-ཨ་མེ་རི་ཀའི་ཉེ་རབས་ལོ་རྒྱུས་སྟོད་ཆ་བསྒྱུར་བའི་ཟིན་བྲིས།
མི་ལ་ཙི་ཙི། བཞི། གནམ་གྱིས་ཨ་རིར་གནང་བའི་ལེགས་སྐྱེས་མཆོག་གྱུར—རྗོར་ཊི・ཝ་ཤེན་ཊིན།
1789ལོའི་ཟླ4པའི་ཚེས30ཉིན། ཨ་རིའི་ལོ་རྒྱུས་སྟེང་ཐེངས་དང་པོ་དང་ཐེངས་ཐ་མར། རྒྱལ་ཚོགས་ཀྱི་འོས་ཤོག་ཆ་ཚང་ཐོབ་པ་བརྒྱུད། རྗོར་ཊི・ཝ་ཤེན་ཊིན་ཨ་རིའི་སྲིད་འཛིན་ཐོག་མར་བདམས་ཐོན་བྱུང་། མཚམས་འདིར་ཕྱིར་དྲན་བྱ་དགོས་པའི་དོན་ཞིག་ཡོད། 1755ལོའི་ཟླ7པའི་ཚེས9ཉིན། ཕོ་ལོ21ཅན་གྱི་ཝ་ཤེན་ཊིན་དབྱིན་ཧྥ་བར་དུ་ལངས་པའི་གཡུལ་འཁྲུག་ཅིག་ལ་ཞུགས། དེར་ཁོའི་ཞྭ་མོ་འཁྱར་མདའ་ཞིག་གིས་མགོ་ནས་བཏོགས། ལྭ་བའི་སྟེང་མདའ་ཁུང་བཞི་བཏོད། འོག་རྟ་གཉིས་བསད། འོན་ཀྱང་ཁོར་ཅི་ཡང་མ་གནོད་པ་མ་ཟད། དམག་རུ་ལྷག་མ་ཁྲིད་དེ་དགྲ་བོའི་འོབས་ནས་ཐར། དེ་ལ་ཁོས། “ལྷ་གོང་མས་མགོན་སྐྱབས་མཛད་མེད་ན་ང་ཤི་ཚར”ཟེར། དེའི་ཕྱིས། རང་བཙན་དམག་འཁྲུག་ལ་རྒྱལ་ཁ་འཐོབ་པའི་བར། མི་ལོ8ཀྱི་རིང་། དཔུང་ཁྲིད་དེ་དབྱིན་ཇི་དང་ཉེ་འཛིང་རིང་འཐབ་གྲངས་མེད་བྱས་རུང་། ཉིན་མོ་དེ་ཇི་བཞིན་ཝ་ཤེན་ཊིན་གྱི་སྐུ་སྲོག་ལ་ཅི་ཡང་མ་གནོད། ཞི་བདེ་ཐོབ་སྟེ་རྒྱལ་ཁབ་འཛུགས་སྐྲུན་སྐབས་ཀྱང་གཞན་དྲིང་མི་འཇོག་པའི་ལག་རྗེས་བཞག །སྐུ་གཤེགས་རྗེས་ཀྱང་། ཨ་རི་མ་ཟད། འབངས་ཀྱི་རང་དབང་བསམས་མཁན་རྒྱལ་ཁབ་གཞན་པའི་གཙོ་འཛིན་རྣམས་ལ། དྲང་ཕྱོགས་ཀྱི་ཕྱི་མོ་དགའ་རབ་ཅིག་བཞག་པ་ལོ་རྒྱུས་ཚད་མར་གྲུབ། དེར་བརྟེན། ཁོ་བོས་ཚན་པ་འདི་འབྲི་དུས། “ལྷ་གོང་མས་ཨ་རིར་གནང་བའི་ལེགས་སྐྱེས་མཆོག་གྱུར”ཞེས་པའི་ཁ་བྱང་འདི་ཐོལ་ལེར་དྲན་པ་ཡིན།༡ ས་རིས་འབྲི་མཁན་ཞིག
ལོ་རྒྱུས་ལྟར་ན། ཨ་རིའི་སྲིད་འཛིན་སྔོན་མ་དྲུག་པོའི་ནང་། སློབ་ཆེན་བཏོན་མྱོང་མེད་པ་ཝ་ཤེན་ཊིན་གཅིག་པུ་ཡིན་ཟེར། ཐ་ན་སློབ་གསོ་མྱང་ཚད་ཧ་ལམ་དེ་རིང་གི་སློབ་ཆུང་ཙམ་ལས་མ་འདས་ཟེར། འོན་ཀྱང་། རྒྱལ་ཁབ་གསར་པ་ཞིག་ལེགས་ལམ་དུ་བཀྲི་ལུགས་འདི་ལ་བལྟས་ན། དོན་བྱ་ཡོད་རྒུ་ཅོག་སློབ་ཆེན་ལ་བརྟེན་དགོས་པའི་ངེས་པ་མེད་པ་ཡང་བསྐྱར་བདེན་པའི་གཏམ་དུ་ཤར། དཔེར་ན་དེ་རིང་གི་ཆར་ཡང་། ཡོ་རོབ་ཀྱི་སློབ་ཆེན་རྩེ་གྲ་བཏོན་པའི་ཀུམ་ཅོང་འུན་གྱིས་སེམས་ཁ་དགའ་སྡུག་ཙམ་གྱི་བར་ནས། འཇིགས་རུང་འཕུར་མདའ་ཅི་རིགས་བྱིས་པའི་རྩེད་ཆས་བཞིན་གནམ་ལ་སྤུར་ལུགས་དེ་འདྲ་རེད། དེ་མིན། དམག་དོན་སྒྱུ་རྩལ་དང་ནུབ་ཁུལ་གསར་སྤེལ་ནི། ཝ་ཤེན་ཊིན་ཆུང་དུས་ཀྱི་འདུན་མ་ཡིན་ཟེར། ཕྱིས་སུ་ཁོས་ནུབ་ཁུལ་ས་རིས་ཐིག་འདེབས་ཀྱི་ལས་ཀ་ཞིག་རག །ཏག་ཏག །དམག་ལ་མོས་པ་དང་ས་རིས་འབྲི་བ་གཉིས་ཀྱིས་ཝ་ཤེན་ཊིན་གྱི་མི་ཚེའི་གཞི་གྲུབ། དེར་སུ་ཞིག་གིས། “དམག་འཁྲུག་མིན་ན་ས་དཔྱད། གང་ལྟར་ཝ་ཤེན་ཊིན་ཁོ་མི་ཚེ་གང་བོར་ཐང་སྐྱ་རི་རྒོད་དུ་རྟ་ཕོར་བཞོན་ཏེ་འགྲོ་མཁན་ཅིག་རེད”ཅེས་ལབ་ཟེར། སྐད་ཆ་འདི་ལས་ཝ་ཤེན་ཊིན་ནི་ཨ་རིའི་ཡུལ་ལུང་གོམ་པས་འཇལ་མཁན་ཞིག་ཡིན་པ་ཡང་ཤེས་ཐུབ།
སྨྲ་བརྗོད་རང་དབང་གིས་ཡིན་དུ་སྲིད། ཨ་རིའི་ལོ་རྒྱུས་འབྲི་མཁན་རྣམས་ཀྱིས་རང་གི་གཙོ་འཛིན་དག་འབྲི་དུས། སྒེར་གཅོད་རྒྱལ་ཁབ་ཀྱི་དེ་དག་དང་འདྲ་བར། ཏན་ཏན་དྲང་གཞག་ལུགས་མཐུན་ལོས་ཡིན་སྙམ་པ་རེ་བརྩམས་ཡོང་། དཔེར་ན། སྙུག་ཐོགས་པ་དེ་ཚོས་ཁོ་ཚོའི་རྒྱལ་ཡབ་ཝ་ཤེན་ཊིན་བྲན་བདག་ཅིག་ཡིན་པར་ཅུང་ཙམ་ཡང་མི་གཡོལ། ཕོ་ལོ20སྟེ་སྤྱི་ལོ1754ལོར། ཝ་ཤེན་ཊིན་གྱིས་ཕི་ཐོ་མེ་ཁི(波托马克)གཙང་པོའི་འགྲམ་གྱི་ཁྱིམ་རྒྱུད་ཞིང་ར་ཧྥེ་ནན(弗农)ཟེར་བ། བྲན་གཡོག18དང་ལྷན་དུ་རྒྱུན་འཛིན་བྱས། དེ་ནས་བཟུང་། དགུང་ལོ67སྟེང་སྐུ་གྲོངས་པའི་བར། ཁོའི་བྲན་གཡོག་འཕེལ་ཏེ300ལྷག་ལ་བུད་ཡོད་སྐད། བལྟས་མ་ཐག །ཨ་རིའི་རྒྱལ་ཡབ་བྲན་བདག་ཆེན་པོ་ཞིག་ཡིན་པ་འདི་ཧང་སང་བ་གཅིག་ཏུ་འདུག་མོད། ཡང་སྐབས་དེ་ཙམ་ལ། དེ་རིང་གི་ཀྲུང་གོ་ནི་མན་ཇུ་རྒྱལ་རབས་རེད་ལ་འུ་ཅག་བོད་ཀྱང་དགའ་ལྡན་ཕོ་བྲང་གི་ཐད་སོ་ན་མཆིས། དེ་ལྟར་མིའི་རིགས་འཕེལ་རྒྱས་ཀྱི་སྤྱི་སྒྲོམ་དུ་བཞག་ན་ཅུང་ཙམ་ཡང་ཐལ་ཆེ་བར་མི་མཐོང་། གང་ལྟར་མེས་པོའི་ཤུལ་བཞག་དང་བྲན་གཡོག་གི་ངལ་རྩོལ་འོག །ཝ་ཤེན་ཊིན་གཞོན་ཐོག་ནས་ཕྱུག་པོ་གཏེར་ཆེན་དུ་ཆགས་ཏེ། རང་བཞིན་སྒོས་ཨ་རིའི་འབྱོར་ལྡན་གྲལ་རིམ་གྱི་གྲས་སུ་ཚུད། གྲལ་རིམ་དེའི་གོམས་གཤིས་ཀྱི་དབང་གིས། ཝ་ཤེན་ཊིན་ཡང་སྤྱི་པའི་ལས་ཀའི་སྐབས་ད་གཟོད་སྒྲིག་ལམ་ནན་ཏུར་སྲུང་མཁན་ཅིག་ཡིན་པ་མ་གཏོགས། ནམ་རྒྱུན་ཆང་རག་བསྟེན་རྒྱུ། རྒྱན་པོ་སྐུག་རྒྱུ། བྱི་ཕོ་བཅའ་རྒྱུ་སོགས་རྒྱས་སྤྲོས་བག་མེད་ཀྱི་འཚོ་བར་དགའ་མོས་ཆེ་མཁན་ཞིག་རེད། བར་འདི་ལ་མཛའ་བའི་སྐད་ཆ་ཞིག་ཏེ་ཏི་ལཱོ(狄德罗)ལ་འདུག །ཁོས“མི་ནི་སྟོབས་ཤུགས་དང་ནུས་མེད། འོད་སྣང་དང་མུན་འཐོམ། ཉམས་ཆུང་དང་རླབས་ཆེན་བཅས་ཀྱི་བསྡུས་གཟུགས་ཤིག་རེད་ཟེར་བ་འདི། མི་ལ་ལེ་ཁག་དཀྲི་བ་མ་ཡིན་པར་མཚན་ཉིད་འགོད་པ་རེད་དོ། །” ཟེར།
སྤྱིའི་ཆ་ནས། དམག་འཁྲུག་སྒྱུ་རྩལ་ལ་མོས་ཁར། ནུབ་ཁུལ་ས་རིས་ཐིག་འདེབས་ཀྱི་བྱ་བའི་ཉམས་མྱོང་ཡོད་པར་བརྟེན། ཝ་ཤེན་ཊིན་མགོ་ནས་གླེང་བའི་དབྱིན་ཧྥ་དམག་འཁྲུག་ཁྲོད་ཞུགས། མ་ཟད་ཉིན་དེའི་བྱུང་བ་བརྒྱུད་ཁོའི་དཔའ་བོའི་སྙན་གྲགས་སྐམ་ས་ཆེན་པོར་ཁྱབ། དེར་ཁོ་རང་ཧྥོར་ཀེ་ནེ་ཡཱའི་ཉེན་རྟོག་དམག་རུའི་གཙོ་དཔོན་དུ་བསྐོས། འདི་རྣམས་ཕྱིས་འབྱུང་ཁོ་རང་སྐམ་སའི་དཔུང་གི་དམག་སྤྱི་རུ་སྡོད་པའི་རྨང་གཞིར་སོང་། ཡང་དེང་གི་ཆར། ཨ་མེ་རི་ཀ་དཔལ་ཡོན་རྒྱལ་ཁམས་ཀྱི་མཐོ་ཚད་ནས་འཛམ་གླིང་སྟེང་ངའོ་སྙམ་སྟེ་ཡོད་རུང་། ཁོ་ཚོའི་རྐང་འོག་གི་ས་གཞི་དེ། གཉུག་གནས་མི་རིགས་དབྱིན་ཏེ་ཨན་པའི་ཁྲག་དྲོན་གྱིས་དམར་པོར་བསྒྱུར་མྱོང་བའི་ལོ་རྒྱུས་སུ་ལ་གསང་། ཁོ་བོས་བཤད་འདོད་པ་ནི། རྒྱལ་ཡབ་ཝ་ཤེན་ཊིན་གྱི་ལག་ངོར་ཡང་། བསམ་བཞིན་ཡིན་མིན་ཉིས་ཆ་ནས། བྱང་ཨ་རིའི་གཉུག་གནས་མི་རིགས་དེའི་ཁྲག་དམར་འགོས་ཡོད་པ་ཅི་ལ་བསྙོན་ཟེར་བ་དེ་ཡིན། ལན་ཅིག །དབྱིན་ཏེ་ཨན་པ་ཚོས་ཧྥོར་ཀེ་ནེ་ཡཱའི་གྲོང་སྡེ་མང་དག་ལ་འཇབ་རྒོལ་ཁྲག་གི་འཁོར་ལོ་བསྐོར་ཏེ་སོང་ཤུལ་ཝ་ཤེན་ཊིན་གྱིས་བྲང་ཁོག་རྔ་བོ་བཞིན་རྡུང་གིན། “སྐྱེས་ཕོ་མོ་གཉིས་ཀའི་ཆོ་ངེའི་སྒྲ་ཡིས་ཁོ་བོའི་གློ་སྙིང་འགས་པར་བྱེད། ཁོ་བོས་རང་གི་རྒྱུ་འབྲས་ཚད་དུ་བཞག་སྟེ་མནའ་བསྐྱལ་ཆོག་པ་ནི། འབངས་ཀྱི་བག་ཕེབས་འཚོ་བའི་ཕྱིར། ཁོ་བོ་ཤན་པ་དེ་ཚོའི་གྲི་འོག་ཏུ་དམར་མཆོད་བྱ་དགོས་རུང་ཞེ་མི་འཚེར། གལ་སྲིད་མི་སྲོག་དང་མི་ཁྲག་གིས་ད་གཟོད་གདོལ་པ་དེ་ཚོའི་འདོད་པ་ཚིམ་འགྱུར་ན། ཁོ་བོ་གཏུམ་དྲག་གི་དམུ་རྒོད་དེ་ཚོས་ཤ་ཉོག་རུས་ཉོག་བྱ་དགོས་རུང་ཞེ་མི་འཚེར”ཞེས་སྨྲེ་སྔགས་བཏོན་མྱོང་སྐད།
དཔྱད་པ་བཏང་ན། ཕ་ས་དང་གཉེན་མི་བསྲུང་ཕྱིར་དབྱིན་ཏེ་ཨན་པ་ཚོ་ཡང་སིམ་འཛུལ་མཁན་ཚོའི་ཤི་གཤེད་དུ་ལངས་ཤག་ཡིན་ཚོད། ཝ་ཤེན་ཊིན་ལྟ་བུའི་མེས་རྒྱལ་དབྱིན་ཇིའི་ཁེ་ཕན་དང་། དེ་བཞིན་མི་སེར་སྤེལ་ཡུལ་གྱི་ཁེ་ཕན་བསྲུང་རྒྱུའི་འཁྲི་ཆ་ཡོད་མཁན་ཅིག་ཡིན་ཕྱིན། གཉུག་འབངས་དེ་དག་དང་ཁྱོད་ཤི་ང་གསོན་གྱི་དམར་འཛིང་མི་བྱེད་རང་དབང་ཡང་མེད་ཚོད། འདི་དག་ལ་རྩ་བའི་ཆ་ནས་ལེ་ཁག་དཀྲི་ས་ཞིག་བཙལ་ན་ངལ་བའི་རྒྱུ་དང་འདྲ། ཆ་གཅིག་ལ། མི་སེར་སྤེལ་ཡུལ་གྱི་འབངས་རྣམས་རྗོར་ཊིས་མནར་གཅོད་མ་བཟོད་དེ་གནམ་གྱི་མཐའ་ཁ་འདིར་སྲོག་འཚོ་རུ་ཡོང་བ་རེད། དོན་ལ་རྗོར་ཊི་ཡང་གོང་མའི་ལམ་ལུགས་ཀྱི་ཆུ་བོས་འཁུར་འགྲོ་བའི་འཇག་ལོ་རྐང་གཅིག་རེད། ཡང་ཆ་གཅིག་ལ། ཡོ་རོབ་ལ་དེང་རབས་ཆབ་སྲིད་དང་ཁྲིམས་ལུགས། དེ་བཞིན་ཚན་རྩལ་སོགས་དར་ཅིང་། བྱང་ཨ་རིའི་དབྱིན་ཏེ་ཨན་པ་ད་རུང་གདོད་མའི་ནགས་ཁྲོད་དུ་གཅེར་བུར་ལུས། འདི་རྣམས་ལ“ཅིའི་ཕྱིར”ཞེས་ལོ་རྒྱུས་གཏན་ཚིགས་ཀྱིས་ལན་གཙིགས་མོ་གདབ་རྒྱུ་ཡང་དཀའ་བའི་ཚོད་རེད། དེར་བརྟེན། སྐབས་འདིར་ཕལ་བའི་མི་རྣམས་ཀྱིས་ཆོས་ལུགས་དྲན་ཡོང་སྲིད། དེ་ཡང་། སངས་རྒྱས་པ་ལྟར་ན་ལས་དབང་དང་ཡེ་ཤུ་པ་ལྟར་ན་ཐོག་མའི་ཉེས་དམིགས་ཟེར་ཚོད། དེ་རྣམས་གང་ཡང་མ་ཡིན་པའི་ལན་ནི་ཨར་པཱེ・ཁཱ་མེའུ་ཡི“ཁུངས་མེད་ལུང་མེད་རིང་ལུགས”དང་། དེ་ལས་ཐོན་པའི“གྱེན་རྒོལ”ཡིན་ནམ་ཡང་སྙམ། འདི་དག་བསྡོམས་ཏེ་བལྟས་ན། ཝ་ཤེན་ཊིན་དང་ཁོའི་ཨ་རི་ཡང་ལས་དབང་དང་སྟེས་དབང་། དེ་བཞིན་སྲོལ་འབྱེད་སྙིང་སྟོབས་བཅས་ནས་བྱུང་ལ། མ་ཟད་འགྲོ་བ་མིའི་གཉུག་ཐོབ་རང་དབང་དང་ཁད་ཉེ་ཞིང་ཁམས་མཐུན་ལུགས་འདི་ཡང་ཅི་བས་ཡག །
གོང་སྨྲས་སྣང་ཚུལ་སྣ་ཚོགས་ཀྱི་འགལ་འདུའི་མནར་གཅོད་དང་། དེའི་ཁར་གནས་སྐབས་རིང་ཧྥོར་ཀེ་ནེ་ཡཱའི་བདེ་འཇགས་མཐོང་སྟེ། 1758ལོར། ཝ་ཤེན་ཊིན་གྱིས་དགོངས་སྐོར་ཞུས་ཏེ་ཕྱིར་ཧྥེ་ནན་གཞིས་ཀར་ལོག །དེར་གཞུང་ཕྱོགས་ནས་ཁོར་བསྟོད་ར་བྱེད་ལ། ཁོ་རང་ཉིད་ཀྱང་ང་རྒྱལ་གྱིས་སྙེམ་སྟེ་ཡོད་སྐད། འོན་ཀྱང་ཧྥ་རན་སི་དང་དབྱིན་ཏེ་ཨན་པ་དཔུང་སྡེབ་ཐོག་རུ་ཤོག་ལ་དམག་འཛིང་བྱེད་དུས། ཁོས་ནོར་འཁྲུལ་བཟོས་ཤིང་ཕམ་ཁ་ཁུར་བ་ཡང་ཤིན་ཏུ་མི་ཉུང་། དེའི་ཁར། ཅི་ཙམ་སྲོག་དང་བསྡོས་རུང་། ཁོ་རང་དབྱིན་ཇིའི་དམག་དཔོན་ངོ་མ་ཞིག་ཏུ་འགྱུར་མ་ཐུབ། དེ་ལ་ཁོ་རང་འཁང་ར་དང་ཕྲག་དོག་ཆེ་རབས། ཕྱི་རྐྱེན་འདི་རྣམས་ལྷན་དུ་བསགས་པར་བརྟེན། ཁོས་བློ་ཁ་ནང་ལ་བསྐོར་ཏེ་མི་སེར་སྤེལ་ཡུལ་གྱི་ནང་འཁྲུག་ལ་མནོ་བསམ་བཏང་བ་རེད་ཟེར་ལ། ཡང་མནོ་བསམ་གཏོང་སྟངས་དེ་ནི། མ་འོངས་པའི་ཨ་རིའི་རང་བཙན་ལ་མཚོན་ན་དོན་སྙིང་ཡང་གང་ཆེ་ལྡན་པར་བཤད།
དེ་ནས་བརྩིས་པའི་རང་བཙན་དམག་འཁྲུག་མ་བརྒྱབ་སྔོན་གྱི་ལོ་ངོ10ཡི་རིང་། ཝ་ཤེན་ཊིན་གྱིས་ཧྥེ་ནན་ཞིང་རར་གཉེར་ག་དོ་དམ་བྱེད་ཞོར་བག་ཕེབས་ཀྱི་ཁྱིམ་ཚང་འཚོ་བ་རོལ་ཏེ་བསྡད། འོན་ཀྱང་དབྱིན་གཞུང་གིས་མུ་མཐུད་དུ་མི་སེར་སྤེལ་ཡུལ་ལ་བརྡབ་གསིག་བཏང་བས། ཝ་ཤེན་ཊིན་གྱི་ས་མུའུ་ཁྲི་ཡི་ཞིང་ར་ཡང་ཧ་ལམ་མིང་གི་ལྷག་མར་སོང་། དེར་ཧྥོར་ཀེ་ནེ་ཡཱའི་གྲོས་ཚོགས་སྟེང་། ཝ་ཤེན་ཊིན་གྱིས་རང་གི་གྱོང་གུད་ཀྱི་ཉམས་མྱོང་སྟེང་ནས། མི་སེར་སྤེལ་ཡུལ་སྤྱིའི་ལས་དབང་ལ་དབྱེ་ཞིབ་ཏིག་པོ་བྱས་ཏེ་དབྱིན་ཇིའི་གཏུམ་སྤྱོད་ལ་ཁ་རྡུང་བག་མི་ཚ་བ་བཏང་། དེར་ཁོའི་སྤོབས་པ་དང་རྣམ་དཔྱོད་ལ་ཡིད་རྟོན་ཏེ། གྲོས་ཚོགས་ཀྱིས་ཁོ་རང་སྐབས་དང་པོའི་སྐམ་ས་ཆེན་པོའི་འཐུས་ཚོགས་ཀྱི་འཐུས་མིར་བདམས། འཐུས་ཚོགས་སྟེང་ཝ་ཤེན་ཊིན་གྱིས། “གལ་ཏེ།དབྱིན་ཇིའི་བཀའ་བློན་ནང་འཁོར་གྱིས་ཉེན་ཁར་དོགས་འཛེམ་མ་བྱས་ན། རེབ་འདིར་བཞུར་བའི་དམར་པོ་ཁྲག་གི་རྒྱུན་ནི། བྱང་ཨ་རིའི་སྔོན་ཆད་ཀྱི་དོན་རྐྱེན་གང་ལས་ཀྱང་མང་སྲིད་དོ། །”ཟེར། ཁ་སྟབས་ལས་རྟོགས་ཐུབ་པ་ནི། མཚམས་འདིར་ཝ་ཤེན་ཊིན་ལ་མཐའ་གཅིག་ཏུ་རང་བཙན་བྱེད་པའི་ཆོད་སེམས་མེད་ཚོད་རེད། འོན་ཀྱང་དུས་དེ་ཙམ་ལ། ཨ་རིའི་རང་བཙན་སྨྲ་བའི“དཔལ་འབར་ཆེ་གསུམ”གྱི་ཡ་གྱལ་ཏེ། ཐཱོམ་སི・ཕེན་གྱི《རྒྱུན་ཤེས》དཔར་འགྲེམ་བྱས་པས། ཝ་ཤེན་ཊིན་གྱི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་། དེར་ཁོས་སྐམ་སའི་གྲོས་ཚོགས་བརྒྱུད་དེ་དབྱིན་གཞུང་ལ། “གལ་སྲིད་གཏུམ་སྤྱོད་ཅན་གྱི་གོང་མ་ཞིག་དང་། ཁོའི་གདོན་ཚོགས་འདྲ་བའི་ནང་འཁོར་ལ་བློ་ཡིད་ཚིམ་མཐའ་ཞིག་མེད་ན། སེམས་ཐག་ཆོད་པའི་ངང་། ཁོ་བོ་ཁྲེལ་མེད་ལུགས་མེད་ཀྱི་སྲིད་གཞུང་དེ་དང་ཁ་་གཏན་བྲལ་བྱ་རྒྱུ་ཡིན”ཞེས་ཐ་ཚིག་བསྒྲགས།
ཝ་ཤེན་ཊིན་ཁོའི་མཐའ་གཅིག་གི་ཡར་གཏོག་དང་རྒྱབ་སྐྱོར་འོག །དྲག་ཆས་སྤྱད་རྒྱུར་ཡང་ཡ་མི་ང་བར་མེས་རྒྱལ་ལ་ངོ་རྒོལ་བྱ་རྒྱུར་འཐུས་ཚོགས་མོས་མཐུན་བྱུང་། དེའི་ཕྱིས“པཱོ་སི་ཊོན་ཇ་བརླགས་དོན་རྐྱེན”བྱུང་། དེ་ནས་ཅང་མ་འགོར་བར། “མྱུར་མགྱོགས་ཀྱི་བུ་ཕོ”ཚོས“ལཱེ་ཀི་སཱན་ཊོན་གྱི་བུའུ་སྐད་ཐོག་མ”བཀད་དེ། དབྱིན་རྒོལ་དམག་འཁྲུག་ལ་གཞི་ནས་མེ་ལྕེ་འུར་ཆེམ་མེར་བགོས། མ་ཟད་སྐབས་བསྟུན་ཐོག །སྐམ་ས་ཆེན་པོའི་འཐུས་ཚོགས་ཐེངས་གཉིས་པ་བསྡུས་ཏེ་སྐམ་ས་ཆེན་པོའི་དམག་དཔུང་བཙུགས། དེ་ཡང་ཟིལ་ཤུགས་དང་སྙན་གྲགས། དམག་རྒྱག་གི་ཉམས་མྱོང་། ནུབ་ཁུལ་གྱི་ཆ་རྒྱུས་སོགས་ཕྱོགས་ཆ་སྒོར་མོ་གང་ལ་བསམ་བློ་བཏང་རུང་མི་སྣ་གཞན་ཞིག་མ་རྙེད་པས། ཁ་རྗེ་དབང་ཐང་ཅན་གྱི་རྗོན・ཨ་ཊམ་སིས་རེ་ཞིག་རང་གི་གནོན་ཐབས་མེད་པའི་ཕྲག་དོག་བསྐྱུར་ནས། ཁྲིམས་རྩོད་པ་ཞིག་ཡིན་པའི་སྨྲ་ལྕེའི་འཁོར་ལོ་སྐོར་གྱིན། སོ་སོའི་ལྐོག་གི་ངག་སྟབས་ལྟར་ན“གླེན་པ་རོ་ཆེ”ཝ་ཤེན་ཊིན་ཚོགས་པར་འོས་སྦྱོར་བྱས། མཐའ་མཇུག་ཚོགས་པའི་ཡིད་མོས་འོག །ཕོ་ལོ43ཅན་གྱི་ཝ་ཤེན་ཊིན་སྐམ་སའི་སྤྱི་ཁྱབ་དམག་དཔོན་དུ་བསྐོས། དེ་རིང་བལྟས་ན་གོ་ཐོབ་འདི་ལ་གཟི་བརྗིད་བླ་མེད་ཀྱི་བཟོ་ཆེ་མོད། དེ་དུས་བཤད་ན་ངེས་པ་དོན་གྱི་ངོ་ལོག་དམག་དཔུང་གི་འགོ་པ་ཡིན་པས་ན། བརྒྱ་ལ་ལམ་ལྷོངས་མ་བྱུང་ཚེ། དབྱིན་ཇི་བ་ཚོ་ནི་རང་གི་རྒྱལ་པོའི་སྐེ་འབྲེག་རྒྱུར་ཡང་ཞེ་མི་འཚེར་ན། མི་སེར་སྤེལ་ཡུལ་གྱི་སྐྱེ་བོ་ཉི་ཚེ་བ་ཞིག་ལ་སེར་སྣ་ཡོང་དོགས་ཅི་ཡོད། དེ་བས། ཝ་ཤེན་ཊིན་གྱིས་ངོ་གཅོག་མེད་པར་དམག་སྤྱིའི་འགན་ཕྲག་ཏུ་བླངས་པ་འདི་ཁོ་ནས་ཀྱང་། ཁོས་སོ་སོའི་ཤི་གསོན་ཕ་ཚད་ཅིག་ལ་བསྐྱུར་ཏེ། སྐམ་ས་ཧྲིལ་པོའི་སྐྱིད་སྡུག་ལེགས་ཉེས་ཕྲག་ཏུ་ཁུར་ཏེ་དང་དུ་བླངས་པ་ཤེས་ཐུབ། ༼མུ་འགོད།༽
ཡོང་ཁུངས། སྐྱིད་རྟག