༄༅། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་གཉིས་པ་འཇམ་མགོན་བླ་མ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྟོགས་བརྗོད་པད་དཀར་ལྗོན་པའི་ཡལ་འདབ་བརྒྱ་བ་བཞུགས་སོ། །

  ༄༅། །ན་མོ་གུ་རུ་མཉྫུ་ཤྲི་ཡེ།
རྨད་བྱུང་ཐུགས་བསྐྱེད་པད་དཀར་ལྟར་བསྔགས་མཐའ་ཡས་འགྲོ་ལ་བརྩེ་ཆེན་རྨད། །
རྨད་བྱུང་ཕྱིན་དྲུག་གོ་ཆ་བཙན་པོས་གྲངས་མེད་གསུམ་དུ་ཚོགས་བསགས་རྨད། །
རྨད་བྱུང་སྐུ་བཞིའི་དཀྱིལ་འཁོར་ཡོངས་རྫོགས་མཉམ་རྗེས་དབྱེར་མེད་ཡེ་ཤེས་རྨད། །
རྨད་བྱུང་མདོ་སྔགས་བདུད་རྩིའི་ཆར་འབེབས་སྟོན་པའི་སྟོན་མཆོག་གང་དེ་རྨད། །

དམར་སེར་ལི་ཁྲིའི་བཀྲག་མདངས་རབ་འབར་སྐུ་མཆོག་མཚན་དཔེའི་གཟི་འབར་སྐུ། །
ཀུན་ཕན་གདམས་ངག་དོན་ལྡན་རབ་སྙན་གསུང་མཆོག་འགག་མེད་རྡོ་རྗེའི་གསུང་། །
རྒྱལ་ཀུན་ཡེ་ཤེས་གཟུགས་སྐུར་རབ་ཤར་ཐུགས་མཆོག་ཇི་ལྟ་ཇི་སྙེད་ཐུགས། །
དངོས་བཤམས་ཡིད་སྤྲུལ་དད་གསུམ་རབ་མཆོད་ལྷ་མཆོག་མཚུངས་མེད་ལྷག་པའི་ལྷ། །

རིགས་གསུམ་སྒྱུ་འཕྲུལ་མཁྱེན་རབ་ཟླ་བྲལ་མཁས་པའི་མཁས་པ་ཙོང་ཁ་པ། །
ཁམས་གསུམ་འགྲོ་ལ་བརྩེ་ཆེན་ཟླ་བྲལ་བཙུན་པའི་བཙུན་པ་ཙོང་ཁ་པ། །
ས་གསུམ་མཚུངས་མེད་ནུས་མཐུ་ཟླ་བྲལ་བཟང་པོའི་བཟང་པོ་ཙོང་ཁ་པ། །
ཐེག་གསུམ་མདོ་སྔགས་བསྟན་པའི་ཉིན་བྱེད་རྒྱལ་བའི་རྒྱལ་བ་ཙོང་ཁ་པ། །

མཁྱེན་པས་སྔོན་དང་ཕྱི་མའི་མཐའ་སོགས་སྲིད་ཞིའི་ཆོས་ཀུན་ཇི་བཞིན་མཁྱེན། །
བརྩེ་ཆེན་དཔག་དཀས་མཐའ་མེད་འགྲོ་རྣམས་མ་ཡིས་བུ་ལྟར་རྗེས་སུ་བརྩེ། །
ནུས་མཐུས་ཡོངས་རྫོགས་འཛམ་བུའི་གླིང་ཆེན་ཞི་བདེའི་དཔལ་ལ་ཆེར་སྦྱོར་ནུས། །
གསུམ་ལྡན་རྡོ་རྗེ་འཆང་དབང་༧སྐྱབས་མགོན་རྒྱལ་མཆོག་གཏན་གྱི་སྐྱབས་གནས་གསུམ། །

རྒྱལ་བའི་ལུང་ཟིན་རྒྱལ་བ་ཙོང་ཁ་པ། །
ཞིང་འདིར་འཁྲུངས་རྗེས་ཞིང་གཞན་གཤེགས་པ་ནས། །
ལོ་ངོ་དྲུག་བརྒྱའི་ལོ་ཚིགས་དུས་ཆེན་འདིར། །
རྗེས་དྲན་ཞུ་བར་རྗེས་སུ་ཡི་རང་ངོ། །

འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི། །
དྲུག་བརྒྱའི་རྗེས་དྲན་ལས་རིམ་རྣམ་མང་ཁྲོད། །
གཞུང་ཆེན་བློ་རྒྱུགས་རྩོམ་རིག་འགྲན་བསྡུར་སོགས། །
མཆིས་ཕྱིར་སྙན་རྩོམ་འགྲན་སྒོར་ཞུགས་ན་འདོད། །

འོན་ཀྱང་བརྗོད་བྱ་རྒྱལ་བ་ཙོང་ཁ་པའི། །
གསང་གསུམ་ཡོན་ཏན་མཛད་འཕྲིན་ལགས་པའི་ཕྱིར། །
འདི་དག་སར་གནས་སེམས་དཔས་ཀྱང་དཀའ་ན། །
བདག་འདྲའི་བློ་དམན་རྟུལ་པོས་ཇི་ལྟར་བརྗོད། །

འོན་ཀྱང་རབ་གནས་ས་ཕག་འདི་ནས་བགྲང་བྱ་དྲུག་བརྒྱའི་གོང་རོལ་དེར། །
འཇམ་དཔལ་དབྱངས་དངོས་འབྲེལ་ཚད་དོན་ལྡན་རྒྱལ་བའི་དབང་པོ་ཙོང་ཁ་པའི། །
ཐུགས་བསྐྱེད་དུས་སྨིན་ཐུབ་བསྟན་བྱི་དོར་གསེར་སྦྱང་བཙོ་མའི་ལུགས་བཟང་སྤེལ། །
མགོན་འདིའི་བསྟན་པའི་ལྷག་ཞབས་དེང་འདིར་གནས་ཙམ་འདི་ཡང་སྐལ་བཟང་སྙམ། །

དེའི་ཕྱིར་འཇམ་མགོན་བླ་མ་ཙོང་ཁ་པའི། །
གསང་གསུམ་མི་ཟད་ཡོན་ཏན་ནོར་བུའི་གཏེར། །
སྒྲོ་སྐུར་མ་བསླད་རང་བློས་གང་ལྕོགས་ཀྱིས། །
ཚིག་འགའ་བརྗོད་ལ་དད་པས་འཇུག་པར་བྱ། ། ཞེས་ཤར་རྒྱལ་བ་གཉིས་པ་མཇམ་མགོན་བླ་མ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྟོགས་བརྗོད་པད་དཀར་ལྗོན་པའི་ཡལ་འདབ་བརྒྱ་བ་ལས་ཐོག་མར་ཞིང་ཁྱད་པར་ཅན་ལ་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅས་ཏེ། རྩོམ་པའི་སྒོ་ཡངས་པོར་ཕྱེས་པའི་ཡལ་འདབ་དང་པོའོ། །

གང་ཞིག་གང་ལས་མཆོག་དམན་ཁྱད་པར་སོགས། །
སྤྱོད་ཚུལ་བྱས་རྗེས་ཁོ་ནས་རྟོགས་ནུས་པས། །
རྒྱལ་བའི་བཀའ་ན་གསལ་དང་མི་གསལ་དང་། །
དམ་པའི་ལུང་གིས་ཟིན་མིན་ཅི་ཞིག་ལྟོས། །

འོན་ཀྱང་བསྐལ་མང་སྔོན་ནས་རང་དོན་ཆོས་སྐུའི་ཀློང་ཆེན་མངོན་གྱུར་ཀྱང་། །
རབ་འབྱམས་ཞིང་བརྒྱར་རིམ་དང་ཅིག་ཆར་སྤྲུལ་བའི་རོལ་གར་བྱེ་བ་བརྒྱས། །
མཐའ་དག་སྐྱེ་བོའི་ཁམས་མོས་ཇི་བཞིན་འགྲོ་ཁམས་རྒྱ་མཚོ་སྟོང་བའི་བར། །
བསྟན་འགྲོའི་མགོན་དཔུང་ཙོང་ཁ་པ་ཞེས་རྒྱལ་དང་རྒྱལ་སྲས་བྱེ་བས་བསྔགས། །

དེ་ཡང་རྒྱལ་གསུང་འཁྲུལ་བ་ཀུན་བྲལ་འཇམ་དཔལ་རྩ་བའི་རྒྱུད་ཉིད་དུ། །
འཇམ་དཔལ་དབྱངས་ལ་ཐུབ་པའི་དབང་པོས་ཁོང་ཉིད་འདས་རྗེས་ཁྱོད་ཀྱིས་ནི། །
རྒྱལ་སྲས་ཚུལ་གྱིས་རྒྱལ་བསྟན་སྐྱོང་སྐབས་བསིལ་ལྡན་ཁ་བའི་ལྗོངས་ཆེན་ན། །
མཁས་གྲུབ་ཀླུ་དབང་བྱེ་བའི་རོལ་མཚོ་དགའ་ལྡན་དགོན་ཆེན་འབྱུང་ཞེས་གསུངས། །

མགོན་དེའི་ཐུགས་སྲས་མཁས་གྲུབ་དགེ་ལེགས་དཔལ། །
འཕགས་ཡུལ་རིག་པའི་ཁུ་བྱུག་ཆེ་བའི་སྐབས། །
འཕགས་པ་ལྷ་དང་དཔལ་ལྡན་ཟླ་བ་གྲགས། །
སངས་རྒྱས་བསྐྱངས་དང་ཞི་བ་ལྷ་བཅས་ཀྱིས། །

འཇམ་དཔལ་དབྱངས་གང་བསམ་བཞིན་མཐའ་འཁོབ་ཏུ། །
དགེ་སློང་རྟེན་ལ་ཐུབ་བསྟན་སྤེལ་ངེས་ན། །
ཁྱོད་ཀྱང་དེར་སྐྱེས་དེའི་ཞབས་སྤྱི་བོར་ལོངས། །
ཚུལ་བཞིན་སྟེན་ལ་ཐུབ་བསྟན་སྤེལ་ཅིག་གསུངས། །

དཔག་མེད་བསྐལ་སྔོན་བདེ་གཤེགས་དབང་པོའི་ཏོག་གིས་འཁོར་ཚོགས་རྒྱ་མཚོའི་དབུས། །
རྡོ་རྗེ་ཐེག་པའི་ཟབ་རྒྱས་ཆོས་འཁོར་རྒྱ་ཆེར་བསྐོར་བའི་མདུན་ས་ཆེར། །
མགོན་འདི་འཇམ་དབྱངས་ཐུགས་ཀྱི་སྲས་མཆོག་བདེན་གཉིས་མངོན་གཟིགས་གཟུངས་སྤོབས་སོགས། །
བསམ་གྱིས་མི་ཁྱབ་ཡོན་ཏན་གཏེར་གྱུར་དེ་ཚེ་རྒྱལ་བ་དབང་པོའི་ཏོག །

ཚངས་པའི་དབྱངས་ཀྱིས་རྒྱལ་སྲས་གང་དག་འགྲོ་ཁམས་རྒྱ་མཚོའི་གདུལ་བྱ་ལ། །
ཟབ་མོ་དབུ་མའི་ལྟ་དང་ཉེར་འབྲེལ་རྡོ་རྗེ་ཐེག་པའི་ལམ་བཟང་སྲོལ། །
རྒྱས་བྱེད་ལུས་སྲོག་གང་ལ་འཛེམས་མེད་རབ་དང་ཕུལ་དང་མཆོག་གྱུར་བསྔགས། །
དེ་ཚེ་མགོན་འདིར་སྙིང་སྟོབས་ཆེར་རྒྱས་བདག་གིས་དེ་ལྟར་བགྱི་འོ་ཞེས། །

དབང་པོའི་ཏོག་སོགས་རྒྱལ་བ་སྲས་བཅས་དཔང་བཞག་དམ་བཅའི་སྒྲ་བསྒྲགས་ཚེ། །
མགོན་འདིའི་མཚན་ལ་སྙིང་སྟོབས་ཆེ་ཞེས་ཞིང་བརྒྱར་ཁྱབ་ཅིང་ཞལ་འཛུམས་བཅས། །
དབང་པོའི་ཏོག་གིས་སྙིང་སྟོབས་ཆེ་ཁྱོད་དེ་ལྟར་གྱིས་དང་མ་འོངས་པར། །
རྨད་བྱུང་བཀོད་པར་སེང་གེའི་ང་རོར་རྫོགས་སངས་རྒྱས་པར་དབུགས་དབྱུང་ཚུལ། །

འཇམ་དབྱངས་སྐུ་གསུང་སྣང་བ་སྒྲིབ་མེད་རྒྱུན་ཆགས་མངའ་བའི་ཡོངས་ཀྱི་བཤེས། །
འཇམ་དཔལ་རྒྱ་མཚོ་ཞུ་བའི་ངེས་དོན་མཁས་གྲུབ་ཆེན་པོ་རྟོགས་ལྡན་པས། །
འཇམ་མགོན་བླ་མས་གང་དུ་ཐུགས་བསྐྱེད་གང་ལ་རྫོགས་སངས་རྒྱས་དྲིས་པར། །
འཇམ་དབྱངས་ཉིད་ཀྱིས་དྲིས་ལན་ལུང་བསྟན་འདི་འདྲ་མཇལ་བ་སྐལ་བ་བཟང་། །

གཞན་ཡང་རྗེ་བཙུན་གསང་བའི་བདག་པོ་ཡིས། །
ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལ། །
མགོན་འདིའི་ཐུབ་པའི་དྲུང་དུ་ཐུགས་མཆོག་བསྐྱེད། །
ཞིང་འདིར་ཐུབ་བསྟན་མདོ་སྔགས་གཞུང་མང་སྤེལ། །

འདི་ནས་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ། །
རྒྱལ་བའི་རྒྱལ་ཚབ་མི་ཕམ་མགོན་པོའི་དྲུང་། །
བྱམས་མགོན་ཐུགས་སྲས་འཇམ་དཔལ་སྙིང་པོ་རུ། །
སྐྱེས་ནས་མྱུར་དུ་རྫོགས་སངས་རྒྱས་ཞེས་བསྟན། །

ལྷག་པའི་ལྷ་མཆོག་འཇམ་དཔལ་དཔའ་བོས་མཁས་གྲུབ་བླ་མ་དབུ་མ་པར། །
མགོན་འདི་འཕགས་ཡུལ་བྲམ་ཟེའི་བུར་འཁྲུངས་དེ་ཚེ་ཤཱཀྱའི་རྒྱལ་པོའི་དྲུང་། །
དྲི་མེད་ཤེལ་དཀར་བརྒྱ་རྩའི་འཕྲེང་བ་ཕུལ་ནས་བྱང་ཆུབ་སེམས་མཆོག་བསྐྱེད། །
སྨོན་ལམ་སྟོབས་ཀྱིས་སྟོང་ཉིད་ལྟ་བ་ཇི་བཞིན་རྟོགས་པའི་ཚུལ་སོགས་གསུངས། །

མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོར་ད་ལྟ་ང་ལ་ཤེལ་དཀར་གྱི། །
འཕྲེང་བ་འབུལ་བའི་ཁྱེ་འུ་འདི་ཡིས་རྒྱལ་བསྟན་ཉམས་པ་གསོ་བྱེད་དུ། །
འབྲི་དང་ལྡན་གྱི་ས་མཚམས་ཤིག་ཏུ་དགེ་ཞེས་བྱ་བའི་དགོན་པ་འདེབས། །
བློ་བཟང་ཞེས་པའི་མཚན་དང་ལྡན་ཚུལ་བསླུ་མེད་རྡོ་རྗེ་ལུང་གིས་བསྟན། །

ད་དུང་གྲུབ་པའི་དབང་ཕྱུག་མཚོ་སྐྱེས་རྗེ། །
མགོན་པོ་ཀླུ་དང་མཁའ་འགྲོ་གསང་བའི་རྒྱུད། །
ལང་ཀར་གཤེགས་མདོ་ལུང་བསྟན་གསལ་མེ་དང་། །
གླེགས་བམ་ལ་སོགས་འཁྲུལ་བྲལ་ལུང་མང་ན། །

འཇམ་མགོན་རྒྱལ་བའི་གསང་གསུམ་མཛད་འཕྲིན་བཅས། །
བསྟན་ཚད་བྲིས་ན་སྐབས་འདིར་མང་བར་དོགས།།
ཅུང་ཟད་མ་བྲིས་བརྗོད་བྱ་མི་ཚང་སྙམ། །
དེའི་ཕྱིར་འདི་ནས་ཆེ་ལོང་ཙམ་ཞིག་སྤེལ། ། ཞེས་ཤར་རྒྱལ་བ་གཉིས་པ་མཇམ་མགོན་བླ་མ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྟོགས་བརྗོད་པད་དཀར་ལྗོན་པའི་ཡལ་འདབ་བརྒྱ་བ་ལས་རྗེ་འདིའི་སྐུ་འཕྲེང་སྔོན་མ་དང་། ཕྱི་མ། ད་ལྟ་བཅས་མདོ་རྒྱུད་བསྟན་བཅོས་དུ་མ་ནས་འཁྲུལ་བྲལ་རྡོ་རྗེའི་ལུང་གིས་བསྟན་ཚུལ་མདོར་ཙམ་བརྗོད་པའི་ཡལ་འདབ་གཉིས་པའོ། །

རབ་བྱུང་དྲུག་པའི་མེ་སྤྲེལ་ལོ་མཇུག་མགོན་འདིའི་ཡབ་ཀྱི་མནལ་ལམ་དུ། །
རི་བོ་རྩེ་ལྔ་ནས་འོངས་མེ་ཏོག་འཕྲེང་བ་སྤེལ་ལེགས་ཆོས་ཀྱི་གོས། །
སུམ་རྩའི་ཤིང་ལོ་དར་སེར་དང་འདྲའི་ཤམ་ཐབས་གྱོན་ཞིང་པོ་ཏི་བསྣམས། །
གནས་ཁང་གཡོར་ཞེས་ཤཱཀྱའི་བཙུན་པ་མཆོད་ཁང་ནང་ལ་བྱོན་སྣང་ཤར། །

གཞན་ཡང་བྱང་ཕྱོགས་ལྕང་ལོ་ཅན་ནས་ཕྱག་ན་རྡོ་རྗེས་འཕངས་སྙམ་པའི། །
འོད་ཟེར་སྟོང་འབར་གསེར་གྱི་རྡོ་རྗེ་ཡུམ་ལ་ཐིམ་པའི་རྨི་ལྟས་བཅས། །
ཁོ་བོས་མཚན་བརྗོད་ཁོ་ན་འདོན་པས་དང་པོ་འཇམ་དབྱངས་རྣམ་འཕྲུལ་དང་། །
རྗེས་ཀྱི་རྨི་ལྟས་སྟོབས་ལྡན་སྲས་ཤིག་འཁྲུངས་པའི་རྟགས་སུ་ཡབ་ཀྱིས་གསུངས། །

དེ་ཚེ་མགོན་འདིའི་ཡུམ་གྱི་མནལ་ལམ་ཡིད་འོང་པདྨའི་དགའ་ཚལ་ན། །
ལུས་ཕྲ་སྟོང་ཕྲག་གྲལ་བསྟར་བསྒྲིགས་དབུས་ཡུམ་ཡང་དངོས་སུ་བཞུགས་པའི་སར། །
ཤར་ནས་བུམ་པ་འཛིན་པའི་ཁྱེའུ་དཀར་ནུབ་ནས་བུ་མོ་དམར་མོ་ཡིས། །
ཕྱག་གཡས་རྨ་སྒྲོ་སྡེར་མ་ཙམ་དང་གཡོན་པས་མེ་ལོང་ཆེན་པོ་བཅས། །

མགོན་འདིའི་ཡུམ་ལ་ཁྱེད་ཉིད་འོས་ཞེས་བུམ་ཆུ་སྤྱི་བོའི་གཙུག་ནས་བླུགས། །
ཇི་ལྟར་བལྟམས་པ་ཞེས་སོགས་དབྱངས་བཅས་ཡུམ་ལ་དགའ་བདེའི་ཉམས་བརྒྱ་ཤར། །
གཞན་ཡང་དབུས་འགྱུར་ཆོས་ཀྱི་ཞིང་ནས་ཇོ་ཤཱཀ་ནང་ལ་གདན་འདྲེན་སོགས། །
ངོ་མཚན་བཀྲ་ཤིས་དགེ་མཚན་འབུམ་ཕྲག་རིམ་དང་ཅིག་ཆར་སྣང་བར་གྱུར། ། ཅེས་ཤར་རྒྱལ་བ་གཉིས་པ་མཇམ་མགོན་བླ་མ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྟོགས་བརྗོད་པད་དཀར་ལྗོན་པའི་ཡལ་འདབ་བརྒྱ་བ་ལས་རྗེ་བླ་མ་འདི་ཉིད། ཅུང་སྐུ་མ་འཁྲུངས་པའི་སྔ་རོལ་ཏུ་མགོན་འདིའི་ཡབ་ཡུམ་སོགས་ལ་ཐུན་མོང་མ་ཡིན་པའི་དགེ་བའི་རྟགས་མཚན་ཁྱད་པར་ཅན་མཐའ་ཡས་པ་བྱུང་བ་རྣམས་མདོར་ཙམ་བརྗོད་པའི་ཡལ་འདབ་གསུམ་པའོ།

རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་དཔལ་དབྱངས། །
སྙིགས་ལྔའི་བསྟན་འགྲོའི་རྒུད་པ་གསོ་བའི་ཕྱིར། །
ཞིང་འདིའི་ཕུན་ཚོགས་ལྔ་ལྡན་ལེགས་གཟིགས་ཀྱིས། །
ངུར་སྨྲིག་དགེ་སྦྱོང་གར་དུ་འདི་ལྟར་བཞེངས། །

གངས་ཅན་མེས་དབོན་བཙན་པོའི་ཆབ་འབངས་མདོ་སྨད་དབང་ཕྱོགས་ཙོང་ཁའི་ཞིང་། །
ཕུན་ཚོགས་རིགས་ཀྱི་ཆེ་བ་ཀུན་ལྡན་དཔའ་མཛངས་རྟུལ་ཕོད་ཀླུ་འབུམ་དགེ །
བྱམས་བརྩེ་ལྷག་བསམ་ཡོན་ཏན་ཀུན་འཛོམས་ཡུམ་མཆོག་ཤིང་བཟའ་ཨ་ཆོས་སུ། །
རབ་བྱུང་དྲུག་པའི་མེ་མོ་བྱ་ལོའི་སྨིན་དྲུག་ཟླ་བའི་ཚེས་བཟང་ལ། །

རབ་འབྱམས་རྒྱལ་བའི་མཁྱེན་པའི་སྤྱི་གཟུགས་འཇམ་མགོན་རྒྱལ་བ་ཙོང་ཁ་པ། །
ངོ་མཚར་རྟགས་མཚན་བྱེ་བ་དང་བཅས་གཟུགས་སྐུའི་ཉི་གཞོན་ཡོངས་ཤར་ཚེ། །
དཔལ་ལྡན་གཤིན་རྗེ་གཤེད་ཀྱི་གྲུབ་ཆེན་ཆོས་རྗེ་རིན་ཆེན་དོན་གྲུབ་པས། །
རྟེན་འབྲེལ་ལེགས་བསྒྲིགས་དངོས་གྲུབ་བྱིན་རྟེན་མགོན་འདི་སྐྱོང་ཚུལ་ཡིག་བཅས་བསྩལ། །

སང་ཕོད་ད་ཙམ་ལུང་འདིའི་མདའ་རུ་འོང་། །
དེའི་བར་བདེར་བཞུགས་གཤེན་རྗེ་གཤེད་ནས་ཐོས། །
བརྟགས་པས་ཁྱོད་ཀྱི་བུ་འདི་ཡིན་ནོ་ཞེས། །
དེའི་ཕྱིས་ཆོས་རྗེའི་ཞལ་ནས་ཡབ་ལ་གསུངས། །

བདེན་དང་སྙན་སྨྲ་བཟོད་ལྡན་བག་མེད་བྲལ། །
དམན་ལ་ལྷག་བརྩེ་གཏོང་བར་རབ་དགའ་བ། །
དད་བརྩོན་ཆོས་འཚོལ་དཔག་དཀའི་བློ་གྲོས་གཏེར། །
ན་ཚོད་ཕྲ་བའི་མགོན་དེའི་ཁྱད་པར་ཉིད། །

རབ་བྱུང་དྲུག་པའི་ས་མོ་ཕག་ལོར་མགོན་འདི་དགུང་ལོ་གསུམ་པའི་དུས། །
ཆོས་རྗེ་ཀརྨ་རོལ་བའི་རྡོ་རྗེས་ཡོངས་རྫོགས་དགེ་བསྙེན་སྡོམ་པ་བསྩལ། །
མཚན་ཡང་ཀུན་དགའ་སྙིང་པོ་ཞེས་གསོལ་གཞོན་ནུ་འདི་ཉིད་མ་འོངས་པར། །
རྒྱལ་བསྟན་སྤེལ་ལ་རྒྱལ་བ་གཉིས་པར་འགྱུར་ཚུལ་རྡོ་རྗེའི་ལུང་གིས་བསྔགས། །

དགུང་ལོ་དེ་གར་མགོན་འདིའི་ཡབ་ཀྱིས་ཆོས་རྗེ་དོན་གྲུབ་རིན་ཆེན་པ། །
ལེགས་ཚོགས་ཞིང་དུ་གདན་འདྲེན་ཞུས་པར་རྗེ་དེས་འབྱུང་འགྱུར་མངོན་གཟིགས་ཀྱིས། །
དཔག་མེད་ཟང་ཟིང་ནོར་མང་གནང་སྦྱིན་བུ་འདི་ང་ལ་ཕུལ་ཅིག་ཅེས། །
གསུངས་ཚེ་ཡབ་ཡུམ་ཚད་མེད་དགའ་སྤྲོས་མགོན་འདི་ཆོས་རྗེ་དེའི་དྲུང་ཕུལ།

མཁས་གྲུབ་ཆོས་རྗེ་དོན་གྲུབ་རིན་ཆེན་པས། །
མགོན་འདི་རྒྱལ་བའི་རྒྱལ་ཚབ་འགྱུར་གཟིགས་ནས། །
ཐབས་མཁས་མཛད་པས་ལེགས་པར་བསྐྱངས་གྱུར་པས། །
ཚེགས་མེད་ཡོན་ཏན་ཡར་ཟླའི་དཔལ་ལྟར་འཕེལ།།

བྱང་གི་དགོན་ཆེན་བཞི་ལས་བྱ་ཁྱུང་ཞེས་བྱར་མཚུངས་མེད་ཆོས་རྗེ་དེས། །
མགོན་འདིར་གསང་བདག་འཇིགས་བྱེད་ཀྱེ་རྡོར་འཁོར་ལོ་བདེ་མཆོག་དྲིལ་བུའི་ལུགས། །
དབང་བསྐུར་རྡོ་རྗེ་ཐེག་པས་སྨིན་མཛད་གསང་མཚན་དོན་ཡོད་རྡོ་རྗེ་གསོལ། །
ཡོངས་རྫོགས་རིག་འཛིན་དམ་སྡོམ་ཕྲ་རགས་མགོན་འདིས་མིག་འབྲས་ལྟ་བུར་བསྲུངས། །

བདེ་དགྱེས་ཀུན་རིག་གཤིན་རྗེ་གཤེད་སོགས་རབ་འབྱམས་དཀྱིལ་ཆོག་ཐུགས་འཛིན་དང་། །
བདེ་མཆོག་དྲིལ་ལུགས་བདག་འཇུག་ལན་མང་བཞེས་ཏེ་རྩེ་གཅིག་རྣལ་འབྱོར་བརྩོན། །
བླ་མའི་བཀའ་བཞིན་རིག་སྔགས་རྒྱལ་པོ་ཨ་ར་པ་ཙ་མང་བསྙེན་པས། །
གཟིམས་ཁང་ངོས་ཀུན་རང་བྱོན་ཡིག་འབྲུ་ཨ་ར་པ་ཙས་ཁྱབ་པར་གྱུར། །

ཐུན་མིན་གཟིགས་སྣང་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྒྱ་མཚོ་འབྱམས་ཀླས་པས། །
དགུང་ལོ་བདུན་པར་གསང་བའི་བདག་དང་དཔལ་ལྡན་མཉམ་མེད་ཇོ་བོ་རྗེ། །
རྒྱུན་གྱི་མནལ་ལམ་རྟག་ཏུ་མཇལ་བས་དེའི་ཕྱིས་དབུས་གཙང་ཆོས་ཀྱི་ཞིང་། །
ཨ་ཏི་ཤ་ཡི་སྐུ་འདྲ་མཇལ་ཚེ་སྔོན་མཇལ་དེ་ག་རང་འདུག་གསུངས། །

སྲིད་པའི་འབྱོར་བ་མཁའ་ཡི་འཇའ་ཚོན་དང་། །
ཁྱིམ་གྱི་སོ་ཚིས་ཆུ་ཤིང་སྙིང་པོའི་དཔེར། །
ཚེགས་ཆེན་དོན་ཆུང་ལས་ལ་རབ་གཟིགས་ནས། །
མགོན་འདིས་ཚངས་སྤྱོད་རྟེན་བཟང་མངོན་དུ་མཛད། །

ལུང་རྟོགས་ཡོན་ཏན་རྒྱ་མཚོའི་མངའ་བདག་ཆོས་རྗེེ་གང་དེས་མཁན་པོ་གནང་། །
ཏཱ་དབོན་གཞོན་སེང་དངོས་སློབ་གཞོན་ནུ་བྱང་ཆུབ་ཅེས་བྱའི་སློབ་དཔོན་ནས། །
མགོན་འདི་རབ་བྱུང་ཚངས་སྤྱོད་རྟེན་བསྒྱུར་མཚན་ལ་བློ་བཟང་གྲགས་པ་གསོལ། །
མཐའ་དག་བསླབ་གཞི་ཉེས་ལྟུང་དྲི་བྲལ་འདུལ་འཛིན་འབུམ་གྱི་གཙུག་རྒྱན་བཞེངས། །

གཙུག་དགུ་མི་འཁྲུགས་ཆོས་དབྱིངས་གསུང་དབང་རྡོར་དབྱིངས་རྩེ་མོ་དཔལ་གྱི་མཆོག །
གྲྭ་ལྔ་ལ་སོགས་རྒྱུད་སྡེ་འོག་མའི་རྒྱུད་གཞུང་དཀྱིལ་ཆོག་མན་ངག་དང་། །
དགྲ་ནག་འཇིགས་བྱེད་གཤེད་དམར་སྐོར་གསུམ་ལཱུ་ནག་དྲིལ་གསུམ་འཁོར་ཆེན་སོགས། །
བླ་མེད་རྒྱུད་བཅས་ཐོས་བསམ་བསྒོམས་པས་རིག་འཛིན་གྲུབ་པའི་རྒྱལ་ས་བརྙེས། །

ཞེས་ཤར་རྒྱལ་བ་གཉིས་པ་མཇམ་མགོན་བླ་མ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྟོགས་བརྗོད་པད་དཀར་ལྗོན་པའི་ཡར་འདབ
བརྒྱ་བ་ལས་ཞིང་འདིར་རྗེ་བླ་མ་འདི་ཉིད་སྐུ་འཁྲུངས་པ་དང་། མཚན་ལྡན་གྱི་དགེ་བའི་བཤེས་གཉེན་ཆེན་པོས་མཉེས་བཞིན
རྗེས་སུ་བཟུངས་སྟེ། ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེས་གཙོས། སྡོམ་གསུམ་ཡོན་ཏན
རྒྱ་མཚོས་ཐུགས་རྒྱུད་ལེགས་པར་གཏམས་པར་མཛད་པའི་སྐོར་མདོར་ཙམ་བརྗོད་པའི་ཡལ་འདབ་བཞི་པའོ། །

རྒྱལ་བསྟན་རིན་ཆེན་ལུང་རྟོགས་གཉིས་སུ་འདུས། །
དེ་འཛིན་སྒྲུབ་དང་སྨྲ་བ་འབའ་ཞིག་ན། །
ལུང་མ་ཤེས་ན་བླང་དོར་ཀུན་རྨོངས་པས། །
བསྟན་པ་འཛིན་རློམས་བྱིས་པའི་ངང་ཚུལ་ཕྱིར། །

མདོ་སྔགས་གཞུང་ལུགས་སྦྱང་བ་མཐར་ཕྱིན་པར། །
རྗེས་འཇུག་ཕྱི་རབས་གདུལ་བྱ་ཁ་དྲངས་ཕྱིར། །
དབུས་འགྱུར་ཐུབ་བསྟན་ལུང་རྟོགས་ནོར་བུའི་མཚོར། །
འཇམ་དཔལ་དབྱངས་དངོས་མགོན་འདི་བྱོན་འདོད་འཁྲུངས།།

བཤུལ་ལམ་རིང་བོའི་བཟོད་བྲལ་དཀའ་སྡུག་གང་ལ་མ་འཛེམས་མགོན་འདི་ནི། །
དམ་ཆོས་འཚོལ་བར་དཔའ་ཞིང་རྟུལ་ཕོད་རྒྱལ་སྲས་རྟག་ཏུ་ངུ་ལྟར་གྱུར། །
དེ་ཚེ་བླ་མ་གཏིང་ནས་དགྱེས་བཞིན་ཞལ་གདམས་ཕེབས་རྫོང་ཚོགས་འཁོར་བཤམས། །
མཎྜལ་ཕུལ་བཅས་རྟེན་འབྲེལ་ལེགས་འགྲིགས་བླ་སློབ་འབྲལ་མི་ཕོད་པའི་ངང་། །

རབ་བྱུང་དྲུག་པའི་ཆུ་ཕོ་བྱི་བར་མགོན་འདི་དགུང་ལོ་བཅུ་དྲུག་དུས། །
མདོ་ཁམས་ལྷོ་ལམ་རིང་མོ་བརྒྱུད་དེ་ངོམ་རྫའི་ཆུ་ཟུང་འདུས་པའི་མདོར། །
ཞག་གཅིག་བཞུགས་པར་གནས་བཅུ་མགོན་བཅས་ཞལ་གཟིགས་སླད་མར་གནས་འདི་རུ། །
ཆོས་ཀྱི་སྡེ་ཆེན་འབྱུང་བར་ལུང་བསྟན་ད་ལྟའི་ཆབ་མདོ་དགོན་ཆེན་ཉིད། །

འཁོར་ཆེན་འཇམ་དབྱངས་ཚེ་ལྷ་རྣམ་སྲས་ཡེ་ཤེས་མགོན་པོ་ཕྱག་དྲུག་བཅས། །
བསྙེན་སྒྲུབ་གཏོར་འབུལ་ཚུལ་བཞིན་གནོངས་ཞེས་ཆོས་རྗེས་མགོན་འདིར་གདམས་པ་ལྟར། །
ཇི་བཞིན་བསྒྲུབས་པས་ཐུགས་བཞེད་ལེགས་གྲུབ་འགལ་རྐྱེན་དབྱིངས་སུ་ཡལ་རབས་དང་། །
ལྷག་པར་བཀའ་དྲིན་ཆེ་བའི་བླ་མར་ཕྱིས་ཀྱང་མགོན་འདིས་རྩེ་གཅིག་བཀུར། ། ཞེས་ཤར་རྒྱལ་བ་གཉིས་པ་མཇམ་མགོན་བླ་མ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་
རྟོགས་བརྗོད་པད་དཀར་ལྗོན་པའི་ཡལ་འདབབརྒྱ་བ་ལས་རྗེ་བླ་མ་འདི་ཉིད་འཁྲུངས་ཡུལ་མདོ་སྨད་ཀྱི་ལྗོངས་ནས་བསྟན་འགྲོ་ཁོ་ནའི་ཆེད་དབུས་གཙང་ཆོས་ཀྱི་ཞིང་དུ
བཏེགས་པའི་སྐོར་མདོར་ཙམ་བརྗོད་པའི་ཡལ་འདབ་ལྔ་པའོ། །


རབ་བྱུང་དྲུག་པའི་ཆུ་མོ་གླང་ལོར་མགོན་འདི་དགུང་ལོ་བཅུ་བདུན་དུས། །
འབྲི་གུང་དཔལ་གྱི་ནགས་ཁྲོད་ཅེས་པར་སྤྱན་སྔ་རིན་ཆེན་ཆོས་རྒྱལ་ནས། །
བྱང་ཆུབ་སེམས་བསྐྱེད་ཕྱག་ཆེན་ལྔ་ལྡན་འབྲི་གུང་བཀའ་འབུམ་ཕལ་ཆེར་དང་། །
ན་རོ་ཆོས་དྲུག་རྡོ་རྗེ་འཕྲེང་སོགས་མཐའ་ཡས་ཟབ་ཆོས་གང་མང་གསན། །

དེ་ནས་མགོན་འདིས་གསོ་དཔྱད་མཁས་པ་ཚལ་བའི་སྨན་པ་དཀོན་མཆོག་སྐྱབས། །
ཚུལ་བཞིན་བསྟེན་ཅིང་གསོ་དཔྱད་གཞུང་ལུགས་ཡན་ལག་བརྒྱད་པ་ཐུགས་འཛིན་གྱིས། །
རྒྱ་བོད་མཁས་གྲུབ་དུ་མའི་བཞེད་ཚུལ་ལག་ལེན་དང་བཅས་གསན་བསམ་སྐབས། །
སྨན་སྦྱོར་བརྟག་བཅོས་གསོ་དཔྱད་རིག་པར་ཀུན་ལས་མཁས་པའི་ཡང་རྩེར་སོན། །

ལོ་ཆེན་ནམ་བཟང་ས་བཟང་པཎ་ཆེན་ནས། །
འཕགས་བོད་བརྡ་སྤྲོད་སྙན་ངག་སྡེབ་སྦྱོར་གཞུང་། །
རྟོགས་ལྡན་ཡེ་ཤེས་རྒྱལ་མཚན་ཞལ་སྔ་ནས། །
སྐར་ནག་རྩིས་ཀྱི་གཙུག་ལག་མཁས་པར་གྱུར། །

བཤེས་གཉེན་སྦ་བས་བསྐུལ་ངོར་བརྩམས་པ་ཡི། །
མགོན་འདིའི་ཞལ་ཆབ་སྙན་ངག་བྱ་དཀའི་རྒྱན། །
འདི་ཉིད་མཇལ་ཙམ་ཐ་སྙད་རིག་གནས་ཀྱང་། །
མགོན་འདིའི་མཁྱེན་ཡོན་ལྷུན་པོ་ལྟ་བུར་བརྗིད། །

བདེ་བ་ཅན་ཞེས་བྱ་བའི་ཆོས་གྲྭ་རུ། །
ཟླ་བྲལ་བཤེས་གཉེན་དུ་མའི་ཞལ་སྔ་ནས། །
ཡུམ་མཆོག་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་གཞུང་།
མདོ་རྒྱན་རྩ་འགྲེལ་ཡོངས་ལ་ལེགས་པར་སྦྱངས། །

ཐུགས་རྩོལ་དེ་ཙམ་མ་མཛད་ཀྱང་། །
དུས་ཐུང་ཙམ་ནས་ཤེར་ཕྱིན་གཞུང་། །
བཤད་བྱའི་མདོ་དང་རྩ་འགྲེལ་བཅས། །
ཚིག་དོན་ཀུན་ལ་མཁས་པར་གྱུར། །

དེ་ཚེ་མགོན་འདིའི་ཐུགས་རབ་དང་། །
སྐྱེས་སྦྱང་རྣམ་དཔྱོད་རྩལ་རྫོགས་པར། །
སློབ་དཔོན་མཆེད་གྲོགས་ཐམས་ཅད་ཀྱིས། །
ངོ་མཚར་ཆེ་ཞེས་བསྔགས་བརྗོད་གནང་། །

བདེ་ཅན་ཆོས་གྲྭའི་གདན་ས་དེར། །
བྱམས་པའི་ཆོས་གཞུང་ཆེས་མཁས་པའི། །
བླ་མ་འཇམ་རིན་པ་ལས་ཀྱང་། །
བྱམས་ཆོས་གཞན་རྣམས་ལེགས་པར་སྦྱངས། །

རབ་བྱུང་དྲུག་པའི་ཤིང་མོ་བྱ་ལོར་མགོན་འདི་དགུང་གྲངས་བཅུ་དགུའི་དུས། །
མང་ཐོས་ལུང་རིགས་སྨྲ་བའི་འབྱུང་གནས་བདེ་བ་ཅན་དང་གསང་ཕུ་སོགས། །
ཕར་ཕྱིན་གཞུང་ལུགས་གྲྭ་སྐོར་མཛད་པས་རྣམ་དཔྱོད་དཔལ་དང་ཆོས་སྐད་བཅས། །
དཔྱོད་ལྡན་མཁས་མང་ཡིད་དབང་ཕྲོགས་པས་གྲགས་སྙན་དབྱར་རྔ་ཕྱོགས་བརྒྱར་ཁྱབ། །

བདེ་མཆོག་མཻ་དྲི་བཅུ་གསུམ་དང་། །
གཤེད་དམར་ལྷ་ལྔའི་བཀའ་དབང་བཅས། །
བུ་སྟོན་ཆོས་རྗེའི་གདན་ས་པ། །
རིན་ཆེན་རྣམ་རྒྱལ་ཞལ་ནས་གསན། །

དེ་ནས་དཔལ་ལྡན་ས་སྐྱ་ལ་སོགས་ལ་སྟོད་བྱང་གི་ཆོས་སྡེ་རྣམས། །
ཕར་ཕྱིན་གཞུང་ལུགས་གྲྭ་སྐོར་མཛད་ཅིང་གནས་དེར་ཆོས་བཀའ་ཅི་རིགས་གསན། །
ཇོ་མོ་ནང་གི་གདན་ས་ཞེས་པར་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་ནས། །
རྫོགས་རིམ་སྦྱོར་བ་དྲུག་གི་ཁྲིད་སོགས་དམ་ཆོས་བདུད་རྩི་ངོམས་མེད་རོལ། །

རབ་བྱུང་དྲུག་པའི་མེ་མོ་འབྲུག་ལོར་མགོན་འདི་དགུང་ལོ་ཉི་ཤུའི་དུས། །
ཉ་ཊཱིཀ་གཟིགས་ནས་སྤྲོ་བས་ཉེར་དྲངས་ཉ་དབོན་ཀུན་དགའ་དཔལ་བ་ནས། །
ཕར་ཕྱིན་གསན་ཚེ་གོ་རིག་རྣམ་དཔྱོད་གཞན་ལས་འཕགས་ཤིང་བརྡ་སྤྲོད་སོགས། །
ཕུལ་བྱུང་མང་ཐོས་མཁས་པའི་ཉམས་བརྒྱར་མགོན་འདིས་ཤིན་ཏུ་ཡི་རངས་མཛད། །

སླར་ཡང་མངོན་པ་མཛོད་ཅིག་གསུངས་ཞུས་པར། །
ཁམས་བདེའི་བབ་སོགས་འཕྲལ་དུ་མི་བཏུབ་ཀྱང་། །
ཁོ་བོའི་སློབ་མ་ཆོས་རྗེ་རེད་མདའ་པ། །
མངོན་པར་མཁས་པས་ཁྱེད་ཉིད་དེར་ཕེབས་གསུངས། །

དེ་ནས་མགོན་འདིས་རེད་མདའ་པ་ནས་མཛོད་ཀྱི་རང་འགྲེལ་མཛུབ་ཁྲིད་གསན། །
ཚིག་རིས་ཙམ་གྱི་གོ་བ་མིན་པར་ཡོངས་རྫོགས་གཞུང་དོན་ཁོག་བསྒྲིགས་ནས། །
འགངས་འཆུན་གོ་བ་བོགས་ཆོད་སྟེར་ནུས་འདུག་ཅེས་དད་པ་ལྷག་པར་འཕེལ། །
ཁྱེད་ལ་མཛུབ་འཁྲིད་སྒྲིམ་དགོས་འདུག་ཅེས་རྗེས་ཀྱང་མགོན་འདིར་བསྔགས་བརྗོད་བསྩལ།

གཞན་ཡང་དེ་ནས་ཚད་མ་རྣམ་འགྲེལ་ཕར་ཕྱིན་འདུལ་བ་འཇུག་པ་བཅས། །
ལེགས་སྦྱངས་དབུ་ཚད་རིགས་ལམ་སྒོ་འཕར་ཐོག་མའི་འབྱེད་པོ་ཡིན་ནོ་ཞེས། །
མཁས་གྲུབ་ཆེན་པོ་རེད་མདའ་པ་ཉིད་ཟླ་མེད་བླ་མའི་གཙོ་བོར་འཛིན། །
གང་ཐོས་ཚིག་དོན་ཇི་བཞིན་རྟོགས་མཛད་ཐོས་དོན་ཉམས་ལེན་གནད་དུ་གཞོལ། །

མཁས་གྲུབ་ཆེན་པོ་ཆོས་རྗེ་རེད་མདའ་པས། །
མགོན་འདིར་ཟླ་བའི་ལེགས་བཤད་གསུང་བའི་ཚེ། །
རྗེ་དེས་དབུ་གཞུང་འཆད་སྔ་དེ་ཡིན་གསུངས། །
རིག་ཚོགས་གཞན་རྣམས་འཆན་ཉན་མ་དམིགས་ཕྱིར། །

མགོན་འདིའི་ཐུགས་ཀྱིས་བཟོད་མིན་དེ་མ་ཐག །
སྣར་ཐང་མཁན་པོ་ཀུན་དགའ་རྒྱལ་མཚན་དང་། །
བདེ་བ་ཅན་གྱི་བླ་མ་དབུ་མ་པ། །
ཟུང་ནས་ཀླུ་སྒྲུབ་རིག་ཚོགས་ལུང་རྒྱུན་བཞེས། །

དེ་ཉིད་མཐོང་བའི་ཤེས་རབ་མི་ལྡན་པར། །
སྲིད་རྩ་གཅོད་པའི་ཐབས་གཞན་མི་སྲིད་ཕྱིར། །
དེ་དག་སྟོན་པའི་གཞུང་མཆོག་ཀླུ་སྒྲུབ་ལུགས། །
མགོན་འདིས་རང་གི་སྲོག་ལས་གཙིགས་ཆེར་བཟུང་། །

དེའི་ཕྱིར་ཀླུ་སྒྲུབ་ཡབ་སྲས་བརྒྱུད་བཅས་གཞུང་། །
རྩ་བ་འགྲེལ་དང་དེ་དག་འགྲེལ་བཤད་བཅས། །
གཞུང་མང་ལེགས་བསྡུར་གོ་རིམ་ལེགས་བསྒྲིགས་ནས། །
དྲི་མེད་ཕྲ་ཞིབ་རིགས་པས་ལན་བརྒྱར་དཔྱད།།

འཇམ་དབྱངས་ཞལ་གཟིགས་བླ་མ་དབུ་མ་པས། །
ལོ་ཙཱ་མཛད་ནས་མགོན་འདིས་འཇམ་དབྱངས་ལ། །
མདོ་སྔགས་སྤྱི་དང་ཟབ་མོ་དབུ་མའི་གནད། །
ངོམ་པ་མེད་པར་ཡང་ནས་ཡང་དུ་དྲིས། །

འཇམ་དཔལ་དཔའ་བོའི་ཚངས་དབྱངས་རོལ་མོས་ཐལ་རང་ལྟ་བའི་ཁྱད་པར་གནད། །
ཀུན་ལྷན་བདག་འཛིན་སོ་སོས་འཛིན་ཚུལ་ཕྲ་རགས་དགག་བྱའི་རྣམ་དབྱེ་དང་། །
ཐལ་འགྱུར་ལུགས་ཀྱིས་བདེན་གཉིས་འཇོག་སྟངས་ཐལ་རང་ལྟ་བ་རྟོགས་པའི་ཚད། །
རིམ་ལྔའི་ངོ་བོ་གོ་རིམ་གྲངས་ངེས་ཐུན་མིན་མདོ་སྔགས་གནད་གསུངས་ཚེ། །

ད་དུང་མགོན་འདིས་རྗེ་བཙུན་གསུང་འགའ་ཤེས་མ་སོང་བར་ནན་ཞུས་པར། །
བླ་མ་ཡི་དམ་ངོ་བོ་དབྱེར་མེད་ཤུགས་དྲག་གསོལ་འདེབས་བསྙེན་བཞིན་སྒྲུབས། །
བསགས་སྦྱང་གཉིས་དང་གཞུང་དོན་ཞིབ་དཔྱད་སུམ་སྒྲིལ་ཉམས་ལེན་འབོད་ཅིག་དང་། །
འདི་དག་རྐྱེན་བྱས་དཀའ་བའི་གནད་གསང་མྱུར་དུ་ཁྱེད་ཀྱིས་རྟོགས་འོང་གསུངས། །

དེ་ནས་རྗེ་བཙུན་བཀའ་ལུང་ལྟར། །
འོ་དེ་གུང་རྒྱལ་ལྷ་ཞོལ་དུ། །
མགོན་འདིས་དཀའ་བ་བརྒྱ་ཕྲག་གིས། །
རྒྱུ་ཚོགས་སུམ་སྒྲིལ་ཉམས་ལེན་འབད། །

དེ་ཡི་མཚན་མོའི་གཟིམས་ལམ་ཤིག་ཏུ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལྔས། །
ཟབ་མོ་དབུ་མའི་དཀའ་བའི་གནད་གསང་ཞིབ་ཏུ་བགྲོ་གླེང་བྱེད་བཞིན་ཏུ། །
སློབ་དཔོན་སངས་རྒྱས་བསྐྱངས་ཡིན་སྙམ་པའི་པཎ་ཆེན་སྐུ་བོང་ཆེ་བ་ཞིག །
དབུ་མའི་རྒྱ་དཔེ་མགོན་འདིའི་དབུ་ཐོག་བཞག་ནས་བྱིན་གྱིས་བརླབས་པ་རྨིས། །

དེ་ཡི་ཕྱི་ཉིན་བུདྡྷ་པཱ་ལི་ཏར། །
གཟིགས་ཚེ་ཀླུ་སྒྲུབ་དགོངས་པ་མཐར་ཐུག་རྟོགས། །
ཤེས་ནས་དད་པས་བསྟན་པའི་བདག་པོ་ལ། །
ཟབ་མོ་རྟེན་འབྱུང་གཏམ་གྱིས་བསྟོད་པ་བརྩམས། །

དེང་ཡང་ཀླུ་སྒྲུབ་ལུགས་བཟང་མ་ཉམས་པར། །
ཐར་འདོད་བྱེ་བ་ཉེར་འཚོའི་གཞི་ཉིད་དུ། །
ཐོས་བསམ་སྒོམ་པའི་བདུད་རྩིའི་རྒྱ་མཚོ་རུ། །
ལྟེམ་མེར་འཁྱིལ་འདི་མགོན་འདིའི་སྐུ་དྲིན་ཉིད། །

ཚོགས་ཆེན་མཁན་པོ་ཚུལ་ཁྲིམས་རིན་ཆེན་མགོན་འདིའི་བསྙེན་རྫོགས་མཁན་པོ་དང་། །
འདུལ་འཛིན་ཤེས་རབ་མགོན་པོས་ལས་སློབ་སྡོམ་བརྩོན་བསོད་ནམས་རྡོ་རྗེ་ཡིས། །
གསང་སྟོན་མཛད་ཅིང་ཁ་སྐོང་འོས་པའི་གྲངས་ཚང་དད་པའི་དགེ་འདུན་ལས། །
བསྙེན་རྫོགས་སྡོམ་པ་ཡང་དག་བཞེས་པས་ཐུབ་བསྟན་ཡོངས་ཀྱི་བདག་པོར་གྱུར། །

འདུལ་མཛོད་གཞུང་ལ་ཤིན་ཏུ་མཁས་པའི་སྐྱོར་ལུང་མཁན་པོ་དཀའ་བཅུ་ནས། །
འདུལ་ལུང་སྡེ་བཞིའི་རྩ་འགྲེལ་ཆ་ལག་ཡོངས་རྫོགས་གསན་ཞོར་ཉིན་རེ་བཞིན། །
མདོ་རྩའི་རྒྱ་ཆེར་འགྲེལ་གྱི་དབུ་ནས་མདའ་ཚད་ཤོག་གྲངས་བཅུ་བདུན་རེ། །
ཐུགས་འཛིན་གནང་སོགས་མགོན་འདིའི་ཡོན་ཏན་བསམ་ཞིང་བསམ་གྱིན་དཔག་པར་དཀའ། །

དམ་ཆོས་འདུལ་གཞུང་རྒྱ་མཚོའི་དོན། །
མགོན་འདིའི་ཐུགས་ལ་ཉི་ལྟར་གསལ། །
ཆོས་འདུལ་གནང་བཀག་བཅས་མཚམས་ཀྱི། །
ཕྲ་མོ་ནས་བརྩམས་ཉམས་ལེན་མཛད། །

དེང་ཡང་དམ་ཆོས་འདུལ་བའི་བསྟན། །
བསིལ་ལྡན་ལྗོངས་སུ་རབ་དར་བ། །
མགོན་འདིའི་བཀའ་དྲིན་ཁོ་ན་རུ། །
གཟུར་གནས་མཁས་རྣམས་མགྲིན་གཅིག་གླེང་། །

ཕྱིས་སུ་ལོ་ཙཱ་དོན་བཟང་ནས་ཀྱང་ཚད་མའི་གཞུང་ལུགས་ཆེར་སྦྱངས་པས། །
སྡེ་བདུན་མདོ་བཅས་ལྷ་ཤཱཀ་རྒྱན་དང་བྲམ་ཟེ་གཉིས་ཀྱི་འགྲེལ་བ་སོགས། །
ཀུན་ལ་གཟིགས་རྟོག་ལེགས་པར་གུང་བསྒྲིགས་ཡང་དག་གཏན་ལ་ཕབ་པ་ཡིས། །
རིགས་པའི་དབང་ཕྱུག་རྣམ་གཉིས་བཞེད་དགོངས་ཇི་བཞིན་མགོན་འདིའི་ཐུགས་སུ་ཆུད། །

རྣམ་འགྲེལ་བརྗོད་བྱ་རིགས་པའི་ལམ་ནས་དྲངས། །
གཞུང་ལུགས་རིམ་བསྒྲིགས་ཉམས་ལེན་ལ་སྦྱར་ནས།།
གསུངས་པས་སྡེ་སྣོད་འཛིན་པ་འབུམ་ཕྲག་དག །
མགོན་འདིའི་སྔོན་མེད་གཏམ་དེས་ངོ་མཚར་བྱས། །

གཞུང་ལུགས་གནད་གསང་འབྱེད་བྱེད་རིགས་པའི་ལམ། །
རྟོག་གེའི་ཚིག་དོན་བརྒྱད་པོ་ཞིབ་སྟོན་པའི། །
སྡེ་བདུན་མདོ་བཅས་འཆད་ཉན་ཆུ་བོའི་རྒྱུན། །
ད་དུང་སྲིད་འདིར་གནས་པ་མགོན་འདིའི་དྲིན། །

རབ་བྱུང་བདུན་པའི་ལྕགས་ཕོ་རྟ་ལོར་མགོན་འདི་དགུང་ལོ་སོ་བཞིའི་དུས། །
རྡོ་རྗེ་ཐེག་པའི་རྒྱུད་སྡེ་གོང་འོག་དབང་ལུང་མན་ངག་བཤད་སྲོལ་བཅས། །
ཁུངས་བཙུན་གང་ཡོད་གསན་བསམ་དགོངས་ཚེ་མགོན་འདིའི་མནལ་ལམ་རིན་ཆེན་ཁྲིར།
བླ་མ་ཁྱུང་པོ་ལྷས་པ་ཞུ་བས་དབུ་རྒྱན་གསོལ་ཞིང་དྲིལ་བུ་བསིལ། །

མགོན་འདིར་གཡས་སྐོར་ལན་གསུམ་མཛད་ཅིང་ཕྱག་འཕྲེང་གཟུངས་སྔགས་སྒྲ་དབྱངས་བཅས། །
རྡོ་རྗེ་དབུར་བཞག་ཀརྨ་བཛྲ་གསུངས་ནས་ཁྲི་ལ་བཞུགས་སོང་རྨིས། །
ཞྭ་ལིར་བྱོན་ནས་བླ་མར་མཇལ་ཚེ་སྔར་རྨིས་དེ་ག་རང་འདུག་པས། །
ཐུན་མིན་དཔག་དཀའི་དད་གུས་དང་བཅས་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན། །

ཡོ་གའི་དཀྱིལ་འཁོར་ཆེ་རྣམས་ཐོག་དྲངས་དམ་ཚིག་གསུམ་བཀོད་བཅུ་གཅིག་ཞལ། །
ཚེ་དཔག་མེད་སོགས་བྱ་བའི་རྒྱུད་ནས་རྣལ་འབྱོར་བླ་མེད་རྒྱུད་ཀྱི་བར། །
བོད་ཡུལ་བཞུགས་པའི་གསང་སྔགས་གདམས་པ་ཕལ་ཆེར་བུམ་པ་གང་བཤོའི་བསྩལ། །
བུ་སྟོན་སོགས་ནས་བརྒྱུད་པའི་ཟབ་ཆོས་བདག་པོར་འཕྲོད་པས་བློ་བདེ་གསུངས། །

དུས་འཁོར་འགོག་མཁན་མཁས་པ་འགའ་བྱུང་ཡང་། །
མགོན་འདིས་ཐུན་མིན་ཤིང་རྟའི་སྲོལ་ཆེན་ཞེས། །
བུ་སྟོན་རྗེ་ནས་ལན་གྲངས་བཅུ་བདུན་དུ། །
གསན་མཛད་བླ་མ་ཆོས་ཀྱི་དཔལ་བ་ནས། །

དཔལ་ལྡན་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་གཙོས། །
རྒྱུད་འགྲེལ་མཛུབ་འཁྲིད་སྦྱོར་དྲུག་ཉམས་འཁྲིད་སོགས། །
འགྲེལ་གསུམ་ལ་སོགས་དུས་འཁོར་ཆ་ལག་དང་། །
གཞན་ཡང་ཟབ་ཆོས་མན་ངག་མཐའ་ཡས་གསན། །

མཁས་བཙུན་བཟང་པོའི་ཉིན་བྱེད་སྟོང་གི་གཟིས། །
ཞིང་འདིར་ཁྱབ་པའི་རྒྱལ་བ་ཙོང་ཁ་པའི། །
ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་པའི་སྐོར། །
བདག་འདྲའི་བསྐལ་བརྒྱར་སྨྲས་ཀྱང་ཟད་པ་མེད། ། ཅེས་ཤར་རྒྱལ་བ་གཉིས་པ་མཇམ་མགོན་བླ་མ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྟོགས་བརྗོད་པད་
དཀར་ལྗོན་པའི་ཡལ་འདབ་བརྒྱ་བ་ལས་རྗེ་བླ་མ་འདི་ཉིད་དབུས་འགྱུར་ཆོས་ཀྱི་ལྗོངས་སུ་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་སྒོམ
གསུམ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པའི་སྐོར་མདོར་ཙམ་བརྗོད་པའི་ཡལ་འདབ་དྲུག་པའོ། །

ངེས་དོན་མཚན་ལྡན་བཤེས་གཉེན་གྲངས་མེད་ནས། །
མདོ་སྔགས་གདམས་པའི་བདུད་རྩི་ཡོངས་བཏུང་བའི།།
མཚུངས་མེད་ལེགས་བཤད་གཏེར་ཆེན་མགོན་འདི་ཡིས། །
བརྩེ་ཆེན་བརྩེ་བས་གདམས་ངག་འདོད་རྒུར་འཇོ།།

དབུས་འགྱུར་ཞིང་གི་ཆོས་གྲྭ་བརྒྱ་ཕྲག་ཏུ། །
དམ་ཆོས་འདུལ་བའི་ཉམས་ལེན་གཙོར་འཛིན་གྱིས། །
བསླབ་གསུམ་ལྗོན་པ་རྒྱས་བྱེད་དམ་ཆོས་ཆར། །
གང་མང་ཕབ་པས་ཐུབ་བསྟན་ལང་ཚོ་བཞད། །

ཐོ་རངས་ནས་བཟུང་སྲོད་ཀྱི་བར་དུ་རྒྱ་གཞུང་ཆོས་ཐུན་བཅོ་ལྔ་རེ། །
ཞིབ་ཁྲིད་གནང་ནས་ལུང་རིགས་ཀྱིས་བརྒྱན་དགག་བཞག་སྤངས་གསུམ་དང་བཅས་ཏེ། །
སྲོད་ཆོས་གྲོལ་ནས་འཇིགས་བྱེད་བདག་འཇུག་ཐུགས་དམ་རིམ་གཉིས་རྣལ་འབྱོར་རྣམས། །
མ་ཆག་དམ་པའི་ངོ་མཚར་རྣམ་ཐར་ཕྱི་རབས་གདུལ་བྱའི་མིག་ལྟོས་ཉིད། །

ཡང་དག་ཡིན་མིན་སོ་སོར་འབྱེད་པ་ལ། །
ཡང་དག་རྒྱུ་མཚན་མེད་ན་མི་ནུས་པས། །
ཡང་དག་ཚུལ་གསུམ་སྟོན་པའི་ཚད་མའི་གཞུང་། །
ཡང་དག་སྦྱང་བར་མཛོད་ཅེས་མགོན་འདིས་གསུངས། །

རྒྱལ་གསུང་དྲང་ངེས་རྣམ་དབྱེ་མ་ཤེས་ན། །
གྱ་ཚོམ་འོལ་ཚོད་བསྟན་ལ་ཉེན་ཆེ་བས། །
དྲང་ངེས་རྣམ་འབྱེད་ལེགས་བཤད་སྙིང་པོའི་གཞུང་། །
ཇི་བཞིན་བྱས་ན་འཚེངས་ཞེས་མགོན་འདིས་གསུངས། །

རིགས་ལམ་ཉིན་བྱེད་བྱེ་བའི་འོད་འཕྲོ་མངོན་རྟོགས་ཡོན་ཏན་རྒྱ་མཚོའི་བདག །
སུས་ཀྱང་ཆ་ཙམ་རྩོམ་པར་མ་ནུས་བྱམས་དང་འཇམ་དབྱངས་ལས་བྱུང་བའི། །
རྒྱལ་བའི་གསུང་རབ་དགོངས་འགྲེལ་མ་ལུས་གང་ཟག་གཅིག་ཉིད་འཚང་རྒྱའི་གདམས། །
༞སྐྱེས་བུ་གསུམ་གྱི་ཉམས་ལེན་མཐར་ཐུག་བྱང་ཆུབ་ལམ་རིམ་ཆེ་འབྲིང་ཆུང་། །

རྒྱལ་བའི་གསུང་རབ་ཡུམ་སྲས་བཅུ་བདུན་གྱི། །
དགོངས་འགྲེལ་ཤེར་ཕྱིན་བསྟན་བཅོས་མངོན་རྟོགས་རྒྱན། །
འགྲེལ་བྱེད་འཕགས་བོད་སུས་ཀྱང་མ་ཐོན་པ། །
ཤེར་ཕྱིན་དགོངས་འགྲེལ་ལེགས་བཤད་གསེར་གྱི་འཕྲེང། །

མཁས་པའི་འབྱུང་གནས་སེ་ར་ཆོས་སྡིངས་རྩ་ཤེས་རྣམ་བཤད་རྩོམ་པའི་ཚེ། །
རིགས་པའི་གནད་གསང་ཕྲ་མོ་འགའ་ཞིག་ཐུགས་ལ་ཅུང་ཟད་འཆར་དཀའི་དུས། །
ལྷ་མཆོག་འཇམ་དབྱངས་ཤུགས་དྲག་བསྙེན་པས་བཙོ་མ་གསེར་གྱི་ཡིག་གཟུགས་སུ། །
ཤེར་མདོའི་སྟོང་ཉིད་ཉི་ཤུའི་འགྲེས་རྐང་གསལ་གཟིགས་དོགས་གནས་ལྷག་མེད་སེལ། །

སེམས་ངོ་ཙམ་ལ་ཅེར་གྱིས་བལྟས་པའི་མུར། །
གསལ་སྟོང་འཛིན་པ་མེད་པའི་སེམས་གནས་འདིས། །
བདག་འཛིན་འགོང་པོ་འཇོམས་པར་མི་སྲིད་པས། །
ཞི་ལྷག་ཟུང་འབྲེལ་སྐྱེད་ཅེས་མགོན་འདིས་གསུངས། །

དེ་ཚེ་དབང་ཕྱོགས་འཛིན་མའི་བཞི་དཀྱིལ་མངའ་ཐང་སྟོབས་འབྱོར་རྩེར་སོན་པའི། །
མ་ཧ་ཙི་ནའི་མངའ་བདག་ཆེན་པོ་རྒྱ་ནག་ཏཱ་མིང་རྒྱལ་པོ་ཡིས། །
མགོན་འདི་ཤར་ཕྱོགས་རྒྱ་ཡུལ་སྐྱེ་འགྲོའི་འདི་ཕྱིའི་སྐྱབས་གནས་བླ་མེད་དུ། །
གདན་ཞུའི་དཔུང་ཆེན་བརྒྱ་ཕྲག་འགའ་དང་གསེར་ཡིག་འབུལ་དངོས་རྒྱ་ཆེན་འབྱོར། །

འཇམ་དཔལ་དབྱངས་དངོས་མགོན་འདིའི་ཐུགས་ཀྱིས་དགག་དགོས་ཀུ་ཤའི་རྩེ་མོ་ལྟར། །
ལེགས་པར་གཟིགས་ཏེ་དབུས་འགྱུར་ཞིང་དུ་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་ལས། །
རྒྱ་ནག་གོང་མའི་དབུ་བླར་མ་ཕེབས་མངའ་ཐང་ལོངས་སྤྱོད་མ་གཉེར་བའི། །
ཆོས་ཀྱི་རྒྱལ་པོའི་ཆོས་ཚུལ་རང་ཚུགས་ཆོས་བཞིན་སྲིད་འདིར་ལྷུན་ལྟར་བརྗིད། ། ཞེས་ཤར་རྒྱལ་བ་གཉིས་པ་མཇམ་མགོན་བླ་མ་རྗེ་བཙུན་
ཙོང་ཁ་པ་ཆེན་པོའི་རྟོགས་བརྗོད་པད་དཀར་ལྗོན་པའི་ཡལ་འདབབརྒྱ་བ་ལས་རྗེ་བླ་མ་འདི་ཉིད་ཀྱིས་ཆོས་འཁོར་རྒྱ་ཆེར་བསྐོར་ཏེ།
གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད་པའི་སྐོར་མདོར་ཙམ་བརྗོད་པའི་ཡལ་འདབ་བདུན་པའོ། །

རབ་བྱུང་བདུན་པའི་ས་མོ་གླང་ལོར་མགོན་འདི་དགུང་ལོ་ང་གཉིས་དུས། །
དད་ལྡན་ཡོན་བདག་བུ་སློབ་བཅས་ཀྱིས་དགོན་རྙིང་འབུལ་དང་དགོན་གསར་འདེབས། །
བདག་རྐྱེན་ཞུ་དགོས་གསོལ་པ་འདེབས་མཁན་གང་མང་བྱུང་བས་དེ་དག་ཆེད། །
ལྷ་ལྡན་ཇོ་བོར་མར་མེ་བརྟག་དང་མནལ་ལམ་བརྟགས་པ་སོགས་ཀྱང་གནང་། །

ཐམས་ཅད་ནང་ནས་འབྲོག་གི་རི་བོར་དགོན་པ་གསར་འདེབས་བཟང་བབ་པས། །
ས་གཞི་བརྟག་སོགས་དམ་ཆོས་འདུལ་བའི་ཕྱག་ལེན་འཆོལ་མེད་སོར་བཞག་མཛད། །
རྒྱལ་བའི་ལུང་ཟིན་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བ་བཏབས། །
གསེར་མདོག་ཅོད་པན་འཆང་བའི་རང་ལུགས་འཛིན་པ་ཡོངས་ཀྱི་མ་དགོན་ལགས། །

དེ་ནས་གཅིག་ལས་གཉིས་ཚད་ཚུལ་དུ་དགོན་ལག་འཛམ་གླིང་ས་ཆེན་ཁྱབ། །
ཞྭ་སེར་བསྟན་འཛིན་སྟག་སེང་ལྟ་བུའི་འདུས་སྡེས་མགོན་འདིའི་རང་ལུགས་སྐྱོང་། །
དམ་པའི་ཚུལ་དགུའི་ཡོན་ཏན་རྣམ་ཐར་ཕ་ཤུལ་བུ་ཡིས་ཟིན་པས་ན། །
མཁས་བཙུན་བཟང་པོའི་བཀའ་བབ་ལགས་པས་ཕ་ལྟར་བུ་ཡང་གཟི་བརྗིད་འབར། །

ཁ་ཅིག་བསམ་བཞིན་སྐུར་བ་འདེབས་སམ་བློ་ཆུང་མཐོང་རྒྱ་ཆུང་སྐྱོན་ནམ། །
འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་ལ་མདོ་ལས་གསང་སྔགས་མེད་དོ་ཟེར། །
འཇམ་མགོན་བླ་མ་ཉིད་ཀྱི་ཞལ་ནས་རྫོགས་སངས་རྒྱས་པར་མདོ་ལས་སྔགས། །
ཁྱད་འཕགས་བླ་ན་མེད་ཚུལ་ཆེས་བསྔགས་དེར་མི་བརྩོན་རྣམས་ཤིན་ཏུ་སྨད། །

མགོན་འདིའི་ཞལ་ཆབ་ལེགས་བཤད་བདུད་རྩི་རྫོགས་རིམ་དངོས་གྲུབ་སྙེ་མ་རུ། །
གྲུབ་ཐོབ་ཆེན་པོའི་རྫོགས་རིམ་ཟབ་ཡངས་ཤིན་ཏུ་རྟོགས་པར་དཀའ་བའི་གནས། །
སྔོན་ཆད་ལྗོངས་འདིར་རྩ་བཤད་རྒྱུད་སྡེས་ལེགས་པར་མ་བྲལ་མན་ངག་གནད། །
ཁོ་བོས་བརྩོན་པ་ཆེན་པོས་རིང་དུ་འབད་པས་རྙེད་པར་གྱུར་ཅེས་སོགས། །

གསུངས་པས་མགོན་འདིའི་དྲི་མེད་བསྟན་ལ་འཁྲུལ་བྲལ་གསང་སྔགས་རྡོ་རྗེ་ཐེག །
ཟབ་ལམ་གདམས་ངག་ཉི་ལྟར་རབ་གསལ་མཚོ་ལྟར་རབ་ཏུ་འཁྱིལ་བའི་ཚུལ། །
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་ལམ་རིམ་གསང་གནད་རྣམ་པར་ཕྱེ། །
འདུས་པའི་བཤད་རྒྱུད་ལྷ་མོ་བཞིས་ཞུས་རྒྱས་བཤད་སྲོག་རྩོལ་དེ་ཉིད་གསལ། །

དཔལ་ལྡན་གསང་འདུས་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་འགྲེལ། །
ཟབ་ལམ་ན་རོ་ཆོས་དྲུག་སྒོ་ནས་འཁྲིད་རིམ་ཡིད་ཆེས་གསུམ་དང་ལྡན། །
གསང་འདུས་མི་བསྐྱོད་རྡོ་རྗེའི་དཀྱིལ་ཆོག་དབང་དོན་དེ་ཉིད་རབ་ཏུ་གསལ། །
རྣམ་བཞག་རིམ་པའི་རྣམ་བཤད་དཔལ་ལྡན་གསང་འདུས་གནད་ཀྱི་དོན་གསལ་བ། །

རྒྱུད་རྒྱལ་གསང་འདུས་རྒྱས་བཤད་སྒྲོན་གསལ་ཚིག་དོན་འབྱེད་པའི་མཆན་གྱི་འགྲེལ། །
རྒྱུད་རྒྱལ་གསང་འདུས་རྩ་རྒྱུད་སྒྲོན་གསལ་རྒྱས་བཤད་ས་བཅད་བསྡུས་པའི་དོན། །
རྒྱུད་རྒྱལ་གསང་འདུས་རྒྱས་བཤད་སྒྲོན་གསལ་དཀའ་གནས་རིན་ཆེན་མྱུ་གུ་སོགས། །
རྒྱུད་རྒྱལ་དཔལ་ལྡན་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཁྲིད། །

བཅོམ་ལྡན་དཔལ་ལྡན་འཁོར་ལོ་བདེ་མཆོག་མངོན་རྟོགས་རྒྱ་ཆེར་འདོད་འཇོ་བ། །
བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱས་བཤད་སྦས་པའི་དོན་ཀུན་རབ་གསལ་བ། །
རྒྱུད་རྒྱལ་དཔལ་ལྡན་གསང་བ་འདུས་པའི་མན་ངག་རིམ་ལྔ་གསལ་སྒྲོན་སོགས། །
སྐུ་བཞིའི་དཀྱིལ་འཁོར་སྐད་ཅིག་གསལ་བྱེད་འདི་གཞན་རྡོ་རྗེ་ཐེག་པ་ཅི། །

འགྲོ་རྒྱུད་ཀུན་རྨོངས་ཁུང་ནས་སེལ་བྱེད་དང་། །
དམ་པའི་ཐུགས་ཀྱི་མན་ངག་བཅུད་བྱུང་བ། །
ཟླ་བྲལ་མདོ་སྔགས་པོད་ཆེན་བཅོ་བརྒྱད་འདི། །
མགོན་འདིའི་བརྩེ་བས་གདམས་པའི་ཉིང་ཁུ་ཡིན། །

མདོ་ཉིད་འཐད་ཅེས་སྔགས་ལ་སྐུར་འདེབས་དང་། །
གསང་སྔགས་འཆལ་སྤྱོད་མདོ་ཕྱོགས་སྤོང་བ་སོགས། །
མེ་ཆུ་ལྟར་འཛིན་བསྟན་ལ་གྱོང་ཆེ་ཞེས། །
མདོ་སྔགས་ཟུང་འབྲེལ་རྒྱལ་བསྟན་མགོན་འདིས་གསལ། །

བདེ་བ་ཅན་ནསརྡོ་རྗེ་རྣལ་འབྱོར་མས། །
མགོན་འདིའི་དབུ་ཞྭ་པན་ཞྭ་གསེར་མདོག་ཏུ། །
སྒྱུར་བར་ལུང་བསྟན་ཇི་བཞིན་བསྒྲུབས་པ་ཡིས། །
གསེར་མདོག་ཅོད་པན་འཆང་བས་ས་ཆེན་ཁྱབ། །

ཐུགས་ཀྱི་སྲས་གཅིག་སྲས་ཀྱི་ཐུ་བོ་གཉིས། །
འཕྲིན་ལས་མཁའ་དང་མཉམ་པའི་བུ་ཆེན་བཞི། །
བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་དྲུག །
དབུས་གཙང་བསྟན་པའི་སྒྲོན་མེ་ཆེན་པོ་བཅུ། །

དག་པ་རྣམ་བརྒྱད་གཞན་དོན་ལྷུན་གྲུབ་དྲུག །
གསུང་རབ་མང་དུ་མཁྱེན་པའི་བསྟན་འཛིན་བརྒྱད། །
མི་དབང་གཙུག་ན་མཛེས་པའི་ཏི་ཤྲཱི་གཉིས། །
གསང་བདག་ལུང་བསྟན་ཁྱད་པར་འཕགས་པ་གསུམ། །

འཇམ་མགོན་རྒྱལ་བའི་སློབ་རྒྱུན་ས་ཆེན་ཁྱབ། །
བདག་འདྲས་མཐའ་དག་སྨྲོས་པར་ག་ལ་སྟེ། །
རྟེན་འབྲེལ་ས་བཅད་མ་སྟོང་ཙམ་ཞིག་ཏུ། །
གོང་དེར་འཁྲུལ་བྲལ་ཁུངས་ལྡན་འགའ་ཞིག་བརྗོད། །

རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བའི་ཕྱིར། །
ལྷ་ལྡན་སྨོན་ལམ་དགའ་ལྡན་སྒྲུབ་མཆོད་དང་། །
གཉལ་གྱི་ལུང་རྭ་རྫིང་ཕྱིའི་བྱམས་པ་སོགས། །
མགོན་འདིའི་མཛད་ཆེན་བཞི་ཞེས་ཡོངས་སུ་གྲགས། ། ཞེས་ཤར་རྒྱལ་བ་གཉིས་པ་མཇམ་མགོན་བླ་མ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྟོགས་བརྗོད་པད་དཀར་ལྗོན་པའི་ཡལ་འདབབརྒྱ་བ་ལས་རྗེ་བླ་མ་འདི་ཉིད་ཀྱིས་དཔལ་མཉམ་མེད་རི་བོ་དགེ་ལྡན་པ་ཡོངས་ཀྱི་མ་དགོན་གདན་ས་ཆེན་པོ་འབྲོག་རི་བོ་ཆེདགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་པའི་སྐོར་སོགས་མདོར་ཙམ་བརྗོད་པའི་ཡལ་འདབ་བརྒྱད་པའོ། །
                                         

སྨྲས་པ།
ཐུབ་བསྟན་སྤྱི་དང་འཇམ་མགོན་རྒྱལ་བའི་བསྟན། །
མི་ནུབ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས། །
བསྟན་འཛིན་སྤྱི་དང་༧གོང་ས་༧རྒྱལ་བའི་དབང་། །
ཞབས་པད་རྟག་བརྟན་བཞེད་དོན་མྱུར་འགྲུབ་ཤོག །

འགྲོ་བ་སྤྱི་དང་ཁ་བ་གངས་ཅན་པའི། །
འཕྲལ་ཡུན་འདོད་དོན་གེགས་མེད་ལྷུན་གྱིས་འགྲུབ། །
ཐོབ་བྱ་སྤྱི་དང་དལ་རྟེན་ཡང་དག་བརྒྱུད། །
དོན་གཉིས་ལྷུན་འགྲུབ་སྐུ་བཞི་མྱུར་ཐོབ་ཤོག །ཞེས་ཤར་རྒྱལ་བ་གཉིས་པ་འཇམ་མགོན་བླ་མ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ཞིང་དུ་ཕེབས་ནས། ལོ་ངོ་དྲུག་བརྒྱ་ཧྲིལ་བོ་འཁོར་བའི་རྗེས་དྲན་འགྲན་རྩོམ་དུ། འཕགས་ཡུལ་ལྷོ་རྒྱུད་ཀྱི་ལྗོངས་སུ་གནས་པའི་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་དགའ་ཤར་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གྲུབ་ཆ་སོག་པ་འཇམ་དབྱངས་ཁང་ཚན་གྱི་གྲྭ་འབངས་སུ་གཏོགས་པའི་ཁོ་བོ་གསེར་རྟའི་ཚུལ་ཁྲིམས་འོད་ཟེར་རམ། བརྡ་སྤྲོད་ཀུན་བཤད་ཀྱི་མིང་ལ་ཚངས་སྲས་རིག་པའི་འདོད་འཇོར་འབོད་པས་རྩོམ་ཡིག་དཔྱད་འདེམས་ཚོགས་ཆུང་གི་དུས་བཀག་སོགས་ཁྲིམས་སྒྲིག་གི་དགོངས་དོན་གཞིར་བཞག་བོད་རབ་གནས་ས་ཕག་ལོའི་བོད་ཟླ་༩་ཚེས་༢་དང་། ཕྱི་ལོ་༢༠༢༠་ལོའི་ཟླ་༡༠་ཚེས་༢༩་ཉིན་གྱི་ཞོགས་པའི་ཆུ་ཚོད་༨་པ་ཙམ་ལ་གྲུབ་པར་བགྱིས་ཏེ། དུས་དེ་ག་རང་ལ་འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཡིག་ཚང་བརྒྱུད་ནས་ཕུལ། འོན་ཀྱང་རྩོམ་ཡིག་འདི་ཀློག་མཁན་ལ་ཚང་དགོས་པའི་ཁྱད་ཆོས་གཙོ་བོ་གཉིས་ལས། དང་པོ་ཡི་གེའི་གཅོད་མཚམས་དང་། ཚིགས་བཅད་ཀྱི་སྦྱོར་ཚུལ་ལེགས་པར་ཤེས་མཁན་ཞིག་ཡིན་དགོས། དེ་མ་ཤེས་ན་ཚིགས་བཅད་ཀྱི་ཉམས་དང་རྣམ་འགྱུར་ཅི་ཡང་མི་འབྱུང་བར་མ་ཟད། ཚིག་དོན་ཀུན་ར་མགོ་ལུག་སྦྱར་གྱི་དཔེར་འགྱུར་ཉེན་ཆེ། གཉིས་པ་ནི། ཤར་རྒྱལ་བ་གཉིས་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཆེན་མོ་ཁག་ལ་འདྲིས་ཆ་ཡོད་མཁན་རེ་ཡིན་དགོས། དེ་མིན་ན། རྩོམ་ཡིག་འདི་ཕྲན་གྱི་ཁུངས་མེད་ཧམ་བཤད་ཁོ་ན་རུ་ངོས་འཛིན་པར་ངེས། དེ་ཡང་མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་། རྒྱལ་དབང་འཕྲིན་ལས་རྣམ་རྒྱལ་སོགས་རྩོད་མེད་མཁས་གྲུབ་ཆེན་པོ་རྣམས་ཀྱིས་བརྩམས་པའི་རྗེའི་རྣམ་ཐར་ཚད་ལྡན་ཁག་དང་། རྗེ་རྒྱལ་བ་གཉིས་པའི་ལེགས་བཤད་ཁག་ལ་འདྲིས་ཆ་ཡོད་མཁན་ཞིག་ཡིན་ན། ཉེན་ཚབས་དེ་དག་འབྱུང་དོགས་མེད།           སརྦ་མངྒ་ལཾ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།