གཅིག
ང་ནི་མཁའ་དབྱིངས་ནས་རྨེག་མེད་དུ་གྱུར་བའི་བྱ་ཆེན་དེའི་སྐྱེ་བ་ཡིན་ན་བསམ
ང་ནི་བྱང་ཐང་ནས་རྨིག་བཞི་འཐོར་སོང་བའི་རྐྱང་ཁྱུ་དེའི་རྣམ་ཤེས་ཡིན་ན་བསམ
ང་ནི་ལོ་ཟླས་བས་མཐར་སྤྱུགས་ཚར་བའི་ངག་རྒྱུན་དེ་ཚོ་དང
རྡོ་ཆས་འདོགས་པའི་གནའ་བོའི་མིའི་བརྟན་འཇགས་ཀྱི་གནམ་ས་རུ
རྣམ་ཤེས་དང་དུར་ས་གཏན་དུ་བཏབས་ཚར་བའི་འགྲོ་བ་གང་རུང་ཞིག་ཡིན་ན་བསམ
ངས་སྤྲོ་སྣང་འོད་ཟེར་ལ་བསྲེས་བསྲེས་པའི་མཐར
ངའི་སྐྱོ་གདུང་མུན་ནག་དང་བསླས་བསླས་པའི་མཐར
ཐོབ་ཤོར་གྱི་སོ་ཁ་ན་བཀལ་བའི་ཚེ་སྲོག་གི་བོངས་ཚད
དུད་ཐུར་སོར་གང་གི་བརྒྱང་ཚད་ལ་དྲིལ་ནས་རྔུབ་འཐེན་བྱེད་དུས
འགྲེལ་མི་ཐུབ་པའི་སྐད་ཆ་དེ་ཚོར་ལྕགས་ཀྱིས་བཀྲབ་པ་འདྲ
གཉིས།
ངས་རང་ཉིད་སྒོ་མེད་པའི་ཁང་པ་ནག་པོ་ཞིག་ཏུ་བཅུག་ཡོད
གཟེར་མ་བརྡབ་པའི་སྟོང་བསམ་གྱི་ཤོག་ཐང་དག་སྒེའུ་ཁུང་གི་ཚབ་ཏུ་བཀལ་ཡོད
དེ་ལྟར་ཕྱི་རོལ་གྱི་ཡུལ་ལྗོངས་ཞེ་ལ་བསྒོམས་པ་ན
རང་བྱུང་ཁམས་ཆེན་མོའི་ནགས་ཚལ་དང་ཆུ་ཀླུང་གི་ཕྱག་ཟུང་བརྐྱངས་ནས
ངལ་དུབ་ཀྱི་ངོ་གདོང་ལ་བྱིལ་བྱིལ་བྱེད་སྲིད
ཤ་ཁྲག་རུས་པགས་སོགས་རེ་རེ་བཞིན་དབྲལ་ནས
གཉུག་མའི་ཕུང་བོ་ལ་འཐམ་འཁྱུད་བྱེད་སྲིད
ལེགས་བཤད་དང་ཞགས་པ་ཁྱེར་བའི་མི་ཚོགས
བདེན་དཔང་དང་ཤོག་སྒོར་གྱི་བམ་ཁ་མཉམ་དུ་རྩིག་པའི་མི་ཚོགས
ང་བཙོན་ལ་འཇུག་མཁན་དེ་ང་རང་ཡིན
ངའི་ཚེ་སྲོག་དང་ལོ་ཟླ་འུར་ཟིང་གིས་ཟོས་ཚར
མཇུག་མཐར་ལྷིང་འཇགས་ཤིག་དབང་ཆོག་པར་ཞུ
སུ་ལའང་འབྲེལ་བ་མེད་པའི་ལྷིང་འཇགས་ཤིག་དབང་ཆོག་པར་ཞུ
གསུམ།
ངས་ཡུ་བ་མེད་པའི་རལ་གྲི་ཞིག་སྔས་འོག་ཏུ་ཉར་ནས་གཉིད་དུ་ཡུར
ངའི་སྙིང་ཚིལ་བཞུ་མར་བཞིན་གྲི་སོར་བསྐུས་ནས་གཉིད་དུ་ཡུར
རལ་གྲི རལ་གྲིའི་ཕྱིར་དུ
ངའི་མེས་པོ་དང
ཁྲོ་དང་ལྕགས་ཀྱིས་བརྡུང་བའི་མེས་པོའི་དམག་དཔུང་དེའང་བཞུ་མར་བཞིན་སྐགས་སོང
ང་ཚོའི་མི་རབས་འདིའི་མ་འོངས་པའང་རལ་གྲིའི་ཆེད་དུ་གཤགས་དགོས
ད་ནི་ཐུགས་དགོངས་འཁྲུགས་པའི་དཀོན་མཆོག་གིས་མེ་ལྕེ་འབར་བའི་ཕྱག་ལྕག་ཅིག་གནང་བར་ཞུ
དུས་རབས་ཀྱིས་ང་ཚོའི་རླབས་ཆེ་བའི་ཕུགས་འདུན་རྡུལ་དུ་བརླག་བཞིན་འདུག
ངས་གློ་བུར་དུ་རྨི་ལམ་གྱི་རྩིག་གྱང་ལ་རྡོག་ཤུད་བརྒྱབ
ངས་གློ་བུར་དུ་སྐྱ་རེངས་ཀྱི་སྒོ་གླེགས་ལ་ལག་སྙོབ་བྱས
ངས་རལ་གྲིའི་སྟེང་དུ་ནས་ཞིང་འདེབས་དགོས
ཁེར་རྐྱང་གི་སེམས་ཤ་རྒྱུན་བུར་བཟོས་པའི་ཨ་ལུང་ལ་ཐོང་གཤོལ་བཏགས་ཏེ
མ་འོངས་པའི་ཆུང་མ་འཚོལ་དགོས
ངའི་ནུབ་མོ་ག་ཚོད་ཅིག་ལ
ཡུ་བ་མེད་པའི་རལ་གྲི་དེ་ཁུར་ནས་བྲོས་བྱོལ་བྱེད་འདོད་ཀྱི་འཆར་གཞི་དག་དེ་ལྟར་གློ་བུར་དུ་འགྱུར་སོང
བཞི།
ཞོགས་པ་རེ་རེ་དང ས་སྲོད་རེ་རེ་ལ
ང་ཡི་མི་ཡུལ་ནི་ལྡེབས་རིས་ཤིག་རེད
སྟོང་སེམས་ཀྱི་རྒྱལ་ཁམས་ཇི་འདོད་དུ་བཀྲམས་པའི་ལྡེབ་རིས་ཤིག་རེད
ཉི་འོད་ཀྱི་ལག་པ་དང་ཕྱི་མིག་གིས་ཡང་ཡང་བྱབས་ཁྲུས་བྱེད་དུས
ངས་རྔོག་མ་མཚམས་སྤྲིན་ཅན་གྱི་རྟ་ཕོ་དེ་འཚོལ་བཞིན་ཡོད
དུས་ཚིགས་ཀྱི་རྨ་ཁར་བཞད་པའི་མེ་ཏོག་དག་སྒུམ་བཞིན
ཧ་ཅང་སྙི་དྲགས་པའི་ཕུགས་བསམ་གྱི་གཤོག་པ་བརྐྱངས་ཏེ
རྡོ་དང་ཚེར་མའི་ཁེངས་བའི་ནམ་མཁའ་པང་དུ་ལེན་ཐབས་བྱས
ངས་དེ་ལྟར
ཀུ་རེ་ལྟ་བུའི་འཁྲབ་སྟོན་རེའི་སྤྱི་ཁོག་ལ་མི་ཚེ་བསྲེས་སྐབས
མུན་ནག་གི་མིག་ཟུང་གིས་འོད་སྣང་འཚོལ་མྱོང་བའི་སྙན་ངག་པ་ཞིག་དྲན
འོད་སྣང་གིས་དམར་གསོད་བཏང་བའི་སྐྱོ་གར་ཞིག་གི་གོ་རིམ་དྲན
ཤུ་་་
ངའི་ལང་ཚོ་ནི་མིག་ཟུང་ནག་པོ་ལས་ཟགས་པའི་མི་ཡུལ་གྱི་ཞག་མ་གཅིག་ཡིན་ནམ
དུས་ཚོད་ཀྱི་གཙང་བོ་ནི་རྐུན་ཇག་འབྲོ་བ་བཞིན
གྲིབ་གཟུགས་དང་བརྩེ་དུངས་བརྐུས་ནས་ལྐོག་འཇབ་བྱེད་ཀྱིན་འདུག
ང་ནི་ད་དུང་བསམ་མི་ཤེས་པའི་བྱིས་པ་ཞིག
མ་ཡུམ་ལགས་ཀྱི་ཐལ་ལྕག་རྗེས་ཀྱི་ཀ་ར་ལ་སྒུག་མཁན་ཞིག
མིག་སྐྱིབས་ལས་ཆབ་རོམ་དང་བྱེ་ཟེགས་འཛར་ནའང་བསམ་མི་ཤེས་པའི་བྱིས་པ་ཞིག
ལྔ།
ང་རང་མཐོ་སར་འགྲེང་སྟེ་རྒྱང་ལ་བལྟ་བར་དགའ
སྨུག་ཞགས་ཀྱིས་བཏེགས་པའི་རི་ཚོགས་ཀྱི་བང་རིམ
རེ་སྨོན་རྫོགས་མེད་ཀྱིས་སྒུལ་བའི་བྱང་ཁོག་བཞིན
མཛེས་སྡུག་དང་དྲོད་ཁོལ་གྱི་མཚོན་བྱེད་རེ་འགའ་སྙིང་ལ་འབར་འོང
ས་རྡུལ་དང་ཆར་ཟིམ་འཁུར་བའི་ཆུ་ཕྲན་གྱི་གླུ་སྒྲ
ཡུན་རིང་ལ་བསྡམས་པའི་སྨྲ་བརྗོད་ཀྱི་དར་སྐུད་དཀྲོལ་བ་བཞིན
འཁྱག་རོམ་དང་མེ་ལྕེ་མཚོན་བྱེད་ཀྱི་གླུ་ཚིག་རེ་རེ
རྟ་རྒོད་ཞོགས་པ་དང་རྦབ་རྡོ་ཉིལ་བ་བཞིན
ཆེས་མི་འདོད་པའི་ཕམ་ཁ་དང་མནར་གཅོད་ཀྱི་གནས་ལུགས་བཤད་འོང
ཀྱེ་འགྲོ་བའི་རང་བྱུང་ཁམས་ཆེན་མོ
ད་ནི་སྐོམ་གདུང་གིས་བསྲེག་པའི་བྲང་ཁོག་ཆུ་བོ་ལ་བསྒོམས་ནས
རྒྱུ་འབྲས་ཀྱི་བྲེ་སྲང་དེ་དག་ལ་སྣོན་འཕྲི་མི་བྱེད
ད་ནི་སུན་སྣང་གིས་སྤུང་བའི་རྩྭ་ལྕོག་མེ་ཀློང་དུ་བསྒྲོན་ནས
ཆོས་ཉིད་ཀྱི་སྒྲིག་གཞི་དེ་དག་ལ་སྣོག་ལས་མི་བྱེད
དྲུག
གནའ་མི་ཚོའི་ཟུངས་ཁྲག་ལས་ཐེར་ཟུག་ཏུ་སྐྱེས་པའི་སྡོང་རྒན་དེ་ཐང་ལ་འགྱེལ
སྲང་བར་ན་གོ་རིམ་མེད་པར་འཐོར་བའི་ལོ་མ
འཕྲུལ་འཁོར་གྱིས་རོལ་རྩེད་བཏང་ཚར་བའི་ཕ་ཡུལ་གྱི་ངོ་གདོང་ལྟ་བུའི
རྒས་གཉེར་དང་སེར་གའི་བཟུང་བའི་ངོ་གདོང་ལེབ་ལེབ་དེ་ཚོ
བརྩེ་དུངས་དང་བླ་སྲོག་ཁྲོམ་ར་ན་འགྲེམ་ཚོང་བྱེད་པར་བྲེལ་བའི་མི་ཚོགས་ཀྱི
སྨྱོ་ཧམ་འབར་བའི་རྡོག་སྒྲའི་འོག་ན་གཙུབ་ཀྱིན་འདུག
ངས་སྡོང་རྒན་དང་འབྲེལ་བའི་གཏམ་རྒྱུད་མང་པོ་དང
ཕ་ཡུལ་དང་འབྲེལ་བའི་ཡིག་འབྲུ་མང་པོ་ཞིག་ཁ་རོག་གེར་དུར་འཇུག་བྱས་རྗེས
མཇུག་མཐར་རང་ཉིད་ཀྱང་དེ་དག་དང་མཉམ་དུ་དུར་འཇུག་བྱེད་པར་བརྩམས
ལྟོས་དང
མི་ཚོགས་ཀྱི་ཁྲོད་ན་དུག་སྦྲུལ་དང་སྡིག་སྲིན་གྱི་གདོང་རིས་ཅན་ཧ་ཅང་མང
ང་ལ་མཛེས་སྡུག་གི་བསླུ་བྲིད་དང་གདུག་རྩུབ་གྱིས་རྒྱབ་འགལ་བྱེད་མཁན་ཡང་དེ་ཚོའི་གྲས་རེད
ཟླ་བརྒྱད་པར་ང་རང་ཕ་ཡུལ་དུ་ལོག་དགོས
ང་རང་གློ་བུར་དུ་དངངས་སྐྲག་སྐྱེས་འོང
ངས་ནི་རང་ཉིད་ཁྲོམ་ར་ནས་བཙོང་ཚར་རམ
ང་ནི་རང་ཉིད་ཁྲོམ་ར་ནས་ཉོས་པའི་རང་ཉིད་གཞན་པ་ཞིག་ཡིན་ནམ
ངའི་ལུས་སྟེང་ན་སྲང་ལམ་སྟེང་གི་མི་ཚོགས་ཀྱི་གདོང་རས་དང
རི་ཚོགས་ཀྱི་གློ་དང་མཆིན་པ་འབྲེག་བྱེད་ཀྱི་འཕྲུལ་འཁོར་དྲུད་ཡོད་དམ
ངས་རྫ་ཁ་ན་རི་དྭགས་བཞིན་འཚོ་བའི་ཕུ་ནུ་ཚོ་དང
ལུང་ཁུག་ན་གྲོག་མ་བཞིན་འདུར་བའི་ཡུལ་མི་ཚོ་དྲན་ཡོང
ངས་ཇི་ལྟར་བོས་ན་ཁོ་ཚོས་ཨ་ལན་སྟེར་སྲིད་དམ
ངས་ཇི་ལྟར་བདས་ན་ཁོ་ཚོས་ཕྱི་མིག་སློག་སྲིད་དམ
ཨ་མ་ལགས
ད་དུང་ཟླ་བརྒྱད་པ་ག་ཚོད་ཡོད་དམ
བདུན།
ངས གངས་རི་རེ་རེའི་ཕ་རོལ་ན
ཁ་དོག་རྣམ་པར་བཀྲ་བའི་ཚོན་མདངས་ཤིག་སྦས་ཡོད་པའི་ཚོར་སྣང་བསྔོག
གངས་རི་རེ་རེ་ནི་ཉི་ལུའོ་གཙང་བོའི①་རླབས་ཀྱི་ཟེགས་མ་ལས་འཐོར་བའི་སྲིད་པའི་འདབ་ལོ་སྟེ
དེ་ལས་ཨི་ཅེབ་ཀྱི་གནའ་བོའི་མེས་པོ་ཚོའི་དཔའ་མཛངས་དང་ཤེས་རབ་ཀྱི་བྱིན་རླབས་ཀྱང་འཚོལ་ཐུབ
ངས་ནི་ཁ་ལོ་མེད་པའི་རྟ་ཁྱུ་ཞིག་ལ་རང་ཉིད་བསྐྱོན་ཏེ
ལོ་ངོ་ཁྲི་ཕྲག་གི་གདོད་མའི་རྩྭ་ཐང་བརྒལ་ནས་ཐག་རིང་ལ་གཏོང་དུས
སྲབ་སྐྱོགས་དང་སྔ་རིའི་སྟེང་ནས་ང་རྒྱལ་འབར་བའི་སྟག་ཁྱི་གཟིག་ཁྱུ་དག་དཀྲོག་ནའང
ང་ཡི་ལག་ཟུང་གིས་ང་ཡི་ནང་སེམས་ཀྱི་འཕར་རྩ་མཐའ་དག་གཏོར་ནས
གངས་རིའི་ཕ་རོལ་གྱི་ཚོན་མདངས་དེ་ཚོར་ཡང་ཡང་སྤར་རྙབ་བྱས
ཡིན་ནའང
ཆོས་ཉིད་ཅིག་གིས་ང་རང་ན་ཚོད་ལོན་འདུག
བར་སྣང་གི་གཤོག་པའང་ས་རྡོར་གྱུར་འདུག
བར་སྣང་ནས་སྨིན་ཐག་མ་ཆོད་པའི་ཚེ་སྲོག་གི་ཆ་ཤས་མང་པོ་ཞིག་ཀྱང
སུ་ཞིག་གིས་ཕྱེ་རྩམ་བཞིན་འགམས་ནས་ཚར་གྱིན་འདུག
ད་ནི་ར་དུམ②ལྟ་བུའི་དུས་ཚོད་ལྷག་མ་དག་ལ
རྨི་ལམ་དང་སྟོང་བསམ་མཐའ་དག་བཀལ་ནས
ཐྲི་རོ་ཡེའི③ངག་རྒྱུན་ཁྲོད་ཀྱི་སྙན་ངག་གི་རྡོ་མཁར་རེ་རེའི་གས་ཁར་ལྷན་པ་བཞིན་སྦྱར་བཞིན་ཡོད
ང་ལ་དགོས་པ་ནི་དཔའ་རྒོད་དང་མཛེས་མ་མིན
ང་ལ་དགོས་པ་ནི་དཔའ་རྒོད་ཀྱི་ཆོད་སེམས་དང་མཛེས་མའི་བརྩེ་དུངས་ཀྱང་མིན
ང་ལ་དགོས་པ་ནི་ཁྲག་དྲོན་གྱི་མེ་ཏོག་ཡིན
ཁྲག་དྲོན་གྱི་མེ་ཏོག་གཅིག་པུ་སྨིན་ན་ཆོག
བརྒྱད།
ངས་མགོ་རྔ་མེད་པའི་རྨི་ལམ་གྱི་གླེགས་བམ་རེ་རེའི་ཕྱི་ནང་བསྔོག་བསྔོག་མཐར
འགྲོ་བའི་མི་བོ་ཆེའི་སྨྲ་ར་འབྲེག་སྐབས་སུ་བཀོལ་མྱོང་བའི་མེ་ལོང་ལ་བྱི་དོར་བྱས
མེ་ལོང་ནང་ན་སྒུལ་མ་མྱོང་བའི་ཡིད་དུ་འོང་བའི་མཚེའུ་འདུག
ངས་སྡིག་སྒྲིབ་ཀྱི་རས་ཕུད་ནང་བསྐུང་བའི་རང་ལུས་ཀྱང་དམར་རྗེན་དུ་བཏོན་དེ་ཐེངས་གཅིག་བཀྲུ་བར་བརྩམས
ལུས་ཀྱི་ཐེར་ཁུག་དག་ན་ཆགས་པའི་གད་སྙིགས་ཀྱི་གྲོང་ཚོ་དེ་དག་གཙང་བཤེར་བྱེད་པར་བརྩམས
ཡིན་ནའང
མཚེའུའི་ནང་ན་ཆུ་སྲིན་གྱི་སྦར་འཛིང་སྦས་ཡོད་དམ
མཚེའུའི་ནང་ན་དུས་བཀག་འགད་རྫས(定时炸弹)ཀྱི་སྐར་ཆ་མནན་ཡོད་དམ
ད་ནི་དུས་ཚོད་ཀྱི་མིག་རྡེབ་རེ་རེའི་ཁྲོད་དུ
རྣོ་དབལ་འབར་བའི་ལྕགས་མདུང་རིང་ཐུང་གསུམ་པོ
སྙིང་མིག་སྲོག་གསུམ་གྱི་གོར་ཐིག་ཏུ་སེར་བ་བཞིན་འབབ་ཀྱིན་འདུག
རྨ་ཁ་རེ་རེ་ནི་མི་མང་པོ་ཞིག་ཐང་ལ་འགྱེལ་བའི་གོ་རིམ་རེད
རྨ་ཁ་རེ་རེ་ནི་འཇིག་རྟེན་ཞིག་ནག་ཚུབ་བེར་གཏོང་བའི་སང་ཉིན་གྱི་རླུང་ཆེན་རེད
རྨ་ཁ་རེ་རེ་ནི་རང་དབང་གི་ཆིངས་ཡིག་ལ་ངོ་ལོག་བྱས་པའི་ནག་ཉེས་ཀྱི་ཁྲམ་རྟགས་རེད
ངས་འདི་ལྟར་འཇིགས་སུ་རུང་བའི་ཁོག་རྩིས་རེ་རེར་ལག་མྱུལ་བྱེད་དུས
གོད་ཆག་གིས་གྲུབ་པའི་མི་ཚེ་ནི་སུ་ཞིག་གིས་ཀུ་རེ་རྩེད་པ་བཞིན
སྟོང་ཆ་དང་ཐགས་རྒྱའི་ཁེངས་བའི་མགོ་བོ་མུན་པ་དང་འོད་ཟེར་གྱི་རྩིགས་གྱང་ལ་རྡེབ་དགོས་བྱུང
ངའི་ཚེ་སྲོག་གི་ཕྲ་ཕུང་དག་གློ་བུར་དུ་འཐོར་དུས
མིག་ཟུང་བྲུས་སོང་བའི་ཕྱེ་མ་ལེབ་སྐོར་ཞིག་ཀྱང་ག་ཤེད་ཅིག་ཏུ་འཕུར་སོང་བ་འདྲ
རང་བྱུང་ཁམས་དང་འབྲལ་ཐབས་མེད་པའི་སེམས་ཅན་སྐོར་ཞིག་ཀྱང་བཅིངས་འགྲོལ་བྱུང་བ་འདྲ
དགུ།
ངས་རང་ཉིད་མཚོན་བྱེད་ཀྱི་ཡིག་འབྲུ་དེ་ཚོ་འབོར་གྱིན་འདུག
ལུ་གུའི་འབའ་ཐག་ལ་བརྒྱུས་པའི་རུ་སྡེ་དེ་ཚོའང་འཐོར་གྱིན་འདུག
བེའུ་ཆུང་གི་འཛི་ཐིག་ལས་ལྡིང་བའི་འོ་མའི་རྒྱ་མདུད་དེའང་ཞིག་གིན་འདུག
མཇུག་མཐར
ས་རྡུལ་གྱིས་ཁེངས་བའི་བརྙན་མིག་ནང་གི་རང་ཉིད་དང་མི་རབས་ཤིག་ལ་ལག་འཇུ་བྱས་ཏེ་ཁ་བརྡ་གློད་དུས
ས་རྡུལ་འཚང་བའི་སྐད་ཆ་དེ་དག་གིས
ཞེན་ཆགས་ཀྱི་རུས་གསེང་ན་འགྱེལ་མ་ལང་གནས་པའི་ཡུལ་ལྗོངས་ལ་གྱེས་བརྡ་གཏོང་བ་འདྲ
ད་ནི་འཆི་བའི་ཕྱོགས་སུ་ཧབ་ཐོབ་བྱེད་པའི་རླུང་ཆེན་ལ་ཞགས་པ་འདེབས
རང་བྱུང་ཁམས་ཆེན་མོར་གུས་ཕྱག་འཚལ
མ་འོངས་བའི་མི་རབས་ལ་འགྱོད་བཤགས་བྱེད
ཀྱེ་མ་ཡུམ་ལགས
སྐྱོ་གདུང་ཚད་མེད་དང་འཇིགས་པ་ཟད་མེད་ལས་འདྲེན་ཐུབ་པའི་ཁྱེད་ཀྱི་མཆོད་མེ་དང་གཟུངས་སྔགས
སྦྲ་ཚུབ་ལས་ལྡིང་བའི་མེ་སྟག་ཏུ་སྤྲུལ་ཏེ
ཉི་མ་དང་ཟླ་བའི་ཟོལ་དུ
རང་བྱུང་ཁམས་ཆེན་མོའི་ཁྲག་རྒྱུན་གྱི་འཕར་རྩ་བསྲོ་སྲིད་དམ
ཕ་ཡུལ་དང་ཁོ་བོའི་འབྱུང་བའི་ཁམས་སུ་མངོན་པའི་དུས་ཤིག་ཀྱང་ཡོད་སྲིད་དམ
ང་ནི་མཁའ་དབྱིངས་ནས་རྨག་མེད་དུ་གྱུར་བའི་བྱ་ཆེན་དེའི་སྐྱེ་བ་ཡིན་ན་བསམ
ང་ནི་བྱང་ཐང་ནས་རྨིག་བཞི་འཐོར་སོང་བའི་རྐྱང་ཁྱུ་དེའི་རྣམ་ཤེས་ཡིན་ན་བསམ
①ཉི་ལུའོ་གཙང་བོ། སྤྱིའི་རིང་ཚད་ལ་སྟོང་སྨིས6670དང་། ཁཱ་ཀའེ་ལ་ཆུ་བོ་དང་པའེ་ཉི་ལུའོ་ཆུ་བོ། ཆིང་ཉི་ལུའོ་ཆུ་བོ་གསུམ་གྱིས་གྲུབ་ཅིང་། ཨེ་ཅིབ་དང་སུའུ་ཏན། ཝུའུ་ཀན་ཏ་སོགས་བརྒྱུད་ནས་བཞུར་བས། འཛམ་གླིང་དུ་རྒྱལ་ཁབ་མང་བོ་བརྒྱུད་ནས་བཞུར་བའི་རྒྱལ་སྤྱིའི་རང་བཞིན་གྱི་ཆུ་བོའི་གྲས་ཀྱི་གཅིག་ཡིན་ལ། གནའ་བོའི་ཨེ་ཅིབ་ཀྱང་དེའི་འགྲམ་ངོགས་སུ་་བལྟམས་པ་རེད། དེ་ལ་བརྟེན་ནས་འོད་སྟོང་འབར་བའི་ཨེ་ཅིབ་ཀྱི་ཤེས་རིག་གསར་སྐྲུན་མཛད།དེ་བས་ཨེ་ཅིབ་པས་ཉི་ལུའོ་ཆུ་བོར་ཚེ་སྲོག་གི་མ་ཡུམ་ཞེས་འབོད།
②ར་དུམ་ནི་འབྲོག་པའི་ཁ་སྐད་དེ། གྲངས་ཀ་ཉུང་བའི་ར་མའི་ཁྱུ་ལ་ཟེར། ལུག་དུམ་དང་རྟ་དུམ་སོགས་ལྟ་བུ།
③ཐྲི་རོ་ཡེ། 《ཧི་མའི་སྒྲུང་རབས》ཁྲོད་ཀྱི་ཀེ་རི་སི་དང་དམག་འཁྲུག་བྱེད་མཁན་གྱི་རྒྱལ་ཁབ་ཀྱི་མིང་།
རྩོམ་པ་པོ། ཁ་བ།