༄༅། །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་དངོས། འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་དུ་བསམ་བཞིན་གསུམ་ལྡན་རྡོ་རྗེ་འཆང་གི་སྐུར་དངོས་སུ་བཞེངས་ཏེ། སྐད་ཅིག་རེ་ལའང་སྐུ་ངལ་འབུམ་ཕྲག་ལྷུར་བཞེས་ཀྱིས་ས་ཆེན་པོའི་རྡུལ་དང་མཉམ་པའི་མཐའ་ཡས་པའི་འགྲོ་བ་ཡོངས་ཀྱི་ཁམས་དབང་མོས་པ་སྣ་ཚོགས་ཇི་བཞིན་དུ་གང་ལ་གང་འདུལ་གྱི་ཀུན་ཕན་རླབས་ཆེན་མཛད་འཕྲིན་གྱི་བདུད་རྩིའི་དྲི་ཆར་བར་མེད་དུ་འདོད་རྒུར་འཇོ་བཞིན་པ་སྤྱི་ནོར་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་༧རྒྱལ་དབང་ཡིད་བཞིན་ནོར་བུའི་སྡེའི་ཞབས་ཟུང་དགེ་ལེགས་བྱེ་བའི་གཟི་བྱིན་འབུམ་ཕྲག་ཕྱོགས་བརྒྱར་འཕྲོ་བཞིན་པའི་འཇིགས་མེད་གདོང་ལྔས་བཏེགས་པའི་གཞོམ་བྲལ་རྡོ་རྗེའི་ཁྲི་འཕང་མངོན་པར་མཐོ་བའི་ཉེ་དྲུང་གང་དུ། སྒོ་གསུམ་རབ་གུས་ཀྱིས་དད་ཕྱག་འབུམ་ཕྲག་གྲངས་མེད་བཅས་བོད་རྒྱལ་ལོ་༢༡༤༧ བོད་རབ་གནས་ལྕགས་བྱི་ལོའི་བཀྲ་ཤིས་རྫོགས་ལྡན་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་རྟེན་འབྲེལ་ལ་འཚམས་ཞུའི་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་། ལྷར་བཅས་འགྲོ་བ་ཡོངས་ཀྱི་མ་འགྲས་པའི་མཛའ་བཤེས་ཆེན་པོ། བསླུ་མེད་གཏན་གྱི་སྐྱབས་མགོན་༧རྒྱལ་དབང་ཡིད་བཞིན་ནོར་བུའི་སྡེའི་གསང་གསུམ་ཉེ་ཞོ་མཐའ་དག་ལྷག་མེད་དུ་རང་སར་ཞི་ཞིང་། ཞབས་པད་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ནས། ཀུན་ཕན་རླབས་ཆེན་ཐུགས་ཀྱི་བཞེད་དགོངས་ཟབ་མོ་ཕྲ་རགས་མཐའ་དག་གེགས་མེད་བདེ་བླག་མྱུར་འགྲུབ་འབྱུང་བར་སྨོན་འདུན་ཤུགས་དྲག་ཞུ་ཞུ་ཞུ།
༼༼ ཤིས་ཚིགས། ༽༽
བཀྲ་ཤིས་རབ་གནས་ལྕགས་ཕོ་བྱི་བའི་བཀྲ་ཤིས་གནམ་ལོ་གསར་བཞད་དུ། །
རྒྱལ་ཀུན་བརྩེ་ཆེན་ཕྱག་ན་པདྨོ་རྒྱལ་དབང་ཡིད་བཞིན་ནོར་བུའི་སྡེའི། །
སྐུ་ཚེ་ཞབས་པད་བསྐལ་བརྒྱར་རབ་བརྟན་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ཀུན། །
ཡར་ཟླའི་དཔལ་འགྲན་རླབས་ཆེན་བཞེད་དོན་ཡར་སྐྱེས་ལྗོན་དབང་མྱུར་འགྲུབ་ཤོག །
གོང་མའི་སྐྱེ་འཕྲེང་ས་གསུམ་མཛེས་རྒྱན་བསྟན་འགྲོའི་སྐྱབས་དང་བསླུ་མེད་མགོན། །
རྒྱལ་ཀུན་གསང་གསུམ་གཅིག་ཏུ་བསྡུས་ཀྱང་ཟླ་བྲལ་མཛད་འཕྲིན་དབང་ཕྱུག་གཏེར། །
ཡིད་ལ་དགོས་འདོད་ཇི་བཞིན་ལེགས་སྩོལ་ནོར་བུ་གཏེར་དང་དཔག་བསམ་ལྗོན། །
བསྟན་དང་དེ་འཛིན་གདུལ་བྱ་རྒྱ་མཚོ་སྐྱོང་བའི་མགོན་འདི་ཞབས་བརྟན་ཤོག །
སྐུ་མཆོག་མཚན་དཔེ་ཉིན་བྱེད་དབང་པོ་གཟི་འབར་བྱིན་ཆགས་མཐོང་གྲོལ་སྐུ། །
གསུང་མཆོག་ཚངས་དབྱངས་ལུང་རིགས་གཏེར་མཛོད་བླང་དོར་རྣམ་འབྱེད་མན་ངག་གསུང་། །
ཐུགས་མཆོག་དམ་བཅའ་ཆེན་པོ་བཞི་སོགས་བརྩེ་ཆེན་འགྲོ་ཀུན་རྗེས་འཛིན་ཐུགས། །
རྒྱལ་མཆོག་ཐུབ་པའི་ངེས་དོན་རྒྱལ་ཚབ་༧གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ། །
མགོན་འདིའི་ཞབས་བརྟན་བཞེད་དོན་མྱུར་འགྲུབ་ཕྱིར། །སླར་ཡང་ལྕགས་བྱི་གནམ་ལོ་གསར་བ་འདིར། །
རྒྱན་འཇུག་བརྒྱ་ཚར་རེ་འདོན་དམ་འབུལ་ན། །དགེ་འདིས་སྨོན་པའི་དོན་ཆེན་མྱུར་འགྲུབ་ཤོག །
ཅེས་བྱེས་ཀྱི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དགའ་ཤར་སོག་པ་ཁང་ཚན་གྱི་གྲྭ་འབངས་སུ་གཏོགས་པ་གུས་མིང་གསེར་རྟའི་ཚུལ་ཁྲིམས་འོད་ཟེར་དུ་འབོད་པས་ཕྱི་ལོ་༢༠༢༠་ལོའི་ཟླ་༡༢་པའི་ཚེས་༡༩་སྟེ། རེས་གཟའ་ལྷག་དཀར་ཉིན་དད་གུས་རྩེ་གཅིག་གིས་ཇི་ལྟར་སྨོན་པ་དེ་བཞིན་ཉིད་དུ་གྱུར་ཅིག དགེའོ།། །།