ཁ་བ། གསེར་རྟ།
རྡོ་བ་ཉི་ཁྲི་མཁར་ཤུལ་སྡེ་བ་རུ་ཡར་འགྲོ་མར་འགྲོ་བྱེད་བཞིན་གླུ་ལེན་དང་རྟ་རྒྱུགས་ཤ་ར་ར་བྱེད། ཁོའི་རྒྱབ་ཀྱི་པུ་ར་དངུལ་ཤན་མའི་སྟེང་ལ་ཉི་འོད་འཕྲོ་དུས་འོད་ལམ་ལམ་བྱེད་ཅིང་ལྷག་ཏུ་གཟི་རྔམ་ཆེ། ཁོས་རང་དང་ཉེ་བོ་མེད་པའི་མི་སུ་ལ་ཐུག་ཀྱང་གཡོན་ལག་གིས་རྟ་ཡི་ཁ་རུ་སྐོར་བཞིན། གཡས་ལག་གིས་པུ་རའི་ཉྭ་རྔ་མཆན་དུ་བླངས་ཏེ། སྤྱང་གྲུང་ཁྲ་འདྲ་བ་དང་། མགོ་འཕངས་གནམ་འདྲ་བ་ཞིག་དགྱེ་སྟེ། མིག་སྐར་ཆེན་འདྲ་བ་གཉིས་ཀྱིས་ནམ་ཡང་མཐོང་ཆུང་གིས་ཁྲེལ་དགོད་བྱེད་བཞིན་ཡོད།
མདང་དགོང་ཉེ་འཁོར་གྱི་རི་སྐོར་ཚོའི་ཆགས་པ་རྒྱས་པའི་ཁྱུ་གཡག་རྣམས་ལྷས་རུ་འདུས་ནས། འབྲུ་མོ་བཞིན་བཟང་མ་དག་ཐོབ་ཕྱིར་རྭ་འཐབ་དྲག་པོ་བྱས་སོང་བས་ནོར་རྡང་རྣམས་ཚལ་བ་ཚལ་བུར་བཏང་འདུགཐང་རྩེས་ཁ་ལྟག་རྒྱབ་ལ་གཏད་ནས“ལྷ་མཚོ། སྐུད་པ་འདི་སྦོམ་དྲགས་ནས་སྟོབས་ཆེན་གྱི་མཛུབ་མོ་འདྲ་འདུག་པས་ཁབ་མིག་ཏུ་ཤོང་ཐབས་མི་འདུགདེ་ལས་ཕྲ་ཙམ་ཨེ་ཡོད་དྲིན་ཆེན་མ”ཞེས་དྲིས།
སྦྲ་ནང་ནས“འོ་ཡ། ད་ཁྱེར་ཡོང”ཞེས་ཕྲ་ལ་དྭངས་པའི་བུད་མེད་ཅིག་གི་སྐད་སྒྲ་མཆེད་ཡོང་།
ཐང་རྩེའི་སྐད་གདངས་ལ་བལྟས་ན་ཅུང་ཙམ་སུན་གྱིན་འདུག་པ་མ་ཟད་ཐང་ཆད་པའི་བཟོ་ལྟ་ཞིག་ཀྱང་འདུག དབྱར་དུས་ཡིན་ན་རྡང་མཐུད་པའམ་བཙེམ་དགོས་པ་ནི་ཡང་ཡང་བསྐྱར་ལས་བྱེད་དགོས་པས་འབྲོག་པ་ཚོར་དེར་སུན་སྣང་ལོས་སྐྱེས། ཡིན་ནའང་རྡང་གཅིག་ཆད་ཡོད་ན་དེར་སྦྲེལ་བའི་ནོར་རྣམས་ཀྱིས་ཕན་ཚུན་རྡུང་འདེད་བྱས་ནས་ནོར་རྡང་གཞན་རྣམས་ཡུག་གཅིག་ཏུ་བཅད་འགྲོ་བ་མ་ཟད། ཕན་ཚུན་གཅུ་ལོག་ཏུ་སོང་ནས་སྟོབས་ཞན་པ་རེ་འགའ་ངན་ཤི་ཐེབས་པའི་ཉེན་ཁ་ཡོད། ཉི་མ་ནུབ་རིར་ཡིབ་སོང་། སྦྲུལ་ཆེན་གྱིས་ལུ་གུ་མིད་པ་བཞིན། དགོང་ཁའི་གྲིབ་ཆེན་གྱིས་བང་དཀར་ལྷ་རི་མདོང་རྩེའི་མདུན་ཐང་ན་བཞུར་བའི་ཟླ་ཆུ་འཁྱུར་མིད་དུ་བཏང་སྟེ། རིམ་བཞིན་ཐང་རྩེ་ཚང་གི་ལྷས་ཞོལ་གྱི་སུམ་མདོའི་ཕྱེད་ཀ་ཟིན་འདུག
སྐབས་དེར་ཉི་མ་དང་ས་ངོས་ཀྱི་སྙོམས་ཐིག་མཚམས་ནས་གཟུགས་སྟོབས་ཆེ་བའི་རྐང་ཐང་གཉིས་མངོན་བྱུང་། གཅིག་གིས་མགོ་བོ་སྒུར་ཞིང་རྒྱབ་ལག་བཅངས་ནས་ཡོང་བཞིན་པ་ནི་ཁྱུ་གཡག་ཅིག་རྭ་འཐབ་བྱས་རྗེས་ཐང་ཆད་དེ་གཡུལ་ས་ནས་ལོག་པ་དང་འདྲ་ལ། གཅིག་ཤོས་དེས་ནི་རུམ་ལག་བྱས་ཤིང་ཕུ་དུང་དྲུད་ནས་གྱོལ་མ་ལྡིང་གིས་འོང་བ་ནི་བྱ་རྒོད་ཀྱི་དིང་རུ་ཆག་པ་དང་འདྲ། ཐང་རྩེས་ཉི་ཡོལ་འཕངས་ནས་བལྟས་པ་ཙམ་གྱིས། ཆ་རྒྱུས་ལྡན་པའི་གཟུགས་བརྙན་དེ་གཉིས་སླ་མོར་ཤེས་ཐུབ། སྔོན་ནས་འོང་མཁན་དེ་ནི་ཁོའི་མག་པ་སྟོབས་ཆེན་ལག་ཆེ་དང་། མཇུག་གི་གྱོལ་བོ་དེ་ནི་སྟོབས་ཆེན་དང་ཁྱིམ་གཅིག་ན་ཡོད་པའི་ཕུ་བོ་སྟེ། ཆུང་མ་བླངས་མེད་པའི་སྡེ་དཔོན་བཙན་རྗེ་སྐྱབས་རེད། མི་ཚོས་ལྐོག་ནས་བཙན་ནག་རྫ་མ་མགོ་ཟེར། སྤྱིར་ན་ཁོ་ཚོ་རུ་སྐོར་ཡིན་པས་ཕན་ཚུན་འགྲོ་འདུག་བྱེད་ཐེངས་མང་ཡང་། དོ་དགོང་སྤུན་གཉིས་པོ་ཧ་ཅང་གཟབ་ནན་གྱིས་ཐང་རྩེ་ཚང་ལ་གཏད་ནས་འོང་བ་ནི་དོན་དག་ཕལ་བ་ཞིག་མིན་པ་ཐག་ཆོད་རེད།
ཁྱི་ཟུག་བྱུང་། ལྷ་མཚོས་བྱང་ཆ་ལྡན་པའི་ངང་སྦྲ་སྒོ་འཕངས་ནས་སྒོར་བུད་བྱུང་། ཁོ་མོས་ཡིད་ཙམ་བལྟས་རྗེས་ཕྱིར་ཁྱིམ་ལ་འཛུལ་སོང་། སྟོབས་ཆེན་དང་བཙན་རྗེ་སྐྱབས་གཉིས་ཐད་གར་ཐང་རྩེ་ལ་གཏད་ནས་འགྲོ་བཞིན་པ་ལས་ཁྱིམ་ལ་འོང་རྩིས་མི་འདུག
“ཕ་བསད་པའི་མི་ཚད་ཕ་བླ་རྡོ་རྡུང་། གཡག་བཤས་པའི་མི་ཚད་གཡག་རྔ་འཕྱར་བ་འདི་ལ་ཟེར་བ་རེད། བཙན་པོའི་བཙན་ཚོད་དང་བརྙས་པའི་བརྙས་ཚད་མེད་པ་འདི་ངོ་མ་བཟོད་ཐབས་མི་འདུག”སྡེ་དཔོན་བཙན་རྗེ་སྐྱབས་ཀྱིས་གདོང་རྫ་རི་འདྲ་བ་གནག་ནས་ཐོག་མར་ཁ་གྲགས་བྱུང་།
ཐང་རྩེས་ཡིན་མིན་གྱི་སྐད་ཆ་ཅི་ཡང་མི་བཤད་པར་ཁོ་གཉིས་ལ་ཅེར་འདུག
“ཐང་རྩེ། ཉི་ཁྲི་མིག་ཅེར་གྱིས་གྱོད་གཞི་རི་རབ་འདྲ་བ་ཡོད་པ་ཤེས་བཞིན་དུ། དུས་རྒྱུན་སྤྲང་གི་ཁྱི་ཁ་མི་ཆོད་པར་ང་ཚོའི་སྡེ་ནང་དུ་རུ་ཉུལ་ལ་འོང་བ་མ་ཟད། ལྷག་ཏུ་ཁྱེད་ཚང་ནས་ཞག་ཉི་མ་ཁྱི་རོ་བྱས་ནས་བསྡད་པ་འདི། ང་ཚོའི་སྐེ་ཐོག་ཏུ་བཞོན་ནས་སྐྱིད་པོ་བྱེད་བསམ་པ་རེད། དོན་དངོས་འདི་ར་ཚེ་ཟད་འཕར་བའི་ཁ་རྩ་དང་། འབུ་ཚེ་ཟད་གྲོག་མའི་ཚང་སྒོ་ལ་སླེབས་པ་རེད། ཁྱི་རྒན་དེར་གསོན་ན་གསོན་མི་ཐུབ་པ་ཞིག་དང་ཤི་ན་ཤི་མི་ཐུབ་པའི་ལག་རྟགས་ཤིག་མ་བཞག་ན། ང་རྒད་པོའི་མགོ་རུས་ས་ལ་འཐོར་ཡང་མིག་བཙུམ་ཐབས་མི་འདུག”ཅེས་ཧ་ཅང་ཁྲོ་བའི་གཏམ་དག་ཤར་མར་བཤད། ཐང་རྩེ་ནི་མི་སྤྱང་གྲུང་ཅན་ཞིག་ཡིན་པས་ཧ་གོ་བ་ལྟར“ཡ་ཡ། འོན་ཀྱང་རྡོ་བ་ཉི་ཁྲི་ལ་དཔའ་ཅི་འདུག་ང་ཚོས་ཤེས་པ་ལྟར་རེད། ཡང་གཅིག་བཤད་ན་ངེད་གཉིས་ཀྱང་ཚོང་ཤག་ཐབས་ཆག་ཅིག་ཏུ་གྱུར་ཡོད”ཅེས་སྨྲས།
དེ་དུས་སྟོབས་ཆེན་གྱི་མིད་ཁར་འཚང་རྒྱག་བྱེད་ཀྱིན་པའི་སྐད་ཆ་གནོན་མ་ཐུབ་པར“ད་ཐེངས་ཁྱོས་རོགས་ཤིག་མི་བྱས་ན་འུ་མག་སྐུད་གཉིས་ཀྱི་ཞེ་འདང་གསེར་སྐུད་འདྲ་བ་དེ་བཅད་པ་དང་ཁྱད་ཡོད་ན་གནམ་འདིའི་ཞབས། ཁོ་རང་དཔའ་རྩལ་ཆེ་ཡང་ང་རྒྱལ་གྱིས་བརྒྱལ་འདུག་པས། ཐད་ཀར་ཤྭ་གསོད་གསོད་བྱེད་རྒྱུ་སླ་མོ་ཡིན་ཡང་། བཟུང་ནས་ལུག་བཤའ་བཤའ་ཞིག་མ་བྱས་ན་སྙིང་ནད་སངས་པ་མི་འདུག དེའི་ཐད་ནས་ཁྱོད་ལ་གསལ། རང་གིས་ཉི་ཁྲི་དང་ང་ཚོ་ལག་པ་གཡས་བརྗེ་གཡོན་བརྗེ་བྱེད་མིན་རང་གིས་ལྟོས། དེ་མིན་སྐད་ཆ་མང་བ་མེད”ཅེས་ཟེར།
བྲེལ་བྲེལ་ངང་ཡོང་བའི་མི་དེ་གཉིས་ནི་ནག་ཡོལ་ཡོལ་ཡོང་བའི་གྲིབ་མ་ཞིག་དང་འདྲ་བར་གང་ཞིག་ལ་ཆས་སོང་། ཡང་ན་ཁོ་གཉིས་ཀྱིས་གཞུག་ན་ཁྲིད་པ་ནི་མུན་ནག་གི་ཡོལ་བ་ཞིག་སྟེ། སྐད་ཅིག་ལ་རྩྭ་ཐང་ཡོངས་སུ་མནན་སོང་།
ཉིན་དེར། མཁར་ཤུལ་སྡེ་བ་དང་རྡོ་འབུམ་སྡེ་བའི་བར་ལ་འཁྲུག་རྩོད་ཅིག་བྱུང་བས། སྟོབས་ཆེན་སོགས་མཁར་ཤུལ་སྡེ་བའི་ལང་ཤོར་ཁ་ཤས་དུད་ཁྱིམ་ཞིག་གི་ཁྱིམ་དུ་བརྒྱུགས་ཏེ། མི་རྡུང་ཁྱི་གཅལ་བྱས་པ་མ་ཟད། དེ་ཚང་གི་བཟའ་མི་རྣམས་སྒོར་བདས་ནས། དེ་ཚང་གི་ལུག་ཅིག་བཤས་དེ་ཁྱིམ་ནས་ཤ་ཟོས་ཁུ་འཐུང་གིས་སྐྱིད་པོ་གཏོང་སྐབས། སྦྲའི་རྣུ་ཤག་གི་བར་ན་མིག་སྐར་ཆེན་ལྟར་གསལ་བའི་བྱིས་པ་ཞིག་གིས་ཁོ་ཚོར་ཅེར་འདུག་པ་སྟོབས་ཆེན་གྱིས་མཐོང་འཕྲལ།
“ཨེ། འདྲེ་ཕྲུག་གན་ལ་ཇི་འདྲའི་མིག་ཆེན་པོ་ཞིག་འདུགརྩ་བ་ནས་འབྲུ་ཨེ་འཇོག”ཟེར་ནས་གྲི་ཚད་དེ་སྟེང་ལ་རྒྱུགས་རྩིས་བྱས་མྱོང་།
དེ་ལྟར་སྡེ་བ་གཉིས་ཀྱི་གྱོད་འདུམ་འགྲིག་བྱུང་ནས་ལོ་ངོ་བདུན་ལྷག་འགོར་སོང་ཡང། ཉིན་ཞིག་མི་རྐྱང་རྟ་རྐྱང་ཡིན་པའི་གཞོན་ནུ་མིག་སྐར་ཆེན་འདྲ་བ་ཞིག་གིས། ཅི་ཆ་མེད་པར་མཁར་ཤུལ་དཔོན་ཚང་གི་རྟ་རྣམས་ཐལ་ཐོག་ནས་དེད་སོང་བ་མ་ཟད། ཁོ་ཚང་གི་ལྷ་རྟ་ཁྲི་སྐྱིད་ཀྱང་བཞོན་ནས་ཤོར་སོང་། དཔོན་བཙན་རྗེ་སྐྱབས་ཀྱིས་ཕ་མེས་ཀྱི་ཤང་ལང་གསེར་གྱི་ཁ་ཕོར་ཅན་བཏོན་ནས་ཞུམ་པ་མེད་པར་རྐང་ཐང་གིས་ར་མདར་བརྒྱུགས་ཏེ་རྫ་དྲེལ་དྲེད་ཕྲུག་གི་འདབས་རོལ་བར་བསྡས་ཀྱང། མཇུག་འབྲས་ནི་གཞོན་ནུ་དེའི་བོད་མདའི་ཁ་ནས་དུ་བ་ཞིག་སྔོ་ལྷོག་གེར་བྱུང་དང་མཉམ་དུ།གཡོལ་ཐབས་མེད་པའི་ཞ་མདའ་ཐོག་དམར་འདྲ་ཞིག་བཙན་རྗེ་སྐྱབས་ཀྱི་བླ་ནང་དུ་ཟུག་ནས་ཐང་ལ་བསྒྱེལ་སོང་། གཞོན་ནུ་དེའི་རྟ་ཁྲི་སྐྱིད་ཀྱི་ཁ་རུ་གྱི་ལི་ལི་སྐོར་བཞིན“བཙན་ནག་རྫ་མ་མགོ་དེ་རིང་སྟོབས་ཆེན་ལག་ཆེ་དོང་འོག་ལ་འཛུལ་སོང་བ་ཨེ་རེད། ང་རང་སྔོན་ཆད་མིག་འབྲུ་དགོས་ཟེར་སའི་རྡོ་འབུམ་སྡེ་བའི་བྱིས་པ་དེ་ཡིན། ད་ལྟ་ཕོ་ལོ་བཅོ་བརྒྱད་ཡིན། མ་ཤེས་ན་རྡོ་བ་ཉི་ཁྲི་ཡིན། ཁྱོད་ཚོ་རྟ་ཤོར་གྱི་ར་མདའ་དང་ཟོག་ཤོར་གྱི་རྩ་ར་མེད་ན་ངེད་རྡོ་བ་ཚང་གི་ཁྱི་ཞོང་ནང་ནས་ཐེངས་མ་དགུ་ལ་འཐུང་བ་དང་ཁྱད་མེད། དེ་རིང་གི་ལྟད་མོ་དེ་ཡིན། བཙན་ནག་རྫ་མ་མགོའི་བརླ་ཤ་གཡས་པ་འདི་ཁྱོད་མཁར་ཤུལ་དཔོན་ཚང་ལ་བྲོ་ཤ་བྱིན་པ་ཡིན”ཞེས་ཁོས་ཀི་སྒྲ་དང་བཅས་སྒ་འགྱུར་བྱེད་གིན་བུད་སོང་། ཀི་སྒྲ་དེ་རི་གསེང་ལ་འཇགས་ཀྱིན་པའི་བོའུ་སྐད་དང་མཉམ་དུ་མཐར་དཔོན་བཙན་རྗེ་སྐྱབས་ཀྱི་གློ་སྙིང་མཆིན་གསུམ་གྱི་རྩ་ལ་ཁྱབ་སོང་།
དེ་ལྟར། གྱོད་རྙིང་ཞིག་གི་རྨ་ཁ་ཡང་བསྐྱར་བསྔོག་སོང་། ཡང་ན་རྡོ་བ་ཉི་ཁྲི་དང་དཔོན་བཙན་རྗེ་སྐྱབས་ཀྱི་དབར་དུ་ཁ་མཆུ་རི་རབ་འདྲ་ཞིག་བསླངས་སོང་།
རྡོ་བ་ཉི་ཁྲི་ཡི་མགོ་རྨོག་དཀར་ཉི་ཟླའི་མཚམས་དང་། སྐེད་འཁོར་གསུམ་བར་སྣང་ཁམས་ན་ཡོད། ཁོས་སུ་ཡང་མིག་ནང་དུ་མི་འཇོག་པར་ཞེ་དཔང་ཞིག་ལོས་ཡོད། དཔའ་འདན་མ་དགུང་ལོ་བཅོ་བརྒྱད་ཐོག་མི་རྐྱང་རྟ་རྐྱང་གིས་ཧོར་སྡེ་དམར་ནག་བཅུ་གཉིས་ཀྱི་ནང་དུ་གློག་བཞིན་བརྒྱུགས་ཏེ། ཧོར་རྒྱལ་པོའི་བླ་རྟའི་གཙོའི་རྟ་ཁྲ་ཁྱུ་དུམ་ཞིག་བཅད་ནས་ཤོར་བ་བཞིན། ཁོས་ཀྱང་ཕོ་ལོ་བཅོ་བརྒྱད་ཐོག་མི་རྐྱང་རྟ་རྐྱང་གིས་མཁར་ཤུལ་བཙན་གྱི་སྡེ་བའི་ནང་དུ་བརྒྱུགས་ཏེ། དཔོན་མཁར་ཤུལ་ཚང་གི་ལྷ་རྟ་ཁྲི་སྐྱིད་གཙོས་རྟ་ཕོ་རི་དྭགས་འདྲ་བ་དུམ་ཞིག་དེད་པ་མ་ཟད། དཔའ་འདན་མས་གཤིན་རྗེ་གདན་ལས་བཞེངས་འདྲའི་ར་མདའ་བ་ཧོར་གྱི་ཤན་མ་རྨེ་རིའི་ཡ་ཐོད་ཀྱི་དུང་ཕོར་བཀོག་པ་བཞིན། ཁོས་ཀྱང་དོམ་ནག་ཁྲག་གིས་བཟི་འདྲའི་ར་མདའ་བ་བཙན་ནག་རྫ་མ་མགོའི་བླ་ཡས་ཐང་ལ་གཡུག་པ་རེད། ཉེ་ལམ་རྒན་པ་མང་པོ་ཞིག་གིས་ཀྱང་དེ་ལྟར་དཔེ་བཞག་ནས་ཁོ་ལ་གདེང་འཇོག་བྱས་པ་མ་ཟད། སྟག་ཤར་ཚོའི་སེམས་ཀྱི་འཛེར་བུ་དང་དང་སྨན་ཤར་ཚོའི་སེམས་ཀྱི་འདན་མ་གསོན་པོ་ཞིག་ཅི་ལ་མིན། གང་ལྟར། ཁོའི་སྐད་གྲགས་ཉེ་ཕྱོགས་གང་སར་གྲགས་སོང་།
རྡོ་བ་ཉི་ཁྲིའི་འགྲོ་འདུག་ལ་ངེས་གཏན་མེད་མོད། དུས་རྒྱུན་དང་བསྡུར་ན་ཉེ་ལམ་མཁར་ཤུལ་སྡེ་བ་རུ་འགྲོ་འོང་བྱེད་ཐེངས་ཇེ་མང་ཡིན་ལ། ཉིན་དཀར་མཁར་ཤུལ་སྡེ་བ་རུ་རུ་ཉུལ་བྱེད་ཞོར་ཚོང་གཏམ་པ་དང་། མཚན་མོ་མཁར་ཤུལ་སྡེ་བ་རུ་ཕོ་ཉུལ་བྱེད་ཞོར་ཁྱི་རྣམས་རྡོ་རྡུང་གིས་འུར་ཟིང་ཟིང་གཏོང་གིན་ཡོད། དེ་བས་ཐང་རྩེ་ཚང་ལ་རྒྱུན་འོང་བྱེད་གིན་ཡོད་ལ། དེ་ནི་གཅིག་ན་ཐང་རྩེ་ལ་གོ་མཚོན་མོད་པ་དང་གོ་མཚོན་གྱི་ཕྱོགས་ནས་ཚོང་གཏམ་རྒྱུར་སྤྲོ་བས་ཡིན་ལ། གཉིས་ནས་བེ་བཟའ་ལྷ་མཚོ་ཟེར་བ། གཟུགས་སྐྱེ་ལུས་ཚོ་ཆེན་གསུམ་གྱི་ཕར་ནང་ཚུར་ནང་ན་གྲགས་ཐག་ཆོད་ཡོད་པས་ཡིན་སྲིད། གང་ལྟར་ཁོ་རང་ཐང་རྩེ་ཚང་གི་རྒྱུན་འོང་རྒྱུན་འདུག་གི་མགྲོན་པོ་དམིགས་བསལ་ཞིག་ཡིན། རྡོ་བ་ཉི་ཁྲིའི་བཞོན་རྟ་ཐང་རྩེ་ཚང་གི་ཐད་ཀྱི་ཐང་ཁུག་ན་ཐག་རྟོད་བྱས་འདུག བཞོན་རྟའི་ལུས་ཡོངས་ནས་བཞུར་བའི་རྔུལ་ནག་གི་རླངས་པ་རུམ་གྱིས་ཡལ་ནའང་། དེའི་སྟེང་ན་ད་དུང་ཤ་སྦྲང་མང་པོས་འཚང་ག་རྒྱག་བཞིན་འདུག་པས། རྩྭ་ཁམ་གང་རེའི་མཚམས་ནས་མགོ་གཡུག་དང་རྔ་ཚུབ་བྱེད་གིན་འདུག ཉི་འོད་ལམ་ལམ་གྱི་སྔ་དྲོ་ནི་ཡོད་ཚད་ལ་མར་ཁུ་བྱུགས་པ་བཞིན་སྣུམ་ཤིག་ཤིག་བྱེད། ཉིན་གུང་ལ་སླེབས་འདུགཉི་འོད་ཤིན་དུ་ཚ། འབའ་འབུ་བྱ་བྱེའུ་དག་གིས་སྐད་ངན་སྒྲོག་གིན་རྩྭ་གསེབ་དང་རྡོ་སྐྱིབས་འོག་ལ་འཚང་གིན་འདུག
ཐང་རྩེ་ཚང་གི་སྦྲ་ནི་ཁྱིམ་རྒན་ཁ་ཤས་བརྒྱུད་ཚར་བའི་ཁྱིམ་རྒྱུད་ཀྱི་སྦྲ་རྒན་ཡིན། སྦྲ་མིག་ཚང་མར་དུད་སྐག་གིས་བཟུང་ནས་གསེར་ནག་ལུམ་རྡུང་བྱས་པ་དང་འདྲ་བའི་སྲ་བརྟན་དུ་ཆགས་ཡོད་པས། དགུན་གྱི་ཙག་ངར་དང་དབྱར་གྱི་ཚད་པ།ཆར་རླུང་སོགས་གང་གིས་ཀྱང་སླ་མོར་སྒུལ་མི་ཚུགས། ཕྱི་རོལ་ན་དབྱར་སྟག་གླང་མཚམས་ཀྱི་ཉི་འོད་མེ་ལྟར་འབར་གྱིན་ནའང་། ཐང་རྩེ་ཚང་གི་ཁྱིམ་ནང་ཧྲིལ་བོ་བསིལ་ཤིག་ཤིག་གི་མཁའ་དབུགས་སྐྱིད་པོ་ཞིག་ཆགས་འདུག
ཕོ་ཁྱིམ་ན་གཟུགས་སྟོབས་ཆེ་ཞིང་རལ་བ་འོད་ཀྲིག་གེར་ཡོད་པ། སྨིན་མ་གཉིས་པོ་གླག་ནག་གི་གཤོག་པ་བརྐྱངས་འདྲ། མིག་ཟུང་གཉིས་སྐར་ཆེན་འདྲ་ཞིག་འདུག་པ་ནི་རྡོ་བ་ཉི་ཁྲི་རེད། ཁོས་རུམ་ནས་བྱུར་ཁྲ་ཅན་གྱི་སྣ་རྭ་ཞིག་བླངས་ནས་ལག་གཡོན་པའི་མཐེབ་སེན་གྱི་སྟེང་དུ་སྣ་ཐ་ཏོག་ཙམ་བླུགས་རྗེས། གཡས་ལག་གིས་སྐེད་ཀྱི་གྲི་ཐུང་ཚེར་མ་འདྲ་ཞིག་བཏོན་ཏེ། གྲི་རྩེས་སེན་སྟེང་གི་སྣ་ཐ་གདུ་བཞིན་ཁ་གཏད་ན་ཡོད་པའི་ཐང་རྩེ་ལ་ཚོང་གཏམ་རེས་དང་ལབ་རྒྱག་རེས་བྱེད་ཀིན་འདུགབཤད་ཀྱིན་བཤད་ཀྱིན་ཚོང་ཁ་དེ་ཉི་ཁྲིའི་མེ་མདའི་སྟེང་དུ་བབས་བྱུང་།
“ཡ་མི་རྡང་། ཚོང་ཤ་བོ་གཉིས་ལེབ་གཅིག་ཡིན་པས་དེ་མིན་མར་ཕབ་རྒྱུ་མེད། ཐུལ་མ་རྩིད་བཏོག་པ་དྲུག་དང་གཡག་སོ་དྲུག་རྭ་ཁ་མ་ཉམས་པ་བརྒྱད་ཡིན། གོང་བདེ་མིན་ན་དགེ་རྩེ་གྲ་ལག་དགོན། བོའུ་ལ་བཤད་རྒྱུ་མེད། ངེད་རྡོ་འབུམ་སྡེ་བའི་ནང་ན་སྟོང་དཔོན་དཔའ་ལོའི་པུ་ར་དང་། ཨ་རྡུག་ཁྱུང་བཟང་གི་པུ་ར། ང་རྡོ་བ་ཉི་ཁྲིའི་པུ་ར་གསུམ་མི་ཤེས་མཁན་ཞིག་མེད”ཅེས་བཤད།
ཉི་ཁྲིའི་ཆེ་ཞིང་དྭངས་པའི་མིག་ཟུང་ལས་ཐག་བཅད་ཟིན་པའི་འོད་ཅིག་འཕྲོས་འདུག འོན་ཀྱང་ཁོས་ཐགས་བཅད་ཚར་ནའང་ད་རུང་གཏམ་ན་བློ་ཁ་སྒུལ་ཐུབ་པའི་མི་ཞིག་ཡིན་པ་ཐང་རྩེས་ཤེས་ཀྱང་། ད་ཐེངས་དེར་དོ་སྣང་མི་བྱེད། ལག་ནང་གི་མེ་མདའ་ཕར་སྒྱུར་ཚུར་སྒྱུར་འགའ་བྱས་རྗེས“ཡ་ཡ་་་དེས་ན་དེ་བྱ། ཨ་རོགས་མཐུན་དགོས། རྩིས་ཞིབ་དགོས་ཟེར་བས། ངས་མེ་མདའ་འདིའི་ནང་ཁོག་ལ་ཞིབ་ལྟ་ཞིག་བྱེད་ན་ཨེ་ཆོག”ཅེས་དྲིས། ཉི་ཁྲི་དགོད་བཞིན་དུ། “ཡ་ཡ། དེ་མི་ཆོག་རྒྱུ་ཅི་ཡོད། རང་གིས་ལྟ་ཡག་བྱོས། རྗེས་ཕྱོགས་སྐྱག་མགོ་རྙང་བཏུམ་གྱི་སྐད་ཆ་འདྲ་ཡོད་ན་གོ་བརྡ་མི་འཕྲོད། ”ཁོས་དེ་ལྟར་ཟེར་ཞོར་སེན་མོའི་སྟེང་གི་སྣ་ཐ་སྣ་སྒོ་ལ་གཏད་དེ་ཤུགས་ཀྱིས་རྔུབ་པ་ན། རང་དབང་མེད་པར་ཁ་ནས་“ཧད”ཅེས་མཆིལ་མའི་ཟེགས་མ་འགའ་པང་ཐོག་ཏུ་འཐོར་སོང་། ཡང་བསྐྱར་སྣ་རྭ་སེན་སྟེང་དུ་རྡེབ་བཞིན“ཨོ་རེད་ཡ། ངའི་ལག་ཏུ་མེ་མདའ་ཞིག་མ་འབྱོར་ཚེ། གནས་སྐབས་ངའི་མེ་མདའ་ངས་འཛིན་རྒྱུ་བྱེད། དེ་འདྲ་བྱས་ན་ཆོག་གམ། འདྲེ་ལའང་བུ་བཅོལ་ན་ཞག་གསུམ་ཡིན་པས། ང་རྡོ་བ་ཉི་ཁྲི་བཤད་མ་དགོས། ཁྱོད་ཀྱིས་གནོང་དོགས་མི་དགོས། ”ཞེས་བཤད། ཉི་ཁྲིས་ཐང་རྩེ་འཐད་མི་འཐད་ལན་ལ་དེ་ཙམ་སྒུག་འདོད་མེད་པ་བཞིན་སྐད་ཆ་ཤར་མར་བཤད་སོང་། “ལོས་ཆོག”ཐང་རྩེས་ལན་སྟབས་བདེ་ཞིག་བཏབས་རྗེས། བྱང་ཆ་ལྡན་པའི་ངང་འཁྱུག་ཙམ་ལ་མེ་མདའི་ལྷུ་ལག་ཡོད་ཚད་གཏོར་ཚར། ཉི་ཁྲིས་མཐེབ་སེན་གྱི་སྟེང་གི་སྣ་ཐ་གྲི་རྩེས་ཡང་ཡང་གདུ་བཞིན་སྣ་གླུ་ལེན་གིན་བསྡད། ཁོ་གཉིས་ལ་ཁ་བརྡ་ཅིའང་མེད་པར་འཇམ་ཅག་གེར་གྱུར་སོང་། ཁྱིམ་ཕུག་ན་ནས་འཐག་བཞིན་ཡོད་པའི་ལྷ་མཚོའི་མཆིག་སྐོར་བའི་འགུལ་སྐྱོད་དང་བསྟུན་ནས་དྲང་ལྡེམ་གྱི་ལུས་པོས་སྟངས་སྟབས་ཡིད་དུ་འོང་བ་རེ་སྒྱུར་བཞིན་འདུག ད་དུང་མོའི་རྒྱབ་གཞུང་ན་ཡང་ཡང་གཡོ་བཞིན་འོད་ཀྲིག་ཀྲིག་གི་སྐྲ་ཡི་ལན་བུ་དག་བྲག་ངོས་སུ་འབབ་བཞིན་པའི་གཙང་བོ་བཞིན་མི་སེམས་ཁྲི་ཕྲག་འཁུར་བའི་སྟོབས་ཤུགས་ལྡན། གལ་ཏེ་སྐབས་དེའི་མོའི་རྣམ་པ་གསལ་བོ་ཞིག་བཤད་དགོས་ན་སླ་མོ་ཞིག་ག་ལ་ཡིན། ཕལ་ཆེར་མཛངས་མའི་ཡོད་དན་བརྒྱད་པོ་ནས་འགོ་བརྩམས་ཏེ་རྒྱ་ཞིང་རྒྱས་པ་ཞིག་བཤད་དགོས་རྒྱུ་རེད། འོན་ཀྱང་དེ་ཤོད་ཐུབ་མཁན་གནས་སྐབས་གཏན་ནས་མེད་པ་དེ་རེད།
གྲིབ་གཟུགས་གཉིས་ཡོར་ཡོར་ངང་སྦྲ་དང་ཐག་ཉེ་བཞིན་འདུག ཁྱི་རྒན་ཚ་གདུགས་ཀྱིས་གཙེས་པས་ལྕེ་འདོམ་པ་གང་དྲུད་ནས་རྔ་མ་བྲེག་སོང་ནའང་མི་གོ་བའི་ཚད་དུ་ཤི་བ་ལྟར་བསྣར་འདུག སྐབས་དེར་ལྷ་མཚོས་ཡོད་ཚད་ལ་དོགས་པ་ཟ་མགོ་ཚུགས་ཏེ་རྣམ་ཤེས་སྐྲ་རྩེ་ནས་འབྲོ་ལ་ཁད་དུ་འདུག ཁོ་མོས་རྣ་བ་སྦྲའི་ཕྱི་རོལ་ལ་གཏད་ཞོར་ལྐོག་མིག་རང་གི་ཁྱོ་བོ་དང་ཉི་ཁྲིའི་གདོང་ལ་འཕེན་གྱིན། སེམས་ཀྱིས་ཐལ་མོ་སྦྱར་དེ་བཀྲ་མི་ཤེས་པའི་དོན་དག་ཅིའང་མི་འབྱུང་བར་གསོལ་བ་འདེབས་ཀྱིན་མཆིས། ཕྱི་རོལ་ན་ཉེ་བའི་གྲིབ་གཟུགས་གཉིས་ལས་ཅིག་ཤོས་རྡོག་སྒྲ་རུ་གྱུར་ནས།ཚུར་ཚུར་ཉེ་བྱུང་། སྟོབས་ཆེན་སྦྲ་ནང་དུ་འཛུལ་བྱུང་། གདོང་ན་མ་རབས་དང་གདུག་རྩུབ་ཀྱི་འཛུམ་མདངས་ཡ་མཚན་ཞིག་མངོན། ཁོས་སྦྲ་ཡི་ནང་ཀ་ལ་བཀལ་བའི་ལུ་གུའི་ཤ་སྐམ་ཕྱི་ནང་སྐོར་བཞིན། “བཀྲ་མི་ཤིས་རྒྱུ་འདི་ཚོ། ལུ་གུར་གྲིབ་ཕོག་ནས་ཤི་བ་རེད་ཟེར་ཡང་དོན་དངོས་རྡོ་མགོ་ལ་བཏང་བ་རེད་འདུག དེང་སང་གི་བྱིས་པ་འདི་ཚོ་རྫུན་ལབ་རྒྱུར་ཇེ་མཁས་རེད།”ཁོས་མགོ་རྔ་མེད་པའི་སྐད་ཆ་འཆལ་མ་འཆོལ་ཞིག་བཤད་བཞིན། ཧ་ཅང་ཟོལ་མེད་ཀྱི་ཚུལ་དུ།
“ཨ་ཙི། ཉི་ཁྲི་ཉི་པོ་དཀའ་ཨེ་ཐལ། ང་འདི་རྒས་བཞིན་པ་འདྲ། ངོ་ཤེས་རྙིང་བ་མདུན་ན་ཡོད་ཀྱང་མཐོང་གིན་མི་འདུག”ཅེས་སྙིང་ཉེ་བའི་འཚམས་འདྲི་བྱས་ཀྱང་། ཉི་ཁྲིས་མ་ཐོས་མ་མཐོང་བ་ལྟར་སྣ་ཐ་གདུ་བཞིན་སྣ་གླུ་ལེན་གིན་བསྡད།ཐང་རྩེས་ཀྱང་སྣང་མེད་ལྟར་མེ་མདའི་ལྷུ་ལག་དག་ལ་ཞིབ་འཇུག་བྱེད་པ་བཞིན་ཕར་སྐོར་ཚུར་སྐོར་སོགས་བཟོ་ལྟ་མང་པོ་སྟོན་གིན་འདུག
སྟོབས་ཆེན་གྱིས་མི་མངོན་པར་དབུགས་རིང་ཞིག་དལ་བར་བཏང་རྗེས། སྙིང་ཁ་མར་མནན་ཏེ་དལ་བར་ཐད་གར་ལྷ་མཚོའི་འགྲམ་དུ་འོང་ཏེ། ནས་ཡོས་ཁྲ་སྤར་གང་བླངས་ནས་ཁ་རུ་འཕེན་བཞིན་ཉི་ཁྲིའི་ཕྱོགས་སུ་དལ་བར་འཁོར་བྱུང་། ཐང་རྩེའི་ལག་མཐིལ་ལ་ཟ་འཕྲུག་ལངས་ཤིང་ཐོད་པ་རུ་རྩ་རྒོད་ཅིག་བྲུག་འདུག་སྐབས་དེར། སྟོབས་ཆེན་གླག་ནག་གིས་རི་བོང་ལ་འཇུམ་པ་བཞིན་གློ་བུར་དུ་མཆོང་བྱུང་། རྩུབ་ཅིང་ནག་པའི་གདོང་། དམར་ཞིང་ཅེར་བའི་མིག་ཆེ་ཞིང་སྦོམ་པའི་སྦར་མོ་སོགས། སྐད་ཅིག་ལ་མངོན་པའི་ཁྲོ་བོ་བཞིན་འཇིགས་རུང་བླ་འཁུམ་པ་ཞིག་རེད་ཨང་།
“ཨ་ཁྱི་རྒན། སྐྱག་ཕྲུགང་མཁར་ཤུལ་སྟོབས་ཆེན་ཟེར་བ། སྟོབས་ཆེ་ནས་འབྲོང་ལ་རྭ་འཇུ་དང་རྩལ་ཆེ་ནས་སྟག་ལ་ཟེ་འཇུ་བྱེད་མཁན་ཡིན། སྡུག་ཁྱོད་འདྲ་བ་རུལ་མིད་བྱས་ཀྱང་མི་འགྲེང་། གནམ་འདིའི་ཞབས། ཧ་ཧ་་་”སྟོབས་ཆེན་གྱི་དཔའ་སྐད་བྲག་རི་བཞིན་ཉིལ་བྱུང་། “ཨ་་་ཁྱོད་ཀྱིས་འདི་ཅི་ཞིག་བྱེད་རྩིས་ཡོད།” རྡོ་བ་ཉི་ཁྲིའི་ཡོད་ཚད་ཧ་གོ་སོང་ཡང་མ་གོ་ལྟར་གཡོ་སྒྱུའི་ངང་དེ་ལྟར་དྲིས། ཁོས་ད་སོ་མར་གྲི་རྩེའི་སྣ་ཐ་གདུ་བཞིན་པ་ཡོད་མོད། སྟོབས་ཆེན་གློ་བུར་དུ་མཆོང་ཐེངས་གཅིག་གིས་བྲང་ཁར་མུན་རུབ་འགྲའི་རྡོག་ཐོ་གཅིག་གཞིས་འཕྲལ། གན་སྐྱལ་དུ་ས་ལ་ནམ་ལངས་འདྲ་ཞིག་བརྡབ་བྱུང་། ཁོའི་རིག་པ་སོར་ཆུད་ནས་ད་གཟོད་ལྟ་སྐབས། སྟོབས་ཆེན་གྱི་རི་ལྟར་ལྕི་བའི་ལུས་ཤུགས་ཀྱིས་སྟེང་དུ་མནན་ཞིང་། ལྕགས་སྐམ་ལྟ་བུའི་ལག་པ་རྩུབ་པོ་གཉིས་ཀྱིས་རང་གི་ལག་པ་གཉིས་དམ་དུ་བཙུར་བས་ལག་ངར་གྱི་རུས་པ་དཀར་ཡོལ་བཞིན་སིལ་བར་གཅོག་ལ་ཁད་རེད། དེ་ནི་མིག་རྡེབ་གཅིག་གི་ཡུན་ལ་བྱུང་བའི་ཅི་ཆ་མེད་པའི་དོན་དག་ཅིག་རེད། གང་ལྟར་ཉི་ཁྲི་ལ་འགུལ་དབང་ཙམ་ཡང་བྱིན་མ་སོང་། སྐབས་དེར་ཕྱི་རོལ་ནས་རྡོག་སྒྲ་ཞིག་ལྕིད་དིག་དིག་གིས་ཧལ་སྒྲ་དང་བཅས་མི་ཞིག་ནང་དུ་འཛུལ་བྱུང་། སྦྲ་སྒོ་ཤེད་ཀྱིས་ཕྱི་ལ་འཕངས་པས་ཨེན་ཙམ་མིན་ན་ཐང་ལ་གཡུག་སོང་། “ཡ་ཁྱི་རྒན། ཅི་ཞིག་གི་ཅི་ཞིག ང་བཙན་རྗེ་སྐྱབས་ཀྱི་བླ་ཤའི་ནང་ན་ཞ་མདའ་གཤོག་དྲུག་ཅིག་ལུས་ཡོད་པ་དྲན་ཨེ་མྱོང་།རོ་རྣ་ལྷམ་འཚང་གིས་འདན་ཞིང་རོ་མིག་ཁྲག་གིས་བཀང་སོང་བ་མིན་ན། སྟག་གི་ཁ་སྤུ་ལ་རེག་ན་མཇུག་འབྲས་མི་ཡག་པ་སྔར་ནས་ཤེས་ན་རེད།དེ་རིང་ལྟད་མོ་ཨ་སྔོན་དགོང་ན་ཡོད། ”སྡེ་དཔོན་བཙན་རྗེ་སྐྱབས་ཀྱི་ངར་སྐད་ནི་སྟོབས་ཆེན་གྱི་དཔའ་སྐད་ལས་ཀྱང་དྲག་ཅིང་རྩུབ། ཐང་རྩེས་སྔོན་ནས་བཀོད་སྒྲིག་བྱས་པ་བཞིན། ཨོང་རྩིག་ཐོག་ནས་འབྲང་ཞགས་འདོམ་དགུ་ཞིག་བླངས་བྱུང་། སྟོབས་ཆེན་གྱི་གྲིབ་མ་ནི་ཕྱི་དྲོའི་གྲིབ་ཆེན་བཞིན། ཟླ་ཆུའི་ཆུ་རྒྱུད་ན་ནག་ཡོར་ཡོར་འགུལ་བཞིན་འདུག ཁོས་སྒུར་སྒུར་གྱིས་ཆུ་ནང་ལས་སྣུམ་ཡུག་ཡུག་གི་ཆུ་རྡོ་རེ་རེ་བླངས་ཏེ། རྡོ་ངོས་ལ་འབྱར་བའི་ཆུ་འབུ་དག་སེམས་ཆུང་ངང་ཆུ་ཡིས་བཤལ་རྗེས་ཆུ་རྡོ་རེ་རེ་བཞིན་ལག་གི་སྒྱོ་བའི་ནང་དུ་གསོག་གིན་འདུག དགོང་རྫི་ལ་འོང་བའི་རྒད་པོ་ཞིག་གིས་དེ་མཐོང་ནས་ཡ་མཚན་ངང“ཨ་རོ་སྟོབས་ཆེན། རྡོ་སྒུམ་ནས་ཅི་བྱེད་རྩིས་ཡིན”ཞེས་དྲིས། སྟོབས་ཆེན་བག་ཕེབས་ཀྱིས་རྡོ་སྒུམ་ཞོར་དུ། “ཨོ། ཉི་ཁྲིའི་མིག་ལེན་གི་ཡོད་པས་རྡོ་སྒུམ་པ་ཡིན། སང་ཉིན་ཤོག་དང་མིག་རྡོ་བཙོ་བཞིན་ཡོད། ཁྱོད་ལ་ཤ་སྐལ་ཆད་ག་ལ་ཉན”ཞེས་སྨྲས། རྒད་པོ་དེས་ཁ་བྲག་ཁུང་འདྲ་ཞིག་གདངས་ནས་དལ་ཅིག་ལ་ཧད་སོང་།
ཉི་མ་ནུབ་རིའི་ཕག་ཏུ་བཞུད་ལ་ཉེ། གྲིབ་ནག་ཆེན་པོ་ཞིག་རྒྱ་མཚོ་བཞིན་འཕྱུར་འོང་གིན་འདུག དེའི་རྗེས་ན་སང་ཉིན་ཡོད། ཉི་ཁྲི་མཚན་གང་བོར་གཉིད་མ་ཁུག ཁོ་རང་འགུལ་ཙམ་བྱས་ན་མཁར་ཤུལ་སྡེ་བའི་ལྟ་སྲུང་བྱེད་མཁན་གྱི་གསར་བུ་ཚོའི་མིག་ལོག་དང་སྡིག་མོ་ཕོག་འོང་། ཁོས་སང་ཉིན་ལ་སྒུག་པ་ནི་འཆི་བ་ལ་སྒུག་པ་དེ་རེད། ཡིན་ནའང་ལུས་ཕྱི་ནང་གྲུ་གུ་བཞིན་བསྡམས་ནས་དབུགས་ཀྱང་གཏོང་དཀའ་བས་ཚད་ན་ཡོད་པས། ཁོ་ལ་མཚོན་ན་གདམས་ཁ་བྱེད་པའི་དབང་ཆ་ཞིག་ག་ལ་ཡོད། ཁོས་སྟོབས་ཆེན་དང་དཔོན་བཙན་རྗེ་སྐྱབས་སྤུན་གཉིས་ཀྱི་མིག་ནང་ལས་མཆེད་པའི་གདུག་རྩུབ་ཀྱི་མཆེ་སྡེར་དང་ཞེ་འཁོན་གྱི་མེ་ལྕེ་སྙིང་ལ་སྒོམ་ཐེངས་རེར། སང་ཉིན་གསོན་པགས་བཤུས་ནས་གློ་སྙིང་དམར་འདོན་བྱེད་པ་ལས་ཀྱང་ཐུ་བའི་མནར་གཅོད་འཁུར་དགོས་པར་ཚོད་དཔག་བྱས་ན་ཤེས་ཐུབ། ཁོའི་སྙིང་ཁུ་ཚུར་འདྲ་བོ་རྡིག་རྡིག་ཏུ་འཕག་ཅིང་སེམས་སྨུག་པ་འདྲ་བོ་ལང་ལོང་གཡོ། ཁོའི་དབུགས་རེ་རེ་ལྷེམ་པ་ནི་དམྱལ་བའི་སྒོ་ཆེན་གྱི་ཕྱོགས་སུ་གོམ་པ་རེ་རེ་སྤོས་པ་དང་གཅིག་མཚུངས་རེད། ཁོས་དཔའ་བོ་གདུང་གཏུག་བྱས་ཏེ་སྟོབས་ཆེན་ལག་ཆེ་དང་བཙན་ནག་རྫ་མ་མགོ་སོགས་ལ་སྟག་རོ་གཡག་རོ་མ་བྱས་པར་འགྱོད་པ་གཏིང་ནས་སྐྱེས་འོང་། དེར་བསྟུན་ཐང་རྩེས་རང་ཉིད་གཡོ་འཚོང་བྱས་པར་ཚིག་པ་གཏིང་ནས་ཟོས། ད་དུང་ལྷ་མཚོ་ཁོ་གཉིས་ལ་གོང་བའི་ནང་ནས་གཏམ་བཤད་རེས་དང་ཕུ་རུང་ནང་ནས་ཟས་སྦྱིན་རེས་བྱེད་པའི་འབྲེལ་བ་ཞིག་མེད་ཀྱང་། ཕན་ཚུན་མིག་འོད་བརྒྱུད་དེ་དྲོད་ལམ་ལམ་གྱི་ཁ་བརྡ་བྱས་མྱོང་ལ། ཁ་མཚར་ཀུ་རེའི་ལམ་ནས་འགྲོག་འདྲིས་ཀྱི་ཞེ་འདང་ཆགས་ཡོད་པས། ཁོ་རང་གནས་བབས་འདི་འདྲ་ཞིག་ཏུ་ལྷུང་བར་བརྡ་ཞིག་བཏང་ན་འགྲིག་སྙམ། ཉི་ཁྲི་རྙི་རུ་ཚུད་པའི་རི་དྭགས་དང་གཤོག་པ་ཆད་པའི་བྱ་རྒོད་བཞིན། འཆི་བདག་གི་རལ་གྲི་སྲོག་རྩ་རུ་ཉེ་བའི་དངངས་སྐྲག་ཚོར་ནའང་། ཁེར་ཧྲེང་དང་མགོན་མེད་ངང་འོ་དོད་འབོད་པ་ལས་ཐབས་ཤིག་གང་ན་ཡོད། ཁོས་ཡང་བསྐྱར་རང་གི་གླེན་ཚུགས་དང་ང་རྒྱལ་ལ་འཁང་ར་བྱས། ཐང་རྩེ་དང་སྟོབས་ཆེན་གཉིས་ནི་གཅིག་རྒྱབ་གཅིག་དང་རྫ་རྒྱབ་གངས་ཡིན་པའི་མག་སྐུད་ཡིན་པ་ཤེས་བཞིན་དུ། ཁོ་དེ་ཚང་ནས་བསྡད་པ་ནི་སྤྱང་ཀིའི་ཚང་སྒོ་ནས་རྭ་མས་ཆར་གཡོལ་བྱས་པ་རང་རེད། ཡང་གཅིག་བཤད་ན་བེ་བཟའ་ལྷ་མཚོ་ནི་ཡག་མོ་སྒོ་ཙམ་མ་ཟད་ཁོག་དཔང་དང་ལ་རྒྱ་ཅན་ཞིག་མིན་ན་ཀུན་གྱིས་གླེང་གཞི་ཞིག་ག་ལ་ཡིན། མོས་ཁོ་དང་རང་གཉིས་ཀྱི་འབྲེལ་བ་ཐན་ཐུན་ཞིག་གི་ཕྱིར་ཚེ་གཅིག་གི་ཚེ་རོགས་བཙོངས་ནས་ཕ་མེས་ཀྱི་གདོང་ལ་དྲི་མག་བགོ་ག་ལ་སྲིད། ཁོས་ཡི་མུག་ངང་དེ་ལྟར་དྲན་ཞོར། ཡི་མུག་གི་ཁྲོད་ནས་ད་ལྟའི་རེ་བ་གཉིས་ལ་རེ་ལྟོས་མི་བྱེད་ཐུ་མེད་དུ་གྱུར་སོང་། རེ་བ་གཅིག་ནི་ཁོས་ཆོས་སྐྱོང་ལ་གསོལ་བ་འདེབས་བཞིན་རང་ཉིད་ཉེན་ཁ་ལས་སྐྱོབ་རྒྱུ་དེ་རེད། ཁོའི་ཕ་མེས་ཡང་མེས་ནས་མཆོད་པའི་ཆོས་སྐྱོང་མྱུར་མགྱོགས་ཅན་དེས་ཁོ་ལ་གདོང་གྲོགས་བྱེད་པར་ཡིད་ཆེས་ཡོད། ཁོ་རང་དཔའ་བོ་ཁེར་རྒྱུག་གིས་མཁར་ཤུལ་དཔོན་ཚང་གི་རྟ་འདེད་པར་འོང་བའི་ལམ་བར་དུ། ཕོ་རོག་གཉིས་དང་སྤྱང་ཀི་གསུམ་ལུས་དང་གྲིབ་མ་བཞིན་ཁོའི་རྗེས་སུ་འབྲལ་མེད་འབྲངས་བ་དེ་དོན་དངོས་ཆོས་སྐྱོང་སྲུང་མའི་ཁ་འཛིན་ལོས་ཡིན། གཞན་གཅིག་ནི་ཁོའི་ཤ་ལས་ཆད་པའི་བུ་ཆུང་དེ་ཁྱུང་སྒོ་ངའི་ནང་ནས་གཤོག་རྩལ་རྒྱས་པ་བཞིན་མྱུར་དུ་མཚར་ལོངས་བྱུང་དེ། མཁར་ཤུལ་དཔོན་ཚང་གི་སྦྲ་ཆེན་སྨུག་འཛོང་བྱམས་ཡག་མེ་མདའི་ཁ་ནས་ཁྲོལ་ཚགས་བཞིན་ཐེར་ཚལ་སྦ་ཚལ་བཞིན་གཏོང་རྒྱུ་དེ་རེད། གང་ལྟར།མཚན་མོ་དེ་ཤིན་དུ་རིང་། ཡང་ན་ཤིན་དུ་ཐུང་།
ཉིན་དེར། གནམ་ངོ་རུབ་འདུག་ལ། འཚུབ་མ་ནག་པོ་ཞིག་གང་སར་སྐོར་རྒྱུག་བྱེད་ཀྱིན་འདུག
“ཚེ་རིང་རྒྱུ་ཚོ། ངའི་མིག་གཉིས་མ་བླངས་ན་ཆོག་གམ”རྡོ་བ་ཉི་ཁྲིས་མཐའ་མཇུག་གི་རེ་བ་བཏོན་བྱུང་།“ང་ཉི་ཁྲི་ས་གྲགས་གནམ་གྲགས་ཡིན་རུང་། འཆར་ནུབ་ཉི་ཟླ་གཉིས་དང་།ཞིག་རལ་རྡོ་རྗེ་བྲག་ལ་ཡོད། ང་གཡུ་འབྲུག་སྔོན་མོ་ཐང་ལ་ལྷུང་བའི་ཉིན་མོ་འདི་རེད། དེ་རིང་གཉོམ་ཆུང་བ་དུད་འགྲོ་དང་སྐེ་ཕྲ་བ་ཡི་དྭགས་རེད། མུག་སྲོག་རྟ་རྔ་འདྲ་བོ་ཁྱོད་ཚོའི་ལག་ན་ཡོད་པ་འདི་རེད། གསོད་རུང་གཏུབ་རུང་ཁྱོད་ཚོའི་ལག་རེད། གལ་ཏེ་གསོན་པོར་བསྐྱུར་ན་མིག་གཉིས་མ་ལེན་རོགས། དེ་མིན་ཅི་བྱེད་ཁྱོད་ཚོར་གསལ། ཁ་ནས་ཨ་ཚ་ཚིག་གཅིག་ཤོར་ན། ངས་ཕ་རྒྱུད་ཀྱི་རུས་པ་ཁྱི་སྔུན་ལ་འཕངས་པ་ཡིན། “ཧ་ཧ། ད་རུང་བཤད་རྒྱུ་མང་གི དམྱལ་བའི་ཁྲིམས་མདུན་ན་ཡར་ཞུ་མེད་པ་དང་། གཤིན་རྗེ་གྲི་ཁ་ན་གྲོས་སྡུར་མེད་པ་མ་ཐོས་སམ།” སྡེ་དཔོན་བཙན་རྗེ་སྐྱབས་ཀྱིས་ཧབ་བགད་རྫ་རི་ཉིལ་ཉིལ་དང་།སྡིག་མོ་རྐོ་མས་རྐོ་རྐོ་བྱས་བྱུང་། “ཁྱོད་ཀྱིས་ངེད་མཁར་ཤུལ་དཔོན་ཚང་གི་རྒྱབ་རི་བྲག་དཀར་གྱི་རྩེ་མོ་ལ་མདའ་རྟགས་བཞགམདུན་ཐང་ན་ཁྲ་ཕྱུག་མོ་ལ་རྟ་ཤར་བཏང་། ངེད་ཚང་གི་རྟ་ཕོ་རི་དྭགས་འདྲ་བ་བརྒྱད་པོ་ཁྲ་ཡིས་བྱེའུ་སྒུམ་སྒུམ་དང་སྤྱང་ཀིས་ལུག་ཁྱུ་བདའ་བདའ་བྱས་སོང་བ་ཨེ་དྲན། དེས་མི་ཚད་ཁྱོད་ཀྱིས་ངེད་དཔོན་ཚང་གི་ལྷ་རྟ་ཁྲི་སྐྱིད་ཀྱི་གོང་ནས་ཡོབ་འགྱུར་རྒྱག་གིན། རྫ་དྲེལ་དྲེད་ཕྲུག་གི་རི་འདབས་ནས་ང་མཁར་ཤུལ་བཙན་རྗེའི་སྐྱབས་ཀྱི་བླ་ཡས་ཐང་ལ་འཕངས་པ་ཨེ་དྲན། ཧ་ཧ། ད་རུང་བཤད་རྒྱུ་མང་པོ་འདུག ངའི་བླ་ཤའི་ནང་གི་ཞ་མདའ་གཤོག་དྲུག་ལོ་དུ་ལ་འཁུར་བ་ཨེ་ཤེས། ན་ནིང་བཏབས་པའི་འབྲས་བུ་ད་ལོ་རང་ལ་སྨིན་པ་རེད། དེ་རིང་གཤིན་རྗེའི་རལ་གྲི་ལ་ཡར་ཞུ་མེད་པ་ཤེས་པར་གྱིས”ཞེས་བཤད་བྱུང་།
རྡོ་བ་ཉི་ཁྲིའི་ཡན་ལག་ཕུར་བ་བཞི་ལ་བཏགས་ནས་ཕྱོགས་བཞིར་བརྒྱངས། བྲང་ཁ་རུ་ཆུ་རྡོ་སྒྱོ་བ་གང་བཞག་ཙ་ན།མིག་སྐར་ཆེན་འདྲ་བ་དེ་ཕྱི་རུ་འབུར་ཞིང་བར་མཚམས་མེད་པར་མིག་ཆུ་བཞུར་གིན་འདུག བྲང་ཐོག་གི་སྒྱོ་བ་ཇེ་ལྕི་ནས་ཇེ་ལྕིར་སོང་བ་དང་བསྟུན། མིག་རྡོ་གཉིས་པོ་རིམ་གྱིས་ཇེ་ཆེ་དང་ཇེ་འབུར་དུ་གྱུར། མཇུག་མཐར་ཆུ་རྡོ་སྒྱོ་བ་གང་བོས་ཉི་ཁྲིའི་བྲང་ཁོག་དང་དབུགས་ཀྱིས་ཐེགས་ཐབས་མེད་པར་མིག་རྡོ་གཉིས་པོ་ངང་ལོག་གེར་ཕྱི་ལ་འཇུར་བྱུང་།
“ཉི་ཁྲིའི་སྒོང་ང་བཏང་བྱུང་། ཧ་ཧ། ”སྟོབས་ཆེན་གྱི་དགོད་སྒྲ་ལ་སྐྱིད་སྣང་གིས་ཁེངས་འདུག
དཔོན་བཙན་རྗེ་སྐྱབས་ཀྱིས་རུམ་ནས་མཐའ་ཁ་བརྡར་ནས་གྲི་ལྟར་རྣོ་བའི་དཔྱ་ཡི་ཁེམ་བུ་ཞིག་བླངས་ཏེ། མར་རྐོག་ལས་མར་བཞར་བ་བཞིན་ཉི་ཁྲིའི་མིག་རྡོ་གཉིས་རེ་རེ་བཞིན་བསྐོར་ཏེ་མིག་སྒམ་གྱི་རྩ་ནས་བལ། དེ་ནི་ནམ་མཁའི་སྐར་ཆེན་གཉིས་ཐང་ལ་ལྷུང་བ་དང་འདྲ། མི་འདྲ་ས་ཞིག་ཡོད་པ་ནི་ནམ་མཁའི་སྐར་མ་ལྷུང་ཤུལ་ན་མི་རྟ་མང་པོའི་ཁྲག་རྗེས་ཡོད་མི་སྲིད་པ་དེ་རེད།
ཉི་ཁྲིས་ཨམ་གཙིགས་ཐམ་ཐམ་བསྡམས་ནས་འཁུན་སྒྲ་སྒྲོག ཁྲག་གིས་གཡོག་པའི་མིག་རྡོ་གཉིས་པོ་ད་རུང་ས་ངོས་ན་ཞེ་སྡང་གིས་འཕག་གིན་འདུག སྟོབས་ཆེན་གྱིས་རླངས་པ་ཐོལ་ཐོལ་གྱིས་གདུ་བཞིན་པའི་མར་ཁུ་ལྕགས་ཐོམ་གང་ཁྱེར་འོང་། “ཧ་ཧ་་་ཉི་ཁྲིས་སྒོང་ང་བཏང་ཚར་བས་ལྟོག་ཡོད་ན་ཐང་། ད་མར་ཁུ་འཐུངས”ཟེར་ནས་མིག་བླངས་ཤུལ་དུ་སྙིང་རྗེ་མེད་པར་མར་ཁུ་བླུགས་བྱུང་། བཤད་སྲོལ་ལྟར་ན། མིའི་མིག་བླངས་ན་ཤུལ་དུ་རྡོག་ལམ་ཆོད་ཐུབ་པའི་མིག་རྡོ་ཆུང་ཆུང་རེ་སྐྱེ་ཐུབ། འོན་ཀྱང་མིག་བླངས་རྗེས་དེའི་ཤུལ་དུ་མར་ཁུ་ཚ་མོ་དེ་བླུགས་ན་ཕྱིས་འབྱུང་མིག་སྐྱེ་མི་སྲིད་པར། མ་ཤི་བར་དུ་རྡོག་ལམ་ཙམ་ཡང་མི་ཆོད་པར་ནག་དུབ་བེར་འདུག་དགོས་ཟེར།
རྡོ་བ་ཉི་ཁྲི་བརྒྱལ་བ་ལས་སོས་རྗེས། ཁོང་ཁྲོ་དང་ན་ཟུག་བཟོད་མེད་ངང་མ་ཁམ་སོ་ལ་བརྡབས་ནས་ཁྲག་ཀྱང་བཞུར་གིན་འདུག མིག་སྒམ་གཉིས་ཀྱི་ནང་སྣུམ་བསྲག་བྱས་ཚར་བས་ནག་དོང་ངེར་འདུག་པ་ལས་ཁྲག་བཞུར་འཚམས་ཆད་འདུག ས་ངོས་ན་དབུགས་ཀྱི་རྒྱུ་བ་ཆད་པ་ལྟ་བུའི་མིག་རྡོ་གཉིས་འགུལ་མེད་དུ་གྱུར་འདུག རྟ་ལུང་ལ་ནུབ་རུབ་ན་ཁྱི་ལུང་ལ་ནམ་མཁའ་གསལ་ཞེས་པའི་དཔེ་བཞིན། ཤ་སྦྲང་མང་པོས་ཟིར་སྒྲ་དང་བཅས་མིག་རྡོ་ལ་ཧབ་ཐོབ་བྱེད་གིན་འདུག
“ཧ་ཧ། ཇི་འདྲའི་མིག་ཆེན་པོ་ཞིགའདི་ཉི་ཁྲིའི་མགོ་ལྐོག་ནང་ཇི་ལྟར་ཤོང་བ་རེད། ངས་གནའ་ཟིག་ནས་མིག་འདི་གཉིས་ལེན་ན་འདོད་ཡོད། མི་འདི་ལ་མིག་གསུམ་ཡོད་ན་ཐབས་རྡོ་བྱས་ཀྱང་ཆུང་མི་འདུག དེའི་སྟེང་དུ་ཁོའི་ཀླད་ཀོག་བཀོག་ནས་བསྐྱོན་ཞིང་། དེའི་ནང་དུ་ཁོའི་མི་རབས་མི་རྒྱུད་ཀྱི་ཀླད་ཞོ་བསྐོལ་ན་མཚར་རྒྱུ་རེད”ཅེས་སྙིང་ཁ་ཚལ་བ་དགུ་རུ་གས་པར་བྱེད་པའི་སྐད་ཆ་དེ་དག་གིས་ཉི་ཁྲི་མ་ཤི་གསོན་པོར་དམྱལ་བར་གཡུག་པ་དང་འདྲ། ལྷག་པར་དུ་“ངས་གནའ་ཞིག་ནས་མིག་འདི་གཉིས་ལེན་ན་འདོད་ཡོད”ཅེས་པའི་སྐད་ཆ་དེ་དག་ནི་གཏན་ནས་བཟོད་ཐབས་བྲལ་བ་ཞིག་རེད། རྡོ་བ་ཉི་ཁྲིའི་ཁ་རུ་སུ་ཡིན་མི་ཤེས་པའི་མི་ཞིག་གིས་རྩམ་ཁུ་ཞིག་ལྡུད་གིན་འདུག ཁོས་རྩམ་ཁུ་ཁམ་བུ་གང་རེ་སྒོག་སྒོག་གིས་མིད་ཀིན་པ་ལས་མི་དེ་སུ་ཡིན་པར་དོ་སྣང་བྱེད་འདོད་མི་འདུག་ལ། མི་དེས་ཀྱང་སྐད་ཆ་ཚིག་གཅིག་ལབ་པར་འདོད་ཀྱིན་མེད་པ་འདྲ། ཕྱི་དྲོ་ཡོལ་ཚར། ཁོའི་སེམས་ལ། འཇིག་རྟེན་གྱི་ལ་སྐེད་ན་ནུད་ཀྱིན་པའི་ཉི་མ་ནི་ཁྲག་ཟད་ནུས་མེད་གྱུར་ཏེ་དམར་ལམ་ལམ་གྱིས་ཁོ་ལ་གྱེས་བརྡ་གཏོང་བཞིན་ཡོད། གང་ལྟར།ཉི་མ་ལ་ཕྱིར་ལྡོག་མེད་པ་ཁོས་གསལ་བོར་ཚོར་ཡོད། ལོ་འགའི་ཡར་སྔོན་དུ་ཁོས་གྱོད་རྙིང་ཞིག་གི་རྨ་ཁ་ཡང་བསྐྱར་སྔོག་པའི་དུས། རྨ་ཁ་དེ་ལས་ཁྲག་དམར་ལྷོག་ལྷོག་བཞུར་བ་ལྡོག་ཐབས་མེད་པར་བསམ་གཞིག་གཏོང་མ་མྱོང་ལ། དེ་ནི་རྩྭ་ཐང་གི་མི་སུ་ཡིན་ཡང་བསམ་གཞིག་གཏོང་མི་སྲིད། ཡིན་ནའང་། ཁྲག་དྲོན་དེ་རྡོ་བ་ཉི་ཁྲིའི་སྐར་ཆེན་འདྲ་བའི་མིག་ཟུང་ལས་བཞུར་དགོས་བྱུང་སོང་།