བོད་ཁམས་ཡོངས་ན་མཚན་སྙན་ཤིན་ཏུ་ཆེ་བའི་གསེར་ལྗོངས་བླ་མ་རུང་ངམ། གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་འདི་ནི་༸འཇིག་རྟེན་ཞི་བདེའི་དེད་དཔོན་འཕགས་མཆོག་ཕྱག་ན་པདྨོ་༸གོང་ས་སྐྱབས་མགོན་རྒྱལ་མཆོག་སྐུ་འཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་ཞལ་སྔ་ནས་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ཞེས་བསྔགས་པའི་རྡོ་གྲུབ་སྐུ་འཕྲེང་གསུམ་པ་འཇིགས་མེད་བསྟན་པའི་ཉི་མའི་ཡབ། བླ་མ་རྒིས་གཏེར་རམ། གཏེར་ཆེན་ཁྲག་འཐུང་བདུད་འཇོམས་གླིང་བས་རབ་བྱུང་བཅོ་ལྔ་བའི་ལྕགས་འབྲུག ཕྱི་ལོ་༡༨༨༠ ལོར་ཐོག་མར་ཕྱག་འདེབས་གནང་བའི་རི་ཁྲོད་ཅིག་ཡིན། རི་ཁྲོད་འདི་ཕྱག་བཏབ་ནས་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་ཅེས་མཚན་གསོལ་ནས་རི་ཁྲོད་དེར་བཤད་སྒྲུབ་ཀྱི་སྲོལ་བཙུགས་ནས་འཁོར་སློབ་ཀྱི་འདུ་བ་འཕེལ་བ་དང་མཚན་སྙན་གྱི་གྲགས་པ་རྒྱས་ཏེ་བསྟན་འགྲོའི་དོན་རླབས་པོ་ཆེ་བྱུང་བ་མ་ཟད། དེ་དུས་སུ་བྱ་བྲལ་ཆོས་དབྱིངས་རང་གྲོལ་སོགས་རྣལ་འབྱོར་གྱི་དབང་ཕྱུག་མང་དུ་བྱོན་པ་མ་ཟད། འཇའ་ལུས་པ་བཅུ་གསུམ་སོགས་བྱུང་བར་གྲགས་སོ།། བར་ལམ་ཞིག་ནས་དགོན་དེ་འཐོར་ཞིག་ཏུ་གྱུར་ཀྱང་ཕྱིས་སུ་ཕྱི་ལོ་༡༩༨༠ ལོའི་སྤྲེལ་ཟླའི་ཚེས་བཅུ་ལ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གནས་འདིར་བྱོན་ནས་གཏེར་ཆེན་བདུད་འཇོམས་གླིང་བས་ཕྱག་བཏབ་པའི་སྔར་གྱི་དགོན་གནས་དེ་ཉམས་གསོ་མཛད་དེ་ཐོག་མར་བཤད་གྲྭ་དང་སྒྲུབ་གྲྭ་ཆུང་ངུ་ཞིག་བཙུགས་ཏེ། ཁོང་གཅིག་པུའི་ཞལ་སྔ་ནས་ཀྱིས་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་གནང་ནས་བཤད་སྒྲུབ་ཀྱི་བསྟན་པ་སླར་ཡང་དར་རྒྱས་སུ་མཛད་པ་དང་དུས་མཚུངས་སུ། ཕྱི་ལོ་༡༩༨༧ ལོར་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་བ་མཆོག་གིས་(གསེར་ཐང་བླ་རུང་དགོན་རིག་ལྔའི་ནང་བསྟན་སློབ་གྲྭ་)ཞེས་པའི་མཚན་ཐོབ་གནང་། སློབ་གླིང་འདི་ལ་སློབ་གཞུང་དཀྱུས་མ་དང་། མཚན་ཐ་དད་པ་དང་། རིགས་ཐ་དད་པ་གསུམ་དུ་དབྱེར་ཡོད་པ་དང་། དེ་ལས་གཞན་དཔའ་བོའི་གླིང་ལྔ། དཔའ་མོའི་གླིང་གསུམ། དགེ་བསྙེན་གྱི་གླིང་གཉིས་ཏེ་གླིང་བཅུར་དབྱེ་བ་དང་། ཡང་སྟོད་ན་ཤར་ཉེས་ཚོགས་རང་གྲོལ་གླིང་དང་། ལྷོ་འདོད་རྒུ་ཀུན་འབྱུང་གླིང་། ནུབ་སྣང་སེམས་དབང་སྡུད་གླིང་། བྱང་ཕྱོགས་་ལས་རྣམ་རྒྱལ་གླིང་། དབུས་དོན་གཉིས་ལྷུན་འགྲུབ་གླིང་བཅས་བཙུན་པའི་གླིང་ངམ། དཔའ་བོའི་གླིང་ལྔ་དང་། བར་ན་བདུད་ལས་རྣམ་རྒྱལ་གླིང་ཞེས་རྒྱ་ནག་སོགས་ཀྱི་སློབ་གཉེར་བ་དང་དགེ་བསྙེན་གྱི་གླིང་གཅིག སྨད་ན་ལྷན་སྐྱེས་ཆོས་སྐུའི་གླིང་། སྔགས་སྐྱེས་ལོངས་སྐུའི་གླིང་། ཞིང་སྐྱེས་སྤྲུལ་སྐུའི་གླིང་སྟེ་བཙུན་མའི་གླིང་ངམ། དཔའ་མོའི་གླིང་གསུམ་ཡོད་ལ། འདི་ལ་བཙུན་དགོན་སྐུ་གསུམ་མཁའ་འགྲོའི་འདུ་གླིང་ཞེས་ཀྱང་འབོད། དེའི་ཉེ་འཁོར་དུ་ལེགས་ཚོགས་ཆར་འབེབས་གླིང་ཞེས་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་དགེ་བསྙེན་གྱི་གླིང་གཅིག་བཅས་སློབ་གླིང་དེ་ཉིད་ཁྱོན་གླིང་བཅུ་ལས་གྲུབ་པར་ཆོས་སྡེ་འདིའི་ལོ་རྒྱུས་དག་དུ་གསལ། དང་བོ་གཞུང་དཀྱུས་མ་བ་དག་གི་སློབ་སྦྱོང་གི་རིམ་པ་ལ་ཡང་དང་བོ་ཐུན་མོང་རིག་གནས་ཀྱི་འཛིན་གྲྭ། གཉིས་པ་མཚན་ཉིད་འཛིན་གྲྭ། གསུམ་པ་རྒྱུད་སྡེའི་འཛིན་གྲྭ་བཅས་གསུམ་ཡོད། ཐུན་མོང་རིག་གནས་ཀྱི་འཛིན་གྲྭ་ལ་སྒྲ་རིག་པའི་འཛིན་གྲྭ་དང་། ཚད་མ་རིག་པའི་འཛིན་གྲྭ་སོགས་ཡོད། གཉིས་པ་མཚན་ཉིད་འཛིན་གྲྭ་ལ་མཛོད་དང་། འདུལ་བ། ཕར་ཕྱིན། དབུ་མའི་འཛིན་གྲྭ་སྟེ་བཞི་ཡོད། གསུམ་པ་རྒྱུད་སྡེའི་འཛིན་གྲྭ་ལ་བློ་སྦྱོང་དང་། གཞུང་བཤད། མན་ངག་གི་འཛིན་གྲྭ་སྟེ་གསུམ་ཡོད་ཅིང་། དེ་དག་གིས་སྒྲ་དང་ཚད་མ་སོགས་མདོ་སྔགས་བཀའ་བསྟན་སྤྱི་དང་། བྱེ་བྲག་ཏུ་གསང་ཆེན་སྔ་འགྱུར་བའི་མདོ་རྒྱུད་ཀྱི་བཤད་པ་རྩལ་ཏུ་བཏོན་ནས་གྲུབ་མཐའ་གཙང་མའི་རང་རྐང་འཛུགས་པར་བྱེད་དོ།།
བློ་སྦྱོང་འཛིན་གྲྭས་སྔོན་འགྲོའི་བློ་ལྡོག་རྣམ་བཞི་ནས་ཐུན་མིན་གྱི་སྔོན་འགྲོའི་བར་གྱི་རྒྱུད་སྦྱོང་བར་བྱེད་པའི་འབུམ་ལྔ་ཚད་ལྡན་གསོག་རྒྱུ་དང་། མན་ངག་འཛིན་གྲྭས་འོད་གསལ་རྫོགས་པ་ཆེན་པོ་གཙོ་བོར་གྱུར་པའི་རྡོ་རྗེ་ཐེག་པའི་མན་ངག་ཟབ་མོ་རྣམས་ལ་ཉམས་བཞེས་མཛད་དེ་སྙིང་བོའི་དོན་སྒྲུབ་པ་ཁོ་ན་ལ་གཞོལ། གླིང་འདིར་ཐོག་མར་འབྱོར་ཚེ་ཚུལ་ཁྲིམས་རྣམ་པར་དག་པ་གཞིར་བཅས་པའི་སྟེང་། སུམ་རྟག་སྙན་ངག་ནས་སྔོན་འགྲོ་བློ་སྦྱོང་དང་། འདུལ་གཞུང་ནས་བརྩམས་ཏེ་གཞུང་བཀའ་པོད་ལྔ་དང་། མདོ་སྒྱུ་སེམས་གསུམ་བཅས་ལ་མཐར་གྱིས་སློབ་གཉེར་བྱེད། ལོ་རེ་བཞིན་ལོ་མཇུག་ཏུ་འཆད་རྩོད་རྩོམ་གསུམ་གྱི་རྒྱུགས་དང་། བགྲོ་གླེང་དམ་བཅའ། ཡིག་ཐོག་དང་ངག་ཐོག་གཉིས་ཀའི་དྲི་རྒྱུགས། བློ་རྒྱུགས་བཅས་ཟླ་བ་གཉིས་ལྷག་གི་རིང་ལ་འཛིན་གྲྭ་སོ་སོར་རྒྱུགས་ལེན་ནན་པོ་བྱེད། དེ་ལྟར་ལོ་བཅུ་གཉིས་ཀྱི་རྗེས་སུ་རབ་ཀྱིས་མདོ་སྔགས་རིག་གཞུང་དང་བཅས་པ་དང་། འབྲིང་གིས་གཞུང་ཆེན་བཀའ་པོད་ལྔ་དང་། སྔགས་ཕྱོགས་འགའ་ཞིག་དང་། ཐ་མས་གཞུང་ཆེ་ཆུང་བཅུའི་སྟེང་ནས་རྒྱུགས་ལེགས་པར་འཕྲོད་ན། སློབ་གྲྭའི་མཚན་ཐོག་ནས་མཐར་ཕྱིན་ལག་ཁྱེར་སྤྲད་དེ་མཁན་པོ་རབ་འབྲིང་ཐ་མ་གསུམ་དུ་མངའ་གསོལ་རྒྱུ་ཡིན་ནོ།།
གཉིས་པ་མཚན་ཐ་དད་པའི་སློབ་ཚོགས་ནི། གོང་དུ་བཤད་པ་ལྟར་བཙུན་དགོན་སྐུ་གསུམ་མཁའ་འགྲོའི་འདུ་གླིང་སྟེ་འདི་རྣམས་ནི་འདུལ་གཞུང་ལས་གསུངས་པ་བཞིན་དང་བོ་དགེ་འདུན་ཕའི་ཚོགས་པ་ལས་རྒྱང་གྲགས་གཅིག་ཙམ་གྱི་མཐའ་ན་ཡོད་ཀྱང་ད་ལྟའི་ཆར་གྲྭ་བཙུན་གྱི་གྲངས་ཀ་སྔོན་མ་ལས་ཆེས་མང་དུ་སོང་སྟབས་རྒྱང་ཐག་དེ་ཙམ་མེད། དེ་དག་ལ་འཛིན་གྲྭ་གོང་འོག་གཉིས་ལས་འོག་མ་བ་དག་གིས་འབྲི་ཀློག་སྦྱོང་། གོང་མ་རྣམས་ཀྱི་འཛིན་གྲྭའི་རིམ་པ་ནི་སློབ་གཞུང་དཀྱུས་མ་དང་མཚུངས། འདི་རྣམས་ལ་འདུལ་གཞུང་ནས་བཤད་པའི་མཚན་ཉིད་དང་ལྡན་པའི་གནས་བརྟན་དག་བསྐོ་བཞག་བྱས་ཏེ་ཐོས་བསམ་སྒོམ་པ་ལ་བར་མེད་དུ་བརྩོན། གླིང་གསུམ་པོའི་དགོན་བདག་ནི་མཁའ་འགྲོ་མི་འགྱུར་དཔལ་གྱི་སྒྲོལ་མའི་རྣམ་སྤྲུལ་རྗེ་བཙུན་མ་མུ་མཚོ་ཉིད་ཡིན་ནོ།། གསུམ་པ་རིགས་ཐ་དད་པའི་སློབ་ཚོགས་ནི། བདུད་ལས་རྣམ་རྒྱལ་གླིང་ངམ། རྒྱལ་སྤྱིའི་ཆོས་སློབ་ཁང་ཞེས་རྒྱ་ནག་དང་སོག་པོ་སོགས་མི་རིགས་ཐ་དད་པའི་སློབ་མ་རྣམས་དང་། རྒྱ་ནག་སྐམ་ས་ཆེན་མོའི་ཞིང་ཆེན་ཉི་ཤུ་ལྷག་ཙམ་ནས་ལྷགས་པའི་བཙུན་པ་བཙུན་མ་དགེ་བསྙེན་སོགས་བརྒྱ་ཕྲག་མང་བོས་རྒྱུན་དུ་བོད་ཀྱི་སྐད་ཡིག་སྦྱོང་བ་དང་། རྒྱ་ནག་གི་སྐད་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལ་འཆད་ཉན་དང་སྒོམ་སྒྲུབ་ལ་བརྩོན་བཞིན་པ་ཡིན། གཞན་ཡང་རྒྱ་ནག་གི་གྲོང་ཁྱེར་པེ་ཅིན། ཧྲེང་ཧེ། ཐེན་ཅུན། ནན་ཅུན། ཧྲིན་ཀྲིན། ཀྭང་ཀྲོའུ། སོའུ་ཀྲོའུ་སོགས་ནས་ཤཱཀྱའི་དགེ་བསྙེན་མང་བོ་དག་མེ་ཏོག་ལ་བུང་བ་འཁོར་བ་བཞིན་དཀའ་ཚེགས་གང་ལའང་མི་འཛེམས་པར་གནས་འདིར་འོང་ནས་དམ་པའི་ཆོས་ཀྱི་བགོ་སྐལ་ནོད་པར་བྱེད་པ་དང་། དེ་དག་གི་ནང་དུ་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པའི་མཐོ་རིམ་ཤེས་ཡོན་པ་ཡང་ཧ་ཅང་མང་། དེ་བཞིན་དུ་ཨ་རི་དང་། ཤིན་ཅ་པོ། ཁྲོ་ཤན། རྒྱ་གར། འབྲུག་དང་ཧིན་དྷི་ཉི་ཞུ་ཡ་སོགས་ཕྱི་རྒྱལ་གྱི་སློབ་གཉེར་བ་དག་ཀྱང་སྔ་ཕྱིར་འདི་གར་འོང་སྟེ་སློབ་གཉེར་མཛད་བཞིན་ཡོད། སློབ་གླིང་འདིའི་བསྟན་བདག་དང་དགེ་བསྐོས་སོགས་ནི། ཆོས་རྗེ་འཇིགས་མེད་ཕུན་ཚོགས་དཔལ་བཟང་བོ་མཆོག་དབུ་མཛད་དེ་གཞན་འཛིན་གྲྭ་སོ་སོའི་མཁན་པོ་རྣམས་ཀྱིས་རྒྱལ་བསྟན་རིན་པོ་ཆེ་བཤད་པ་དང་སྒྲུབ་པས་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་བདག་གིར་མཛད་པ་དང་། ད་ལྟའི་ཆར་ཡང་མཁན་ཆེན་རྣམ་པ་གཙོ་བོར་གྱུར་པའི་ཁོངས་སོསོའི་ལས་སྣེ་བ་དག་གིས་ཐུགས་འགན་རྐང་བཞེས་ཀྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱས་དང་བྱེད་མུས་སུ་མཆིས། ཐུགས་མཐུན། ཁྲིམས་གཙང་གི་སྒོ་ནས་སྤོང་ཀློག་གི་བྱ་བར་ལྷོད་མེད་དུ་བརྩོན་དགོས་པའི་ཁྲིམས་གསུམ་པོ་དེར་ལྟ་རྟོག་གནང་མཁན་དགེ་བསྐོས་དང་། སློབ་གཉེར་དོ་དམ་ཚོགས་པ། དཔལ་འབྱོར་ལས་གཉེར་བ། གཞན་ཡང་སྨན་པ་དང་། རྩིས་གཉེར་བ། གཙང་སྦྲ་བ། བྱང་འདྲེན་པ། མཆོད་དཔོན་སོགས་ཀྱང་བདམས་ཏེ་སྐོ་བར་བྱེད་པའི་སྲོལ་ཡོད། གཙུག་ལག་ཁང་སོགས་ནི། དགེ་འདུན་པ་ཚོགས་ལ་མི་ཉིས་སྟོང་ཙམ་ཤོང་བའི་གཙུག་ལག་ཁང་དང་། མཚན་ཐ་དད་པ་རྣམས་ལ་བཙུན་མ་སུམ་སྟོང་ཙམ་ཤོང་བའི་འདུ་ཁང་དང་། རིགས་ཐ་དད་པ་རྣམས་ལ་སློབ་མ་ལྔ་བརྒྱ་ཙམ་ཤོང་བའི་སློབ་གཉེར་ཁང་། ཐུན་མོང་དུ་དགེ་འདུན་ཁྲི་གཅིག་ཙམ་བཞུགས་སུ་རུང་བའི་ཀུན་དགའ་ར་བ་དང་། དཔལ་བསམ་ཡས་གཙུག་ལག་ཁང་ཉམས་གསོའི་སྣ་སེལ་དུ་བཞེངས་པའི་ལྷ་ཁང་བཅས་བསྐྲུན་ཡོད། དཔེ་མཛོད་ཁང་དུ་བཀའ་འགྱུར་རོ་ཅོག་དང་། གྲུབ་མཐའ་སོ་སོའི་མཁས་གྲུབ་རྣམས་ཀྱི་གསུང་འབུམ་སོགས་བཞུགས་ལ། དཔར་ཁང་དུ་ཆོས་རྗེ་འཇིགས་མེད་ཕུན་ཚོགས་དཔལ་བཟང་བོའི་གསུང་འབུམ་གཏམ་ཚོགས་སྐོར་དང་། གཞུང་འགྲེལ་དང་མན་ངག་སྐོར་བཅས་ཀྱི་དཔར་ཤིང་བཞུགས། གྲྭ་ཁང་སུམ་སྟོང་དུ་ཉེ་བ་ཡོད་ལ། རྒྱུན་བཞུགས་དགེ་འདུན་གྱི་གྲངས་ཀྱང་དེ་ཙམ་ཡིན་ཞེས་དཀར་མཛེས་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་ལས་བཤད། འདིར་རྒྱུན་བཞུགས་དགེ་འདུན་གྱི་གྲངས་བཤད་པ་སོགས་གོང་དུ་བཀོད་པ་དག་ནི་ཕལ་ཆེ་བ་ཕྱི་ལོ་༡༩༩༠ ཡས་མས་ཀྱི་སྐབས་ཡིན་ནམ་སྙམ་སྟེ། དེང་དུས་ལ་མཚོན་ན་རང་རེ་བོད་ཡུལ་ཆོལ་ཁ་གསུམ་ནས་ཕེབས་པའི་གྲྭ་བཙུན་གཅིག་ཁྲི་ལྷག་དང་། དགེ་བསྙེན་ཉིས་སྟོང་ལྷག་ཙམ་དང་། ཕྱི་གླིང་དང་རྒྱ་ནག་གི་ཡུལ་གྲུ་སོ་སོ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་བོ་གཏན་སྡོད་བྱས་ཡོད་པར་ཕྱིས་ཀྱི་ནང་བསྟན་སློབ་གླིང་འདིའི་ལོ་རྒྱུས་རྣམས་སུ་གསལ་བ་དོན་གནས་སུ་སྣང་ངོ་།། དུས་མཆོད་རྒྱུན་སྲོལ་གྱི་སྐོར་ལ། ཟླ་རེའི་ཡར་ངོའི་ཚེས་བཅུ་ལ་མི་ཕམ་རིན་པོ་ཆེའི་རྒྱུན་ལུགས་འཇམ་དཔལ་གྱི་ཚོགས་མཆོད། ཚེས་ཉེར་ལྔ་ལ་ལས་གླིང་གཏེར་བྱོན་མཚོ་རྒྱལ་ཐུགས་སྒྲུབ་རེ་དང་། ཡར་ངོ་དང་མར་ངོའི་ཚེས་བཅོ་ལྔ་ལ་ཀུན་གཟིགས་མི་ཕམ་པའི་སྨན་ལྷའི་མཆོད་ཆོག་དང་། དུས་ངེས་ཅན་དུ་བྱ་བའི་མཐུན་པའི་གསོ་སྦྱོང་དང་། གཞན་ཆོས་སྐྱོང་གི་གསོལ་མཆོད་རྒྱུན་ཆགས་པ་ཙམ་ལས་ཆེར་མེད། འཚོ་རྐྱེན་དང་གཏོང་སྒོའི་ཡོན་གྱི་འབྱུང་གནས་ནི་སོ་སོའི་ཁྱིམ་མི་རྣམས་དང་། སྦྱིན་བདག་གཞན་རྣམས་ཀྱིས་རང་མོས་ཀྱིས་ཕུལ་བའི་རྫས་དང་། ཕྱི་རྒྱལ་ནས་ཀྱང་མཐུན་རྐྱེན་ཅི་རིགས་པ་སྦྱོར་བཞིན་ཡོད་པ་རྣམས་སོ།། མཁན་ཆེན་དམ་པ་ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་ཐུགས་བསྐྱེད་དུས་སུ་སྨིན་པའི་མཛད་འཕྲིན་ལས་བྱུང་བའི་ཆོས་སྡེ་ཆེན་པོ་འདི་ཉིད་ནི་བོད་ཡུལ་ལ་མཚོན་ན་སློབ་གཉེར་གྱི་བསྟི་གནས་ཆེ་ཤོས་ཤིག་དང་ལྷག་པར་དུ་མདོ་དབུས་ཁམས་གསུམ་གཙོ་བོར་གྱུར་པའི་ཡུལ་ལུང་འདྲ་མིན་ནས་ཕེབས་པའི་གྲྭ་བཙུན་དགེ་བསྙེན་སོགས་ནང་ཆོས་དོན་གཉེར་བ་ཁྲི་སྟོང་མང་བོ་པདྨའི་ཚལ་ལ་བུང་བ་བཞིན་འདུས་སྡོད་བྱས་དང་བྱེད་བཞིན་ཡོད་པ་དང་། ཆོས་རྗེ་མཆོག་གི་གསུང་ལས་སྐྱེས་པའི་སློབ་མ་ཡང་ལྔ་རིག་སྨྲ་བའི་མཁས་པ་དང་། འདུལ་བ་འཛིན་པའི་མཁན་ཆེན། སྐད་གཉིས་སྨྲ་བའི་ལོ་ཙ་བ་སོགས་ཇི་སྙེད་ཅིག་བྱུང་བ་རྣམས་ཀྱིས་འཛམ་གླིང་ཡུལ་གྲུ་གང་སར་བསྟན་འགྲོར་སྨན་པའི་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ཡིན་པ་མ་ཟད། སློབ་གླིང་འདིའི་འཆད་རྩོད་རྩོམ་གསུམ་གྱི་བགྱི་བ་མཐའ་དག་ཡར་ངོས་ཀྱི་ཟླ་བའི་དཔལ་ལ་འགྲན་བཞིན་པ་དེ་ལྟར་ཡང་། ལྷ་ཟབ་སར་བདུད་ཟབ་ཅེས་པའི་དཔེ་ལྟར། ཕྱི་ལོ་༢༠༠༡ ལོ་ནས་རྒྱ་ནག་གཞུང་གིས་ཆོས་སྡེ་འདི་ཉིད་གཏོར་བཤིག་གཏོང་བའི་མགོ་བརྩམས་ཏེ་། དམག་མི་ཉིས་སྟོང་ལྷག་ཆེད་མངགས་བྱས་ནས་འཇིགས་སྐུལ་དང་བཅས་གྲྭ་ཤག་ཉིས་སྟོང་ལྔ་ཡས་མས་གཏོར་བཤིག་བཏང་བ་མ་ཟད། གྲྭ་བཙུན་མང་བོ་ཕྱིར་ཕུད་དང་གྲྭ་བཙུན་༡༤༠༠ ལས་མང་བ་གཏན་སྡོད་བྱེད་མི་ཆོག་པའི་བཙན་བཀའ་བཏང་། ཕྱི་ལོ་༢༠༠༢ ལོར་རྒྱ་གཞུང་གིས་སླར་ཡང་གྲྭ་ཤག་མང་བོ་གཏོར་བཤིག་དང་ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་མཆོག་ཀྱང་གཞུང་གི་དོ་དམ་འོག་ནས་བཞུགས་དགོས་བྱུང་ཡོད་པ་དང་། ཕྱི་ལོ་༢༠༡༦ལོར་རྒྱ་ནག་གཞུང་གིས་སྔར་ལས་ཀྱང་ཛ་དྲག་ཆེ་བའི་ལས་འགུལ་བརྩམས་ཏེ། གྲྭ་ཁང་གཏོར་བཤིག་དང་། གྲྭ་བཙུན་ཕྱིར་ཕུད་ཀྱི་ལས་གཞི་ཡ་ང་བ་ཞིག་སྤེལ་ནས་གསེར་ཐང་བླ་རུང་དགོན་རིག་ལྔའི་ནང་བསྟན་སློབ་གྲྭ་ཆེན་མོ་འདིར་བཞུགས་པའི་ཉེས་མེད་གྲྭ་བཙུན་དག་སྐྲག་སྐྲག་འདར་འདར་དང་འུར་འུར་ཟང་ཟིང་དུ་བཏང་སྟེ།
མཁན་ཆེན་དམ་པ་ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་ལ་དད་དམ་གཡོ་བ་མེད་པའི་གྲྭ་བཙུན་བརྒྱ་སྟོང་མང་བོ་མིག་ཆུ་དང་སྐྱོ་གདུང་གི་ཁྲོད་ནས་ཁོང་གི་གདན་ས་དང་ཁ་བྲལ་ཏེ་འགྲོ་དགོས་བྱུང་བ་སོགས་བོད་མིའི་ཆོས་དད་རང་དབང་རྩིས་མེད་ལྡོག་རོལ་གྱི་ལས་འགུལ་ཡ་ང་བ་སྤེལ་དང་སྤེལ་མུས་སུ་མཆིས་པ་ནི་མངོན་སུམ་སྙོན་མེད་དང་མིག་མཐོང་ལག་ཟིན་དུ་གྱུར་པ་འདི་ཡིན་ནོ།། གསེར་རྟ་བླ་རུང་ཆོས་སྒར་རམ། གསེར་ཐང་བླ་རུང་དགོན་རིག་ལྔའི་ནང་བསྟན་སློབ་གྲྭ་ཆེན་མོ་འདིའི་ལོ་རྒྱུས་ཉིང་བསྡུས་འདི་བསྡུ་སྒྲིག་བྱེད་སྐབས་འབྲེལ་ཡོད་ཁག་ཅིག་ལ་ལོ་རྒྱུས་འདིའི་རྒྱུ་ཆའི་རོགས་འདེགས་ཀྱི་འབོད་སྐུལ་བྱས་པ་དང་། ངེད་ཅག་རྩོམ་སྒྲིག་པས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་དག་གིས་ཁ་བསྐངས་ཏེ། ཕྱི་ལོ་༡༩༩༥ལོར་བརྩམས་པའི་དཀར་མཛེས་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་ནང་བསྟན་གསལ་བའི་མེ་ལོང་ཞེས་པའི་ནང་དུ་བླ་རུང་ཆོས་སྒར་གྱི་ལོ་རྒྱུས་ཉུང་བསྡུས་ཤིག་བྲིས་འདུག་པ་དེར་གཞི་བཅོལ་ནས་བྲིས་པ་ཡིན་མོད། དཀར་མཛེས་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་དེ་ཕྱི་ལོ་༡༩༩༥ ཡས་མས་སུ་བརྩམས་པ་ཡིན་སྟབས་བླ་རུང་ཆོས་སྡེའི་ཕྱིས་ཀྱི་གནས་སྟངས་སྐོར་མི་གསལ་བ་མ་ཟད། ལོ་རྒྱུས་དེར་དཔེར་ན་བཙུན་མ་ལ་བཙུན་མོ་ཞེས་བྲིས་པ་ལྟ་བུས་མཚོན་ཡིག་ནོར་དང་དོན་ནོར་ཇི་སྙེད་ཅིག་མཆིས་པས་དེ་སོར་བཞག་བྱེད་ཐབས་བྲལ་བས། ལོ་རྒྱུས་ཁག་གཅིག་གཤིབ་བསྡུར་གྱིས་འབད་པ་བརྟེན་ཁུལ་བྱས་ཀྱང་དཔྱད་གཞིས་མ་འདང་བ་སོགས་ཀྱི་དབང་གིས་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་པར་ངེས་པས་གཟུར་གནས་ཤེས་ལྡན་དག་ལ་དགོངས་སེལ་དང་ནོར་བཅོས་གནང་སྐྱོང་ཡོད་པར་ཞུ།། བོད་རྒྱལ་ལོ་༢༡༤༣ དང་། ཕྱི་ལོ་༢༠༡༦ཕྱི་ཟླ་༡༡ ཚེས་༢༠ བོད་ཟླ་བ་༩ ཚེས་༢༢་སྟེ་སྟོན་པ་ལྷ་ལས་བབ་པའི་དུས་ཆེན་ཉིན། དབལ་ཤུལ་(གསེར་རྟའི་དྲ་ཚིགས་)རྩོམ་སྒྲིག་པས།
2 Responses
བཀྲ་ཤིས་བདེ་ལེགས་ཞུ་
ཐུགས་རྗེ་ཆེ།