༸གོང་ས་མཆོག་གི་བཀའ་སློབ།

ངོས་ནས་རྒྱུན་པར་བརྗོད་པ་བཞིན། ༸རྒྱལ་བ་རིན་པོ་ཆེ་ལ་དད་པ་དང་། དགའ་ཞེན་ཡོད་ན། རྒྱལ་བ་རིན་པོ་ཆེས་བཤད་པ་ལ་ཉན་དགོས། ཁ་ནས་རྒྱལ་བ་རིན་པོ་ཆེ་ལ་དགའ་ཞེན་ཡོད་ཅེས་བཤད་དེ། ངོ་མའི་ལག་ལེན་ཐོག་ཨུའུ་ཙམ་མིན་ནམ་བསམ་ནས་ཁྱད་གསོད་བྱེད་རྒྱུ་མེད། ཁ་ཤས་ཀྱིས་ཤེས་བཞིན་དུ་ཁྱད་གསོད་བྱེད་ཀྱིན་འདུག ཤེས་བཞིན་དུ་ཁྱད་གསོད་བྱེད་དུས་ང་བློ་ཕམ་གི་འདུག དེ་འདྲ་ཡང་ཡང་དྲན་ན་ཡག་པོ་མེད། ཁྱོད་རང་ཚོས་བརྟན་བཞུགས་ཡང་ཡང་འབུལ་གྱིན་ཡོད། བརྟན་བཞུགས་ངོ་མ་ནི་རྒྱལ་བ་རིན་པོ་ཆེའི་བློ་ལ་སུན་སྣང་མི་ཡོང་བ་བྱ་རྒྱུ་འདི་ཡིན། རྩ་བ་ནས་ང་ལ་ཆ་འཇོག་མི་བྱེད་མཁན་ཞིག་གིས་ངའི་ཁ་ལ་མ་ཉན་པར་ང་ཡ་མཚན་སྐྱེ་རྒྱུ་མི་འདུག རྗེ་ཙོང་ཁ་བ་ཆེན་པོས། རྨོངས་པས་བྲན་དུ་བཟུང་བ་ཡིས། །གང་ཞིག་ཁྱོད་དང་ཞེ་འགྲས་པ། ། དེ་ཡིས་རང་བཞིན་མེད་པའི་སྒྲ། །མི་བཟོད་གྱུར་ལ་མཚར་ཅི་ཡོད། །ཁྱོད་ཀྱི་གསུང་གི་གཅེས་པའི་མཛོད། །བརྟེན་ནས་འབྱུང་བར་ཁས་བླངས་ནས། །སྟོང་ཉིད་ང་རོ་མི་བཟོད་པ། །འདི་ལ་ཁོ་བོ་ངོ་མཚར་གྱུར། །ཞེས་རྟེན་འབྱུང་ཁས་མི་ལེན་མཁན་ཞིག་གིས་སྟོན་པ་ལ་མ་མོས་པ་བྱས་པར་ང་ལ་ཡ་མཚན་སྐྱེ་རྒྱུ་མི་འདུག་ཀྱང་། རྟེན་འབྱུང་ཁས་བླངས་ནས་སྟོན་པའི་གདམས་ངག་གི་གཙོ་བོ་རང་བཞིན་གྱིས་སྟོང་བ་ཁས་མི་ལེན་པ་དེ་ལ་ང་ཡ་མཚན་སྐྱེ་རྒྱུ་འདུག་ཅེས་གསུངས་པ་བཞིན། ༸རྒྱལ་བ་རིན་པོ་ཆེ་ལ་དད་པ་མེད་མཁན་ཞིག་གིས་འདྲ་མི་འདྲ་བྱས་པ་ལ་ང་ཧ་ལས་རྒྱུ་མི་འདུག ང་ལ་དད་གུས་དང་དགའ་ཞེན་ཡོད་མཁན་ཞིག་གིས་གཤིས་ཀ་དང་། སྤོར་ཕྱོགས་སློག་ཡོང་དུས་ཅ་མ་ཟིང་(ཡིད་སུན་པོ་)བསམ་གྱིན་འདུག ངའི་ཁ་ལ་ཉན་པའི་བབ་འོས་ང་ལ་དགའ་ཞེན་ཡོད་མཁན་ཚོར་ཡོད། ང་ལ་དགའ་ཞེན་མེད་མཁན་ཚོ་ལ་ངས་བཤད་རྒྱུ་མ་རེད་ལ། དེ་ཚོས་ཉན་རྒྱུ་མ་རེད། ངས་ཚིག་གིས་བསླབ་བྱ་བརྒྱབ་ནས་ཕན་པ་སྒྲུབ་རྒྱུ་མ་གཏོགས་འདི་ལས་ལྷག་པ་ང་ལ་བྱ་རྒྱུ་མེད། ངས་བསླབ་བྱ་བརྒྱབ་པ་དེ་ཚོ་ཁྱེད་རང་ཚོས་ཉམས་ལེན་བྱས་ཏེ་ཕན་དགོས་པ་ཡིན། ངས་ངོས་ནས་ང་ལ་དགའ་མོས་ཡོད་མཁན་ཚོར་ཆེད་དུ་མངགས་ནས་བཤད་གྱིན་ཡོད། ལག་ལེན་བསྟར་བའི་བབ་འོས་ཀྱང་ང་ལ་དགའ་མོས་ཡོད་མཁན་ཚོར་ཡོད། ཅེས་གསུངས། ཕྱི་ལོ་༡༩༨༣ལོར་མོན་གྷོར་ཆོས་སྒར་དུ་བསྩལ་པའི་བཀའ་སློབ་ལས་བཏུས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།