མཛད་པ་པོ། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན།
རྒྱལ་ཀུན་མཁྱེན་རབ་འོ་མའི་རྫིང་བུ་ལས། །
འཁྲུངས་གྱུར་སྨིན་ལེགས་ལང་ཚོའི་འཁྲི་ཤིང་ལ། །
འཇོ་སྒེག་ཡལ་འདབ་གསར་བས་མཛེས་གྱུར་པ། །
དབྱངས་ཅན་དཔག་བསམ་ལྗོན་པས་དགེ་ལེགས་སྩོལ། །
ཁྱོད་ཀྱི་ཡོན་ཏན་ཀུན་གསལ་མཛེས་མའི་མཐའ། །
རྣམ་དཔྱོད་བུང་བའི་གཤོག་ཟུང་ཕྲ་མོ་ཡིས། །
བརྒལ་བར་སེམས་པའི་སྤྱི་བརྟོལ་ལྡན་པ་དག །
བརྩེ་བའི་སྤྱན་ཟུར་གཡོ་བས་མ་གཏོང་ཞིག །
དབུ་སྐྱེས་བུང་བའི་ནགས་ཀློང་ཡངས་པོ་རུ། །
ཚེས་བརྒྱད་ཟླ་བ་རོལ་པའི་འཇོ་སྒེག་གིས། །
རབ་དཀར་དགེ་ལེགས་བྱིན་པའི་རྒྱ་མཚོའི་དབུས། །
ཙོག་བུའི་ཚུལ་གྱིས་རོལ་བ་ཁྱོད་ལ་འདུད། །
ཟླ་ཤེལ་འབུམ་གྱི་དཀར་གསལ་བདུད་རྩིའི་རྒྱུན། །
མངོན་པར་ཞུགས་པའི་ཁྱོད་ཞལ་འོ་མའི་མཚོར། །
སྤྱན་ཟུང་ཨུཏྤལ་སྔོན་པོས་ཉེར་མཛེས་པ། །
མ་ལུས་སྐྱེ་དགུའི་གཟུགས་འཛིན་རོལ་བའི་དཔྱིད། །
བྱི་རུའི་འོད་ལྡན་མཆུ་སྒྲོས་བ་གམ་ལས། །
སྲབ་མཉེན་ལྗགས་ཀྱི་གློག་ཞགས་གཡོ་བའི་རྩེར། །
རིག་གནས་སྦྲང་རྩིའི་ཆར་ཆེན་དགོད་པ་ཅན། །
ལྷ་མོ་ཁྱོད་ནི་སྤྲིན་གྱི་ཕུན་ཚོགས་བཞིན། །
ཤེལ་གྱི་ལྕུག་ཕྲན་གཞོན་ནུའི་ཁེངས་འཕྲོག་པ། །
རིན་ཆེན་དོ་ཤལ་འཕྱང་བའི་ཕྱག་སོར་གྱིས། །
མངོན་པར་བརྡུང་བའི་རྒྱུད་མངས་དབྱངས་སྙན་པའི། །
རྣ་བའི་བདུད་རྩི་སྤྲོ་བའི་ཡིད་འཕྲོག་མ། །
ཁྱོད་སྐུ་རབ་དཀར་གངས་ཀྱི་ལྷུན་པོ་ལ། །
སྣ་ཚོགས་རྒྱན་གྱི་ཟླ་ཟེར་རྒོད་པ་འདིས། །
བསྐལ་བར་ཆགས་བྲལ་གོམས་པའི་དྲང་སྲོང་ཡང་། །
མཛའ་བོའི་སེམས་ཀྱིས་ནམ་ཡང་གཏོང་མི་སྤོབས། །
གང་གི་མཛེས་སྡུག་ཉིན་བྱེད་འོད་རྣོན་གྱིས། །
རྒྱལ་ཀུན་འདོད་པའི་པདྨ་རྒྱས་བྱེད་པ། །
དབྱངས་ཅན་དགའ་མར་གྲགས་པའི་བཅོམ་ལྡན་མ། །
བདག་བློ་སྙན་ངག་རིག་པའི་གཏེར་དུ་མཛོད། །
ཁྱོད་ཀྱི་ཐུགས་རྗེ་འོད་ཟེར་རྣོན་པོའི་མདས། །
འཕེན་པའི་རྟེན་ལ་ཁོ་བོའི་ཡིད་ཀྱི་མུན། །
བཞག་པ་འདི་ནི་བརྩེ་བས་ཉེར་དགོངས་ལ། །
མ་ལུས་ལྷག་མ་མེད་པར་འབིགས་པར་མཛོད། །
ལྷུན་པོའི་རྩེ་ན་སྤྲིན་དཀར་འཁྲིགས་པའི་ཚོགས། །
རྣམ་པར་རྒྱུ་བའི་རྩེ་དགའ་ལ་འགྲན་པའི། །
སྙིང་གི་གདུང་བ་སེལ་བའི་ལྷག་པའི་ལྷ། །
ངག་དབང་དབྱངས་ཅན་ལྷ་མོས་རྗེས་སུ་བཟུང་། །
དེ་ལྟར་སྨོན་པའི་མདོངས་མཐའི་འདོད་པའི་དོན། །
ཚངས་སྲས་ལྷ་མོའི་ཐུགས་རྗེ་འབྲུག་གི་སྒྲས། །
རེ་བ་ཇི་བཞིན་བསྐངས་བས་ཤེས་རབ་མངལ། །
ཆེས་ཆེར་སྨིན་པའི་དགའ་སྟོན་རྒྱས་པར་ཤོག །
འཕེལ་བར་འགྱུར་རོ་མཚན་མོའི་དབང་ཕྱུག་གི །
བསིལ་བའི་གཟེག་མ་ལྷུང་བས་ཆུ་གཏེར་དང་། །
སྒྲ་དབྱངས་ལྷ་མོའི་ཐུགས་རྗེ་འོད་ཟེར་མཆོག །
ཡིད་ལ་ཞུགས་པས་སྐལ་ལྡན་ཀུན་གྱི་བློ། །
ཞེས་དབྱངས་ཅན་མ་ལ་བསྟོད་པ་ཕང་འགྲོའི་གླུ་དབྱངས་ཞེས་བྱ་བ་འདི་ནི། རིག་གནས་ཀུན་ལ་མངོན་པར་བྱང་ཆུབ་པའི་རྩོད་དུས་ཀྱི་པཎྜི་ཏ་ཆེན་པོ་ཀུན་མཁྱེན་ཆོས་ཀྱི་རྒྱལ་བོ་འཇིགས་མེད་དབང་བོའི་ཞབས་དྲུང་དུ་འཁོད་པ། བློ་བཟང་རྒྱལ་མཚན་གྱིས་སྦྱར་པའོ། །ཤུ་བྷཾ།