་འཇོན་ཐང་ལ་བརྟེན་ཏེ། སྲིད་འཛིན་དུ་སྡོད་རིང་། ཕྱིའི་རྒྱལ་ཁབ་ཀྱི་སྐུ་མགྲོན་དག་མེན་ཊེ་སཱེ་ལོ་གཞིས་ཀར་བསུ་རྒྱུར་དགའ་བར་བཤད། དེ་མིན་ལོ་ངོ7ལ་བསླབས་ཏེ་མཐར་ཕྱིན་པའི་ཁྲིམས་ལུགས་ནི་ཁོའི་ཆེད་ལས་རེད་ལ། དེའི་ཐད་མཁྱེན་དཔྱོད་ཆེ་བ་ལྟ་ཡང་ཅི་འཚལ། རྒྱལ་ཁབ་གསར་འཛུགས་དུས་ཀྱི་སྲིད་འཛིན་དྲུག་པོའི་ནང་། ཝ་ཤེན་ཊིན་ཕུད་གཞན་རྣམས་ཡོངས་སུ་ཁྲིམས་རྩོད་པ་རེད་ལ། རྗེ་ཧྥོ་སན་ཡང་སྐབས་དེའི་བྱང་ཨ་རིའི་ཆེས་སྐད་གྲགས་ཆོད་པའི་ཁྲིམས་རྩོད་པའི་གྲས་རེད། དེར་བརྟེན། ཨ་རིའི་དེ་རིང་གི་ཁྲིམས་ལུགས་སྙིང་སྟོབས་ཀྱང་། དོན་ལ་རྒྱལ་ཁབ་ཀྱི་ཐོག་མའི་གཞི་རྒྱུ་ལས་བྱུང་བ་རེད་ཅེས་སྨྲས་ཀྱང་ཅི་ལ་འགལ།
ཆ་གཅིག་ལ། སྤྱིའི་སློབ་གསོ་དང་། ནང་སྒོས་ཁྲིམས་ལུགས་ཀྱིས་བསྩལ་བའི་སྤྱི་ཚོགས་ཚོར་ཤེས་སྐྱེན་པོ་དང་། ཆ་གཅིག་ལ། གོང་མ་རྗོར་ཊིའི“ཁྲལ་རི་མོ་ཅན།” “ཇ་ཁྲལ་བཅའ་ཁྲིམས།” དེ་བཞིན“པཱོ་སི་ཊོན་ཇ་བརླགས་དོན་རྐྱེན།” “ལཱེ་ཀི་སཱན་ཊོན་གྱི་བུའུ་སྐད”སོགས། གསར་བརྗེའི་དོན་རྐྱེན་མང་དག་དང་དངོས་བརྒྱུད་གང་ཅིའི་འབྲེལ་བ་བྱུང་བས། མཐར་རྗེ་ཧྥོ་སན་རང་བཙན་བརྩོན་མཁན་རྒྱལ་གཅེས་པ་ཞིག་ཏུ་ཆགས། ཡང་སྔོན་ཆད། “རྒྱལ་གཅེས་པ”ཞེས་པ་གོང་མར་གློ་བ་མི་ཉེ་བའི་མི་ལ་འཕྱ་སྤྱད་ཅིག་རེད་མོད། སྐབས་དེར་ཐོན་དུས། རང་གི་སྐྱེས་ཡུལ་གང་ཡིན་དེ་ལ་བློ་དཀར་པའི་སྐྱེ་བོར་གོ་བ་ལེན་པས་གཟི་བརྗིད་ཅིག་ཏུ་བརྩི། དེ་བས་དེ་རིང་གི་ཆར་ཡང་། “རྒྱལ་གཅེས་པ”སྐད་པའི་བརྡ་ཆད་མཛེས་ལེ་ཁ་འདི། དྲང་བདེན་གྱིས་མ་ཁྱོག་ན་རྒྱལ་འཚོང་མཁན་མིན་པའི་ངེས་པ་ཡང་མེད་ཚོད་རེད།
ཤེས་བྱ་འདོད་པའི་སྐོམ་གདུང་དང་ཡོན་ཏན་འཚོལ་བའི་དགའ་བྲོད་ལ་བརྟེན་པའི་ཐོག །ཁྲིམས་རྩོད་པ་ཞིག་ནས་འགོ་བརྩམས་ཏེ། རྗེ་ཧྥོ་སན་རིམ་བཞིན་རྫོང་གི་བདེ་འཇགས་དཔོན། ཧྥོར་ཀེ་ནཱེ་ཡའི་གྲོས་མི། སྐམ་འཐུས་ཚོགས་པའི་འཐུས་མི། ཧྥ་སྡོད་བཀའ་བློན། ཝ་ཤེན་ཊིན་གྱི་རྒྱལ་དོན་བློན་ཆེ་བཅས་སུ་བསྡད་ཅིང་། མཐའ་མཇུག །ཨ་མེ་རི་ཀའི་སྲིད་འཛིན་གསུམ་པའི་ཁག་ཁུར་ཕྲག་ཏུ་བབས། མཚམས་འདི་ནས། འུ་ཚོས་རང་གི་སྤྱི་ཚོགས་ཁོར་ཡུག་གི་བག་ཆགས་ལྟར་ཅོལ་ཆུང་བྱ་མི་རིགས་པ་ནི། སྲིད་ཀྱི་ལས་ཀའི་སྐས་རིམ་འདི་དག་ཡར་ཡར་བརྟོལ་ཏེ་འགྲོ་དུས། རྗེ་ཧྥོ་སན་ཁོ་མཐའ་གཅིག་ཏུ་དཔོན་པོ་ཆེ་ཙམ་ཞིག་ཏུ་སྡོད་སྙིང་གཏན་ནས་མིན་པ་དེ་རེད། གལ་སྲིད་དེ་ལྟར་ཡིན་ཚེ། ཁོ་པ་རང་དབང་སྨྲ་བའི་མཚན་ཉིད་རིག་པ་བ་ཞིག་གི་མཐོ་ཚད་དུ་འཕགས་ཏེ། མིའི་རིགས་སྤྱི་ལ་ཁ་ཕྱོགས་སྟོན་མཁན་དཔལ་འབར་ཅིག་ཏུ་འགྱུར་ཐུབ་ས་མ་རེད།
གོང་གསལ་ཡི་གེ་གཞིར་བཞག་ཐོག །མཚམས་འདིར་ཁོ་བོས་རང་གི་བློས་འཆུམ་ཚོད་ཐེར་ཆགས་བྱས་ཏེ། ཧྥོར་ཀེ་ན་ཡཱའི“རང་བདག་སོ་ནམ་པ”འདིའི་མི་ཚེ་རིང་མོ་དེ། རང་དབང་བསམ་བློ་དང་སྲིད་ཀྱི་བློ་གྲོས་གཉིས་སུ་ཆ་བགོ་ལ་སྤྱི་སྡོམ་ཆུང་ངུ་ཞིག་བྱ།
ཀ །རང་དབང་བསམ་བློ།
སྨྲ་མི་དགོས་པ་ནི། རྗེ་ཧྥོ་སན་གྱི་རང་དབང་བསམ་བློ་ཉིང་ཏིག་ཏུ་བསྡུས་ན—《རང་བཙན་བསྒྲགས་གཏམ》རེད། དེའི་ཁར་ད་རུང་དཔེ་གཅིག་བགྲང་དགོས་ཚེ《ཆོས་ལུགས་རང་དབང་གི་ཁྲིམས་ཡིག》(《ཧྥོར་ཀེ་ནེ་ཡཱ་ཆོས་ལུགས་རང་དབང་གི་ཁྲིམས་ཡིག》ཀྱང་ཟེར)རེད།
བལྟས་པ་ཙམ་གྱིས་རྟོགས་ཐུབ་པ་ནི། “རང་བཙན་བསྒྲགས་གཏམ”གྱི་རྣོ་ངར་དབལ་དབལ་པོ— “རང་བཙན”ཞེས་པའི་ཡིག་འབྲུ་འདི་གཉིས་ཀྱི་སྟེང་ན་ཡོད་པ་དེ་རེད། དབྱིན་ཇིའི་གོང་མ་རྗོར་ཊིའི་སྙིང་ལ་སྙུང་བུ་བསྐོར་འདྲའི་གླེང་ཕྱོགས་འདི། ཆེས་ཐོག་མར་ཧྥོར་ཀེ་ནེ་ཡཱའི་གྲོས་མི་སྟེ། རང་བཙན་དམག་འཁྲུག་སྐབས་ཀྱི་དམག་དཔོན་གྲགས་ཅན་ཧིན་རཱེ・ལི་ཡིས་བཏོན་པ་རེད། དེར་ཁོས། “མཉམ་འབྲེལ་བྱས་པའི་མི་སེར་སྤེལ་ཡུལ་འདི་དག །དོན་ལ་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་ན་རེད”ཟེར། སྐད་ཆ་འདིས་ནི་དབྱིན་གཞུང་མ་བཤད་དང་། མི་སེར་སྤེལ་ཡུལ་ཡང་སྔངས་ཡེར་རེར་བཏང་། དེའི་རྒྱུ་མཚན་བཤད་ན། སྐབས་དེའི་མི་རྣམས་ཀྱི་བག་ཆགས་ཁྲོད། མེས་པོ་ནས་བརྒྱུད་པའི་མ་ཡུམ་རྒྱལ་ཁབ་ལ་ངོ་རྒོལ་བྱེད་པ་ནི། ཨ་ན་མ་ན་སྟོན་པ་ཡེ་ཤུའི་གདོང་ལ་སྡིགས་མཛུབ་གཏོད་པ་དང་ཁྱད་མེད། འོན་ཀྱང་སྔོན་ཙམ་ལ། “རང་དབང་མེད་ན་ཤི་ཡང་རུང”ཞེས་པའི་གཏམ་བཤད་མཁན་ཕཱ་ཐེལ་ཁེ・ཧིན་རཱེས་ཟེར་ན། “ཁཱེ་སཱ་ལ་རྒོལ་མཁན་པུལ་སི་ཐེ(布鲁斯特)ཡོད། ཆཱ་ལི་ལ་རྒོལ་མཁན་ཁི་ལིན་ཝེར(克伦威尔)ཡོད། འོ་སྐོལ་ཚང་གི་རྗོར་ཊིར་ཡང་དེ་འདྲ་གཅིག་ཡོད་ན་རེད་ཡ།” ཞེས་མང་ཚོགས་ལ་གོ་རྒྱུ་ཅན་གྱི་སྐུལ་སློང་བྱེད། དེ་ག་ནང་བཞིན། 《“ཟླ་ལྔ་པའི་མེ་ཏོག་རྟགས་ཅན་གྱི”སྤྱི་ཆིངས》ནས་འགོ་བརྩམས་ཏེ། བྱང་ཨ་རིའི་སྤྱི་ཚོགས་ཁྲོད། ལོ་ངོ་སྟོང་གི་སྲོལ་རྒྱུན་ཡོད་པའི་བྲན་སྒྱུར་ལམ་ལུགས་མ་ཡིན་པར། གན་ཆིངས་སྙིང་སྟོབས་ཀྱི་སྤྱི་ཚོགས་སྐྱོང་ལུགས་ཡག་པོ་དེ་མི་སེམས་ཀྱི་གཏིང་སར་གཤགས་ཏེ་ཡོད། དེར་བརྟེན། མངའ་སྡེ13པོ་ཁ་སེམས་མཐུན་ཕྱིར་བྲིས་པའི་པེན་རྗི་མིན・ཧྥུ་རན་ཁི་ལིན་གྱི“དཔུང་སྦྲེལ་འཆར་གཞི”ལ་ཡང་སྤྱི་མོས་ཐོབ། འདི་རྣམས་ནི་རྗེ་ཧྥོ་སན་གྱི“རང་བཙན་བསྒྲགས་གཏམ”ལ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་བྱེད་ཀྱི་རྒྱུ་དང་ས་བོན་རེད།
“རང་བཙན་བསྒྲགས་གཏམ”རྩོམ་ན་ཧབ་གཤགས་རྐྱང་གིས་མི་ཡོང་བས། སྐམ་སའི་གྲོས་ཚོགས་ཀྱི་གྲོས་ཆོད་ལྟར། ཨ་རིའི“ཤེས་རབ་རྒན་པོ”ཧྥུ་རན་ཁི་ལིན། རྗོན・ཨ་ཊམ་སི། ཐཱོམ་སི・རྗེ་ཧྥོ་སན་བཅས་མི་ལྔ་ཡིས་གྲུབ་པའི་ལྷན་ཚོགས་ཤིག་བཙུགས།
དེར་ཡོན་ཏན་པ་ཡིན་པའི་རྗེ་ཧྥོ་སན་གྱི་རྩོམ་རྩལ་རྫོགས་ཏེ་ཡོད་པས། སྐམ་སའི་གྲོས་ཚོགས་ལས་ལོ་ན་གཞོན་ཤོས་ཏེ་ཕོ་ལོ33ཙམ་ལས་མེད་རུང་། ཁོ་རང་ཨ་རི་མ་ཟད་འགྲོ་བ་མིའི་རིགས་ཀྱི་རང་དབང་བསམ་བློའི་སྙིང་ཁྲག་ལྟ་བུའི་རླབས་ཆེན་ཡིག་ཆ— 《རང་བཙན་བསྒྲགས་གཏམ》གྱི་ཕྱི་མོ་རྩོམ་མཁན་སྙུག་ཐོགས་པར་འོས་བསྐོ་བྱས། ཡང་ལྷན་ཚོགས་དེའི་བློར་བབས་པ་ནི་ཁོའི་སྙུག་རྩལ་གཅིག་པུ་ཡང་ག་ལ་ཡིན་ཏེ། གཙོ་བོ་ཡིད་རྟོན་དུ་རུང་བའི་ཁོའི་དམངས་གཙོའི་བསམ་བློ་དང་རང་དབང་གི་ལྟ་གྲུབ་རེད། ཡང་ཕར་བལྟས་པ་ཙམ་དུ། འདི་ནི་གཟི་བརྗིད་ཀྱི་འོད་ཟེར་ཁོ་ནས་བཏུམས་ཏེ་ཡོད་པའི་རྣམ་པ་རུ་འདུག་མོད། བརྗེད་དུ་མི་རིགས་པ་ནི། ཕྱིས་སུ་ཝ་ཤེན་ཊིན་སྐམ་སའི་དམག་གི་སྤྱི་དཔོན་དུ་སྡོད་པ་དང་འདྲ་བར། གལ་ཏེ་འོས་ལངས་ཕམ་པ་ཡིན་ན། རྗེ་ཧྥོ་སན་གཙོ་བྱས་པའི་ལྷན་ཚོགས་འདི། ཆེས་ཐོག་མར་རྗོར་ཊིའི་མིག་ནང་གི་ལིང་ཏོག་དང་སོ་ནང་གི་སྲིན་འབུ་རུ་སོང་ཚར་བས། ཁོ་ཚོ་གསོན་ས་སྟེང་དུ་སྡོད་དབང་མེད་པ་གཞིར་བཞག་རེད། འོན་ཀྱང་སོ་སོ་ཐེ་བའི་སྐམ་ས་ཆེན་པོའི་རང་དབང་གི་ཕྱིར། མི་ཕོ་དེ་ཚོས་སྤོབས་པ་བསྐྱེད་དེ་རལ་གྲིའི་སོ་ནས་རྟ་ཕོ་ལྕག་གིས་བསྐུལ་ཏེ་མཆོང་ཞིང་རྒྱུག །
དེ་ཡང་། དུས་རབས18པའི་ཨ་རིའི་རང་དབང་རིང་ལུགས་ཀྱི་ཕུལ་ཕྱིན་འཐུས་ཚབ་ཡིན་པའི་ཆ་ནས་བཤད་ན། རྗེ་ཧྥོ་སན་གྱི་བསམ་བློའི་ཆུ་མགོ་དབྱིན་ཇི་དང་ཧྥ་རན་སིའི་བློ་འབྱེད་བསམ་བློ་དང་། ནང་སྒོས་རྗོན・ལཱོ་ཁི(John Locke,约翰洛克)ལ་གཏུག་དགོས་ཡོད་པར་བཤད། དེ་མིན་ཁོས་ཆུང་དུས་ནས་བཟུང་གནའ་བོའི་ཀེ་རི་སི། དེ་བཞིན་རཱོ་མ་སོགས་ཀྱི་གནའ་གཞུང་བརྩམས་ཆོས་ལས་ཀྱང་བསམ་བློའི་ཉིང་བཅུད་དཔེ་མེད་བཞིབ་ཡོད་པས། ཨ་རི་རྒྱལ་ཁབ་གསར་བཞེངས་སྐབས། མཁྲེགས་འཛིན་རིང་ལུགས་པ་ཚོའི་གྲལ་ནས། ཁོ་རང་བ་བརྒྱའི་གྲས་ཀྱི་གཡག་རྒོད་དང་བོང་བརྒྱའི་གྲས་ཀྱི་གྱི་ལིང་རེད། “རྩ་ཁྲིམས་ཀྱི་ཡབ་ཆེན”དུ་འབོད་པའི་མཱེ་ཏི་སན་སོགས་རང་དབང་རང་ལུགས་སྨྲ་མཁན་སྤུན་ཟླ་ཚོའི་གྲས་ནས་ཀྱང་དྭངས་རྩེར་འཕགས་ཏེ་ཡོད། འདི་རྣམས་ཁོས་རྩོམ་འབྲི་གནང་བའི《རང་བཙན་བསྒྲགས་གཏམ》དང་། དེ་བཞིན《ཆོས་ལུགས་རང་དབང་གི་ཁྲིམས་ཡིག》སོགས་ཀྱི་ཁ་གཤིས་ཁྲོད་ཚེགས་མེད་མཐོང་ཐུབ་པ་ཞིག་རེད།
“སྐྱེ་བོ་ཡོད་ཚད་པོ་སྐྱེས་མ་ཉིད་ནས་འདྲ་མཉམ་ཡིན། འཇིག་རྟེན་བྱེད་པོས་ཁོ་ཚོར་ཡེ་གཟོད་མ་ནས་འཕྲོག་ཏུ་མི་རིགས་པའི་གནམ་བསྐོས་ཀྱི་དབང་ཆ་འགའ་རེ་བསྩལ་ཡོད། དེ་རུ་ཚེ་སྲོག་གི་ཁེ་དབང་། རང་དབང་དང་བདེ་སྐྱིད་འཚོལ་སྙེག་བྱར་ཆོག་གི་ཁེ་དབང་བཅས་འདུ། ཁེ་དབང་འདི་རྣམས་ལ་ཁག་ཐེག་ཡོང་ཕྱིར། མི་རྣམས་ཀྱི་ཁྲོད་དུ་ད་གཟོད་སྲིད་གཞུང་བཙུགས་པ་རེད། ཡང་དབང་སྒྱུར་བྱ་ཡུལ་མི་རྣམས་ཀྱི་མོས་མཐུན་འཐོབ་ཚེ། སྲིད་གཞུང་ལ་ད་གཟོད་ཁྲིམས་མཐུན་གྱི་དབང་ཆ་ཡོད་པར་འགྱུར། གལ་ཏེ་རྣམ་པ་གང་རུང་གི་སྒོ་ནས་དམིགས་ཡུལ་འདི་ལ་གནོད་པ་སྐྱེལ་ཚེ། སྲིད་གཞུང་དེར་བཟོ་བཅོས་རྒྱག་པའམ། ཡང་ན་གཏན་མེད་བཟོས་ནས་སྲིད་གཞུང་གསར་པ་ཞིག་གཟུགས་རྒྱུའི་དབང་ཆ་མི་དམངས་ལ་ཡོད་་་།”
《རང་བཙན་བསྒྲགས་གཏམ》ནང་གི་སྐད་ཆ་འདི་ནི་གྲགས་ཅན་ཞིག་རེད། འདིས་ནི་བརྗོད་བྱ་ཆ་གསུམ་དུ་བཀར་པ་བརྒྱུད། རྗེ་ཧྥོ་སན་གྱི་ཐུན་མོང་མ་ཡིན་པའི་རང་དབང་རང་ལུགས་ཀྱི་བསམ་བློ་མཚོན་ཡོད་པར་བཤད།
(༡)འདྲ་མཉམ་སྙིང་སྟོབས། རྗེ་ཧྥོ་སན་གྱིས“ཆ་བགོ་རིང་ལུགས”(“平均主义”)ལ་དགག་རུང་། སྐྱེ་བོ་སོ་སོའི་འཇོན་ཐང་འདྲ་མཉམ་མིན་པས་རྒྱུ་ནོམ་ཡང་འདྲ་མཉམ་མི་ཡོང་། འོན་ཀྱང་རང་ཆས་སུ་བདོག་པའི་འདོད་འདུན་གཅིག་མཚུངས་ཡིན་པས། སྤྱི་ཚོགས་ཀྱི་ངོས་ནས་དེ་ཆ་གསེས་དང་སྙོམ་འགྲིག་བྱ་དགོས་ཀྱི་བླང་བྱ་འདོན། དེ་བས་ཁོའི་རང་དབང་བསམ་བློའི་ཆུ་མགོ་ལྟ་བུ་ཡིན་རུང་། ལཱོ་ཁིའི《སྲིད་གཞུང་རྣམ་བཤད》(《论政府》)ནང་གི“རྒྱུ་ནོར་གྱི་ཁེ་དབང”ཞེས་པ། ཁོས“བདེ་སྐྱིད་འཚོལ་སྙེག་གི་ཁེ་དབང”ཞེས་པར་བཅོས་པ་རེད། དེ་ནི་ཁོས་ལཱོ་ཁི་ལ་ལོག་འགྲེལ་བརྒྱབ་པ་མ་རེད་མོད། གཙོ་བོ་ཁོས་བདེ་སྐྱིད་འཚོལ་སྙེག་བྱེད་པ་ནི་སྐྱེ་བོ་ཡོད་རྒུ་ཅོག་གི་དབང་ཆ་རེད་མ་གཏོགས། རྒྱུ་འབྱོར་ཅན་གཅིག་པུའི་ཁྱད་དབང་མིན་པ་སྨྲ་འདོད་པས་རེད།
(༢)མི་ཆོས་རིང་ལུགས་ཀྱི་ཉིང་བཅུད། མི་ཚེའི་ལྟ་བའི་ཆ་ནས། རྗེ་ཧྥོ་སན་གྱིས་ཨེ་པི་ཀེའུ་རཱི(Epicurus,伊壁鸠鲁)ཡི་དགོངས་པ་ལྷུར་ལེན་བྱེད། དེ་ཡང་གནའ་བོའི་ཀེ་རི་སིའི་མཚན་ཉིད་རིག་པ་བ་འདིའི་ལྟ་བ་ལྟར་ན། “མི་ཚེ་ཡི་དམིགས་ཡུལ་ནི་བདེ་སྐྱིད་ཡིན་ནོ། །”ཟེར་བ་དེ་རེད། ཡང“བདེ་སྐྱིད”དེ་ནི་རྐམ་སྲེད་ཀྱི་དབང་པོའི་བག་མེད་ལོངས་སྤྱོད་མ་ཡིན་པར། ལུས་ལ་ནད་ཀྱི་འཚེ་བ་མེད་ཅིང་སེམས་ན་སྡུག་གི་འཁུར་གདོས་མེད་པ་ཞིག་ཏུ་ངོས་འཛིན། འདི་རྣམས་ལུང་དང་རྒྱབ་རྟེན་བྱས་ཏེ་རྗེ་ཧྥོ་སན་གྱིས་མ་རྩ་རིང་ལུགས་ཀྱི་ཐོག་མའི་ཞན་ཆ་དག་དཔྱོད་ཤེས་ཀྱི་རིག་པས་མཐོང་སྟེ། ལར་དངུལ་ལོར་དང་རྒྱུ་འབྱོར་གྱིས་མི་ལ་ཁ་ལོ་པསྒྱུར་པ་ཡིན་ན། མི་དེའི་ཁེར་ཚུགས་སུ་གཞི་གྲུབ་པའི་རིན་ཐང་རྦད་དེ་ཤོར་སོང་བ་རེད་ཅེས་གཙིགས་མོར་བསྟན། དེར་རྗེ་ཧྥོ་སན་གྱིས། “མི་ནི་ཀུན་ལས་འཕགས་ཤིང་ཀུན་གྱི་དམིགས་ཡུལ་ཡིན་པས། རྒྱུ་ནོར་དང་སྲིད་གཞུང་སོགས་ནི། དོན་དུ་མི་ལ་ཞབས་འདེགས་ཞུ་སྤྱད་ཀྱི་ལག་ཆ་ཙམ་ལས་མ་འདས་སོ། །”ཞེས་ཐེ་མི་ཚོམ་པར་སྨྲ།
(༣) མི་དམངས་ལ་བརྩི་བཀུར། མི་དམངས་ལ་གདུང་སེམས། མི་དམངས་ལ་མཐོང་ཆེན། རྗེ་ཧྥོ་སན་ནི་སྤྲོ་སེམས་ཀྱིས་བརྟས་པའི་རང་དབང་རིང་ལུགས་པ་ཞིག་ཡིན་པས་མི་ཚད། སྤྱི་དམངས་ཀྱི་བདག་དབང(民权)མཐའ་གཅིག་ཏུ་སྨྲ་མཁན་ཅིག་ཀྱང་རེད། སྔོན་ཆད་རྒྱལ་དོན་གྱི་རྐྱེན་གྱིས་ཁྲིམས་འཛུགས་ཚོགས་པར་ཞུགས་མ་ཐུབ་པས། ཁོས་ཕྱིས་སུ་རྩ་ཁྲིམས་ནང་སྤྱི་དམངས་ཀྱི་བདག་དབང་གི་སྐོར་མ་བྲིས་པར་དགག་པ་ཚ་མོ་རྒྱག །ཕྱིས་ཀྱི1789ལོར་ཝ་ཤེན་ཊིན་གྱི་རྒྱལ་དོན་བློན་ཆེ་འཁུར་རིང་། རྗེ་ཧྥོ་སན་གྱིས་ཡང་བསྐྱར་རྩ་ཁྲིམས་ཀྱི་དག་བཅོས་མ་ཟིན་བཅུ་པ་བཏོན་གནང་སྟེ་འབད་པ་ལྷོད་མེད་གནང་། ལོ་ངོ་བཅུ་ཡི་འཕྲོ་སྟེ1799ལོར། མ་ཟིན་དེ་ལ་གཞི་ནས་རྒྱལ་ཚོགས་ཀྱི་མོས་མཐུན་ཐོབ་ཅིང་། སྲིད་གཞུང་གིས་རང་གི་ཁེ་ཕན་གྱི་ཕྱིར། འབངས་མིའི་སྟེང་ལ་དབང་ཤེད་གཏན་ནས་སྤྱད་མི་ཆོག་པ་དེ་རྩ་ཁྲིམས་སུ་བཀོད། དེ་བས། དེ་རིང་གི་ཆར། སྒེར་གཅོད་རྒྱལ་ཁབ་ལ་མཚོན་ན། ཐ་ན་གཅེས་སུ་འོས་པའི་རིན་ཆེན་ཚེ་སྲོག་བསྔོས་རུང་འཐོབ་དཀའ་བའི་མི་སེར་གྱི་དབང་ཆ་དག །ཨ་རིའི་མི་སེར་གྱིས་མཁའ་དབུགས་ནང་བཞིན་ཅི་དགར་འབྱིན་རྔུབ་བྱ་ཆོག་པ་ཡང་། དོན་ལ། མི་ལོ་ཉིས་བརྒྱའི་སྔ་རོལ་གྱི་ཧྥོར་ཀེ་ནེ་ཡཱའི་མི་ཕོ་གཟུགས་རིང་སྐྲ་དམར་དེའི་སྙིང་རུས་དང་མ་འབྲེལ་པ་གང་ན་ཡོད་དེ་མེད་དོ། །
“་་་ཕྱི་ནས་བལྟས་ན་སྲིད་གཞུང་དེ་ཇི་འདྲ་ཡག་རུང་། མེ་སེར་གྱི་བདག་དབང་ལ་ཁག་ཐེག་མེད་ན་ལྟ་བཟོ་ཅི་ཡོད། ལར་མི་སེར་གྱིས་སྲིད་གཞུང་གི་དབང་ཤེད་གཅུན་ཐུབ་ཡོད་མེད་ལ་བལྟས་ན། སྲིད་གཞུང་དེ་སྤྱི་མཐུན་ལམ་ལུགས་ཡིན་མིན་ཤེས་ཐུབ།” འདི་ནི་རྗེ་ཧྥོ་སན་གྱི་སྐད་ཆ་གྲགས་ཅན་ཞིག་རེད། དེ་ལྟར་མི་སེར་ལ་ཆབ་སྲིད་ཀྱི་དབང་ཆ་ཡོད་པའི་སྟེང་། ད་གཟོད་རྒྱལ་ཁབ་ཀྱི་དམངས་གཙོ་མངོན་འགྱུར་བྱེད་པའི་ཐད་ནས། རྗེ་ཧྥོ་སན་གྱིས་མཱན་ཐེ་སི་ཁེའུ(Montesquieu,孟德斯鸠)ཡི《ཁྲིམས་ལུགས་སྙིང་སྟོབས་རྣམ་བཤད》(《论法的精髓》)དུ་བཀྲལ་བའི“དབང་གསུམ་རྐྱ་བཀར”གྱི་བླང་བྱ་བཏོན་པ་མ་གཏོགས། དམངས་གཙོའི་སྙིང་དོན་ངོ་མ་དེ་ལག་ཏུ་ལོན་མིན་གྱི་ཆ་ནས། ཁོ་རང་གན་ཆིངས་རྣམ་བཤད་ཀྱི་ཡ་བདག— རུ་སའོ(Rousseau,卢梭)དང་ཁད་ཉེ། མདོར་ན་ཁོས་མགོ་ནས་མཇུག་བར། འབངས་མིར་གྱེན་ལངས་ཀྱི་དབང་ཆ་ཡོད་པ་རིག་པས་སྒྲུབ་ལ། འབངས་མིས་གསར་བརྗེ་ཡི་དར་ཆ་ཡང་མཐོ་རུ་འཕྱར་བར་སྐུལ།
དཔེ་གཅིག་ལ། ལོ་དེར་མཉམ་འབྲེལ་ཏང་གིས“ཧྲེ་སི་འོས་ལངས”(谢司起义)ལ་ཁ་རྡུང་རྣར་གཟོན་པ་བྱེད་པའི་ཁྲོད། མགོ་ནས་མཇུག་བར། ཧྥ་རན་སིའི་དྲག་པོའི་གསར་བརྗེ་ལ་རྒྱབ་སྐྱོར་དང་གདུང་སེམས་འཆང་མཁན་རྗེ་ཧྥོ་སན་གྱིས་སྟབས་བསྟུན་ཐོག །“ཁོ་པ་ཅག་ལ་མཚོན་ཆ་འཛིན་དུ་ཆུགས་དང་། རང་དབང་གི་ལྗོན་པ་ཆེན་པོ་ཟེར་བ་དེ། ནམ་རྒྱུན་རྒྱལ་གཅེས་པ་དང་སྒེར་གཅོད་མཁན་གྱི་ཁྲག་རྒྱུན་གྱིས་བརླན་དགོས་ཡོད། དེ་ནི་རང་དབང་གི་ལྗོན་པ་དེའི་ལས་བསྐོས་ཀྱི་ས་བོན་རེད། འདི་ལྟའི་གྱེན་རྒོལ་ཚ་པོ། མ་མཐའ་ཡང་མི་ལོ་ཉི་ཤུ་རེའི་ནང་ལན་རེར་འཁོར་དགོས་ཡོད”ཟེར། འོན་ཀྱང་། བམ་རོ་རི་ལྟར་སྤུང་ཞིང་ཁྲག་གི་ཡུར་ཆུ་རྒྱུག་པའི་གཡུལ་ས་ནས་ལོག་ཡོང་བའི་ཝ་ཤེན་ཊིན་ལ་མཚོན་ན། རྗེ་ཧྥོ་སན་གྱི་ཁྲག་དྲི་འཐུལ་བའི་གསར་བརྗེའི་ལྟ་བ་འདི་ལ་ཤིན་ཏུ་ཞེད་ཅིང་ཞེ་ཡང་མེར། དེ་ལྟར་ཕྱོགས་གཞན་ཞིག་ནས་བལྟས་ན། རང་དབང་གི་རྒོད་པོ་མཐུར་མེད་རྗེ་ཧྥོ་སན་ཡང་། མཐར་ཐུག །རྟ་བདག་ཝ་ཤེན་ཊིན་གྱི་གཞུངས་རྒྱུད་དང་ཤེས་རབ་ཀྱིས་སྤམ་སྟེ། རྒྱལ་དོན་བློན་ཆེན་གྱི་དཀྱུ་སར་བཀུག་ཅིང་། འཕྲོ་ནས་བེར་དང་ཕུ་ཐུང་འབྲལ་མེད་ངང་། རྗེ་བློན་ཁ་སེམས་གཅིག་མཐུན་འོག །དུས་རབས་བཅོ་བརྒྱད་པའི་འཛམ་གླིང་ལ་ཁར་ཨ་རིའི་སྙིང་སྟོབས་ཀྱི་རྟ་རྒྱུག་མཚར་མོ་ལན་གཅིག་བྱས་པ་དེ་རེད།
མགོ་ནས་གླེང་བ་བཞིན། 《ཆོས་ལུགས་རང་དབང་གི་ཁྲིམས་ཡིག》ནི། རྗེ་ཧྥོ་སན་གྱི་ཕྱག་རྗེས་འཕགས་ཤོས་གཞན་དེ་རེད། ཝ་ཤེན་ཊིན་དང་རྗེ་ཧྥོ་སན། དེ་བཞིན་ཧྥི་རན་ཁི་ལིན་གསུམ་ག །ཨེ་ཏི་ཝ・ཥིར་པེ་ཐིས (爱德华・赫伯特)སྲོལ་ཕྱེ་པའི་ལྷ་མེད་སྨྲ་བར་ཕྱོགས་ཆེ་བའི་གཉུག་ལྷ་སྨྲ་པ(自然神论)ཡིན་མོད། སོ་སོས་གཙོ་འཛིན་ཡིན་པའི་དབང་ཤེད་སྤྱད་དེ། ནང་སེམས་ཀྱི་འཐེན་འཁྱེར་སྤྱི་ཚོགས་ཀྱི་གཉའ་བར་བཙན་འགེལ་བྱེད་པ་མིན་པར། ཆོས་ལུགས་དད་མོས་ཀྱི་རང་དབང་འདི་རྩ་ཁྲིམས་ཀྱི་གཞུང་ལ་གསལ་པོར་བཀོད་པ་འདིས་ཀྱང་། ཁོང་ཏ་ཚོས་བསམ་བློ་བའི་ཟབ་ཚད་ནས་རྒྱལ་ཁབ་དང་མི་རིགས་ཀྱི་འདུན་མར་གཟིགས་པ་ཕུད། ནང་སྒོས། རེ་རེ་བཞིན་རང་ཉིད་ཀྱིས་བཟོས་པའི་རྩ་ཁྲིམས་ཀྱི་འོག་ཏུ་མགོ་བོ་སྒུར་མཁན་ཡིན་པ་ཡང་ཚེགས་མེད་ཤེས་ཐུབ། ཤར་ཕྱོགས་སྒེར་གཅོད་པ་ཚོ་ནུབ་ཕྱོགས་ཀྱི་རང་དབང་ལམ་ལུགས་ལ་ཞེད་དོན་འདི་ཡང་གཅིག་རེད།
“སློབ་གསོ་མྱང་པ་ཡིན་ན། སྐྱེ་བོ་རྣམས་ལ་ཡོན་ཏན་འབྱོངས་ཏེ། སོ་སོའི་རང་དབང་གི་དགྲ་དང་གྲོགས་ཀྱི་ཁྱད་པར་དབྱེ་ཐུབ། དེ་བས། སློབ་གསོ་ཁྱབ་གདལ་ནི་སྤྱི་མཐུན་རྒྱལ་ཁབ་ཅིག་གི་སྟོབས་ཤུགས་རྒྱུན་འཁྱོངས་ཀྱི་གཞི་རྩ་རེད།” དགུང་ལོ66སྟེ1809ལོར། སྲིད་འགན་ཐེངས་གཉིས་པ་རྫོགས་རྗེས། རྗེ་ཧྥོ་སན་གྱིས་དེ་ལྟའི་སློབ་གསོའི་འདུན་མ་བཅངས་ཏེ། ཕྱིར་རི་སྡིངས་ཀྱི་གཞིས་ཀ་མཱེན་ཊི་སེ་ལོ་རུ་ལོག །དེ་ནས་བཟུང་། ཁོས་དངུལ་གྱི་ཞལ་འདེབས་དང་བཟོ་དབྱིབས་འཆར་འགོད་ཀྱི་ལས་ཀ་ནས་བརྩམས་ཏེ། དེ་རིང་བར་གཟི་བྱིན་མ་ཉམས་ཏེ་ཡོད་པའི་ཧྥོར་ཀེ་ནེ་ཡཱ་སློབ་ཆེན་བཞེངས་འགོ་ཚུགས། ཁོས་ད་རུང་རྒྱལ་ཡོངས་ནས་སྤྱི་པའི་དཔེ་མཛོད་ཁང་དང་། དེ་བཞིན་སློབ་དཔོན་རྣམས་ལ་བདག་རྐྱེན་གང་དགའ་ཕུལ་ཅིང་། ཚུགས་ཀ་རྣམ་པ་གླིང་གར་ཡོད་པའི་སློབ་གྲྭ་གསར་འཛུགས་བྱེད་པར་སྐུལ་སློང་བྱེད། ལར་འདི་རྣམས་ཀུན་པོ་ཁོའི་རང་དབང་བསམ་བློའི་ནང་མ་འདུས་པ་གཅིག་ཀྱང་མེད་དོ། ། ༼མུ་འགོད།༽
ཡོང་ཁུངས། སྐྱིད་རྟག