མཚན་མོའི་ཡིག་བརྙན།

སྡེ་དགེའི་རྣོ་ངར།

ལ་ཁའི་སྐར་མ་དུམ་གཅིག་ཚུར་འཕྲོས་ནས།།

བདག་ཡིད་བཙན་ཚུགས་ངང་དུ་དེད་པ་ན།།

ཕར་གའི་རི་དང་མདུན་གྱི་ལམ་ཐེམ་དག།

སྐྱིད་སྡུག་ལས་ཀྱི་ཟིལ་ཤུགས་མཆེད་ས་ཡིན།།

སྐྱོ་གདུང་འགམ་པའི་མིག་གི་རྡོག་པོ་ནི།།

ཆུ་རིས་སྲད་མ་བཏུ་བའི་འདབ་ཆགས་ཏེ།།

སྨུག་བུན་བྲེད་པས་སྒུལ་བའི་སྔུན་རྒྱབ་དེར།

མཐའ་ཡས་རྒྱ་མཚོ་མང་པོ་འཁྱུལ་བར་བྱེད།།

ཆར་བ་གློ་བུར་བབ་པས་ལུས་སེམས་གསེད།།

ཤག་གི་རྩིག་ངོས་ཆུ་ཡིས་གད་བརྡར་བྱས།།

ཉག་གའི་རྩྭ་དང་ཡང་ན་ནགས་ཚལ་ལ།།

མྱ་ངན་ཅི་མིན་སྙམ་པས་ངུར་བ་འཐེན།།

སྤྲིན་པ་ནག་ནག་མཁའ་གྲུ་ཞོན་ཏེ་ཡོང་།།

ཟླ་བའི་སྤྱན་གྱི་ཁུགས་པ་ཚལ་བར་གཏོར།།

རླུང་དང་འུར་མ་སྣ་ཚོགས་འཕྲོ་མཐུད་དེ།།

གཡེར་ཁའི་འཁྲིས་སུ་སྐད་ཆ་འདྲ་མིན་གཡུག།

ཕྱི་ལོ་༢༠༡༧ཕྱི་ཟླ་༥ཚེས་༢༩ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།