རྡོ་གྲུབ་སྐུ་འཕྲེང་གསུམ་པ་འཇིགས་མེད་བསྟན་པའི་ཉི་མ་ལ་སྐུ་གསུང་ཐུགས་གསུམ་གྱི་སྤྲུལ་སྐུ་གསུམ་ཙམ་འཁྲུངས་པ། ཐུབ་བསྟན་འཕྲིན་ལས་དཔལ་བཟང་། རིག་འཛིན་བསྟན་པའི་རྒྱལ་མཚན། རིག་འཛིན་འཇིགས་མེད་བསྟན་པའི་ཉི་མ་བཅས་འཁྲུངས་པའི་ཕྱི་མ་སྟེ།
རྡོ་གྲུབ་སྐུ་འཕྲེང་བཞི་བ་རྡོ་གྲུབ་ཆེན་རིག་འཛིན་འཇིགས་མེད་བསྟན་པའི་ཉི་མ་མཆོག་ནི། བོད་རབ་བྱུང་༡༦་པའི་ས་སྦྲུལ་ལོ་སྟེ། ཕྱི་ལོ་༡༩༢༩་ལོར་སྐུ་འཁྲུངས་ཤིང་། བླ་མ་སྐྱེས་ཆེན་དམ་པ་དུ་མས་ཁོང་སྐུ་གཞོན་ནུའི་དུས་ནས་རྡོ་གྲུབ་སྐུ་འཕྲེང་གསུམ་པ་རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མའི་ཡང་སྤྲུལ་འཕྲུལ་མེད་དུ་ངོས་འཛིན་གནང་སྟེ། རྡོ་གྲུབ་ཆེན་རིག་འཛིན་འཇིགས་མེད་བསྟན་པའི་ཉི་མ་ཞེས་མཚན་གསོལ། ཁོང་སྐུ་ན་ཕྲ་མོའི་དུས་ནས་བཟུང་ཡོངས་འཛིན་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་མང་ཚུལ་བཞིན་བསྟེན་ནས་གསན་བསམ་སྒོམ་པ་མཐར་ཕྱིན་པ་གནང་སྟེ། མཁས་ཤིང་གྲུབ་པའི་ཡང་རྩེར་སོན། ཕྱིས་སུ་བོད་ལ་རྒྱ་ནག་དམར་པོའི་གཞུང་གིས་བཙན་འཛུལ་བྱས་ནས། བོད་ཡུལ་རྒྱ་ནག་དམར་གཞུང་གི་འོག་ཏུ་ཤོར་རྗེས་སུ་རྗེ་འདི་ལ་རྒྱ་ནག་དམར་གཞུང་གིས་ཚེ་བཙོན་གྱིས་ཁྲིམས་ཐག་བཅད་དེ། ལོ་ངོ་ཉི་ཤུ་མ་ཟིན་ཙམ་རིང་གསེར་རྟ་རྫོང་བཙོན་ཁང་དང་། གཙོ་བོ་མི་ཉག་ར་རྔའི་བཙོན་ཁང་མུན་ནག་ཏུ་བཞུགས། སྐབས་དེར་ཁོང་གི་ཁྲིམས་རོགས་ནི། མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་སྐྱབས་རྗེ་སེ་ར་ཡང་སྤྲུལ་རིན་པོ་ཆེ་སོགས་ཡིན། ཁོང་རྣམ་པ་རྒྱ་དམར་གྱི་མནར་གཅོད་ཚད་མེད་པའི་བཙོན་འོག་ཏུ་བཞུགས་སྐབས་ཀྱང་རྗེ་འདིས་སྐྱབས་རྗེ་སེ་ར་ཡང་སྤྲུལ་རིན་པོ་ཆེ་བླ་མར་བསྟེན་ཏེ། མདོ་སྔགས་ཀྱི་གདམས་པ་ཟབ་མོ་གང་མང་ཞུས་པ་སོགས་ངོ་མཚར་བའི་རྣམ་ཐར་ཧ་ཅང་མང་། ཕྱིས་སུ་རྒྱ་དམར་གྱི་མགོ་གཙོ་མའོ་ཙེ་ཏུང་ཤི་ནས་ལོ་ཤས་རྗེས་ཏེ། བོད་རབ་བྱུང་༡༦་པ་ས་ལུག་ལོ་སྟེ། ཕྱི་ལོ་༡༩༧༩་ལོར་རྒྱ་དམར་སྲིད་གཞུང་གིས་སྐབས་དང་པོའི་བཙོན་པ་ཟེར་བ་གློད་བཀྲོལ་གཏོང་སྐབས་རྗེ་འདི་དང་། སྐྱབས་རྗེ་སེ་ར་ཡང་སྤྲུལ་རིན་པོ་ཆེ་སོགས་བཙོན་གྲོལ་ཐོབ། རང་ཡུལ་དུ་ཕེབས་ཏེ། རིམ་གྱིས་རྒྱལ་བསྟན་ཉམས་པ་སླར་གསོའི་ཆེད་ཟབ་རྒྱས་ཆོས་འཁོར་རྒྱ་ཆེན་བསྐོར་བ་དང་། རྗེ་འདི་ཉིད་ཀྱི་གདན་ས་གཙོ་བོ་ནི། མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ཡུལ་གྱི་གྲུབ་ཆེན་ཡར་ལུང་དགོན་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གླིང་གིས་གཙོས་དགོན་གནས་བསྐྱར་གསོ་སོགས་ད་བར་མཛད་རྗེས་རླབས་ཆེན་གང་མང་བསྐྱངས། ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཡིད་བཞིན་ནོར་བུའི་རླབས་ཆེན་ཐུགས་བཞེད་ཇི་བཞིན་གེགས་མེད་ལེགས་འགྲུབ་དང་། བོད་གཞིས་བྱེས་ལྷན་འཛོམས་ཀྱིས། འཕགས་མཆོག་ཕྱག་ན་པདྨོའི་ཞབས་ཟུང་བཀྲ་ཤིས་པའི་རེ་ཁ་རང་ཡུལ་གངས་ཅན་ལྗོངས་ཀྱི་འཇིགས་མེད་རྡོ་རྗེའི་ཁྲི་འཕང་མངོན་མཐོར་མྱུར་དུ་འཁོད་ཐུབ་པར་རྟག་ཏུ་བཅོས་མིན་རེ་སྒུག་ཞུ་བཞིན་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་ཀྱང་། མཐར་བོད་ལུགས་ལྟར་བྱས་ན་དགུང་གྲངས་༩༢་དང་། ཕྱི་ལུགས་ལྟར་ན་དགུང་གྲངས་༩༡་ལ་ཕེབས་པ། བོད་རབ་གནས་ལྕགས་བྱི་ལོའི་བོད་ཟླ་བཞི་བ་ས་ག་ཟླ་བའི་ཚེས་༡༡་དང་། ཕྱི་ལོ་༢༠༢༠་ལོའི་ཕྱི་ཟླ་༦་ཚེས་༢་ཀྱི་ཉིན་གུང་རྒྱ་ནག་གི་ཆུ་ཚོད་༡་༣༠་ཙམ་ལ་རེ་ཞིག་ཞིང་འདི་ནས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཡོད། དེ་རྗེས་ས་ག་ཟླ་བའི་ཚེས་༡༨་ནས་༢༠་བར་དང་། ཕྱི་ཟླ་༦་ཚེས་༨་ནས་༡༠་བར་ཉིན་གསུམ་རིང་དད་ལྡན་མང་ཚོགས་སྟོང་ཕྲག་མང་པོས་གདུང་མཇལ་ཞུས་ཡོད་པ་དང་། མཐར་ས་ག་ཟླ་བའི་ཚེས་༢༡་དང་། ཕྱི་ཟླ་༦་ཚེས་༡༡་ཉིན་གྱི་ཞོགས་པའི་ཆུ་ཚོད་༥་ཙམ་ལ་སྐུ་གདུང་ཞུགས་འབུལ་ཞུས་ཏེ། དེང་སྐབས་དགོངས་རྫོགས་མཆོད་འབུལ་རྒྱ་གང་ཆེ་སྒྲུབ་བཞིན་པ་བཅས། མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ལོ་རྒྱུས་ཞིབ་འཇུག་ཚོགས་ཆུང་གིས་བོད་རབ་གནས་ལྕགས་བྱི་ལོའི་ས་ག་ཟླ་བའི་ཚེས་༢༥་དང་། ཕྱི་ལོ་༢༠༢༠་ཟླ་༦་ཚེས་༡༥་ཉིན་སྤེལ།