༄༅། །ངའི་དམག་སྤྱི་ལྭ་སེར་ཅན་དེ།

དུ་བ། (གསེར་རྟ།)

དཔའ་བོའི་མི་རབས་ཤིག་གི་དམག་སྤྱི་ཁྱོད།།
སྤྲིན་པའི་ཕར་རྒྱབ་དེད་ནས་གང་དུ་སོང་།།
སྤྲིན་པའི་ཕར་རྒྱབ་དེ་ཡི་ཕར་རྒྱབ་ན།།
འབྲོང་གི་རྒྱལ་རབས་ཞེས་པ་ཨེ་འདུག་ལགས།།
རྟ་ཕོ་རྔ་མདུད་ཅན་དེའི་གོང་ལ་བཅིབས།།
གོས་ཆེན་ལྭ་སེར་ཅན་དེ་ཐོག་ཏུ་མནབས།།
གཡོན་ལག་སྲབ་མདའ་ཐོག་ཅིང་གཡས་ལག་གིས།།
བརྒྱ་ལ་མཚམས་འདྲི་གཏོང་བའི་མི་དེ་དྲན།།
ལོ་བརྒྱའི་མཐའ་ནས་བལྟས་ན་སེར་ལམ་མེར།།
རི་བོ་གངས་ཀྱི་མཚམས་ནས་མངོན་པ་ཁྱོད།།
ཕྱི་ལག་རྒྱབ་ལ་སྤྲད་ནས་ནུབ་མོ་དེར།།
ཕྱིར་འོང་མེད་པར་རྟ་ཁ་གཅུ་དོན་ཅི།།
ཁྱེད་རང་འགྲོ་ཚུལ་སེམས་སུ་གསལ་བོ་ཡིན།།
འགྲོ་ཁའི་གཏམ་ཡང་ཞེ་རུ་གོ་ནས་ཡོད།།
རྒྱང་ཐག་གང་ལ་ཆས་པའི་སྐྱེས་ཕོ་ལགས།།
ཞེ་གཏམ་ལོག་ལོག་འཆད་སའི་ཨ་ཕ་ཡིན།།
རུས་པ་སྲ་མོའི་ལྕགས་ཤིག་ཡིན་སྣང་ཤར།།
ཞེ་རྩ་བརྟན་པོའི་རྡོ་ཞིག་ཡིན་སྣང་དྲན།།
དམ་བཅའ་སྲོག་ལ་བྲིས་པའི་དམག་སྤྱི་ཁྱོད།།
སྤྲིན་ལ་ཁ་ལོ་བྱེད་དུ་སོང་ངམ་ཅི།།
མཚན་མོ་རེ་རེར་ང་ཡི་དམག་སྤྱི་ཡིས།།
ལག་ཏུ་འཆི་ཁའི་དམ་ཚིགས་སྲུང་བཞིན་དུ།།
ནུབ་ལྭ་ནག་པོ་དབུལ་བའི་སྐུ་ཉིད་ལ།།
འབྲོང་གི་རྭ་རྩེད་བསྡུར་བ་ཡང་ཡང་དྲན།།
མཚན་མོ་རེ་རེར་ང་ཡི་དམག་སྤྱི་ཡིས།།
འཆི་བའི་མདུན་དུ་འགྲེང་ནས་མིག་ཞགས་ལས།།
ལག་དམར་འདི་གོ་ཞེས་པའི་བརྡ་རྟགས་ཤིག།
ང་ཡི་སྙིང་ལ་བརྡབ་ནས་སོང་བ་དྲན།།
མཚན་མོ་རེ་རེར་རྨི་ལམ་མང་པོ་དྲན།།
རྨི་ལམ་ནང་གི་མི་རབས་དེ་ཚོ་དྲན།།
དེ་ཚོའི་སྔོན་གྱི་དམག་སྤྱི་རྟ་ནག་ཅན།།
ཁྲབ་སེར་གྱོན་པའི་མི་དེ་ལྷག་ཏུ་དྲན།།
ཕྱི་ལོ་༢༠༡༧ཕྱི་ཟླ་༦ཚེས་༡༧ ཞོགས་པར།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།