དམ་པ་གཤེགས་སོང་། མཛད་རྗེས་ལུས་སོང་། སྐུ་ཞབས་མན་དྷ་ལཱ་མཆོག་ལ་མྱ་ངན་གྱི་དོད་དུ། 

གཟི་མིག དེ་རིང་ནི་ལྷོ་ཨ་ཧྥེ་རི་ཀའི་མི་རིགས་ནག་པོའི་རང་དབང་བརྩོན་ལེན་དང་། ཞི་བདེ་འཆམ་མཐུན་གྱི་དོན་དུ་སྐུ་ཚེ་འོད་དུ་སྦྲུམ་པའི་དམ་པ་ཞིག་མི་ཡུལ་དང་ཞལ་གྱེས་སོང་བའི་ཉིན་མོ་རེད་ལ།  དེ་རིང་ནི་རང་དབང་ལ་དགའ་ཞིང་། ཞི་བདེ་ལ་སྨོན་པའི་སྐྱེ་བོ་མང་དག་ཅིག་གི་སེམས་སུ་མྱ་ངན་གྱི་ཁ་བ་བབས་པའི་ཉིན་མོ་ཡང་རེད། དམ་པ་ཁོང་མི་ཡུལ་འདིར་སྐྱེས་དུས། ཉི་འོད་ཀྱི་གུར་མ་ཕུབས་ལ། མེ་ཏོག་གི་ཆར་མ་བབས་མོད།  ཁོང་ཉིད་མི་ཡུལ་དང་ཞལ་གྱེས་དུས། སྐྱེ་བོ་ས་ཡ་མང་པོའི་ཡ་ཁོག་དང་མིག་ལྕིབས་ཀྱི་མཐའ་ན་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ཞིག་མེ་རུ་འབར་ཞིང་ཆུ་རུ་བཞུར། དེ་ནི་དམ་པ་ཁོང་བདེན་པ་དང་ཆོས་ཉིད་ཀྱི་དབྱིངས་སུ་བསྡད་དེ།  དྲང་སྙོམ་དང་། ཞི་བདེ་ཡི་དོན་དུ་དཔའ་སྤོབས་ཀྱི་རལ་བ་གཏུབ་མ་མྱོང་བས་ཡིན་ན།ང་ཚོས་ཀྱང་ཁོང་ལ་མྱ་ངན་ཞུ་འོས། རྗེས་དྲན་བྱེད་འོས། སྤྱིར་འགྲོ་བ་མིའི་རིགས་འདི་ཤེས་རབ་དང་སྨྲ་བརྗོད་ལ་བརྟེན་ནས་སྲོག་ཆགས་གཞན་ལས་ཁྱད་དུ་འཕགས་སོང་ཟེར་བ་འདི་ལོ་རྒྱུས་སྨྲ་བ་དག་གིས་གཅིག་མཐུན་དུ་བཀོད་པའི་སྡོམ་ཚིག་རེད།   ཡིན་ན་ཡང་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་ཕྱོགས་ནི་ཞི་འཇམ་དང་དྲང་བཞག་གིས་བཞུར་འགྲོ་བ་ཞིག་མ་ཡིན་པར། གདུག་རྩུབ་དང་མནར་གཅོད་ཀྱིས་བསྣུད་ཡོང་བ་ཞིག་ཡིན་རྐྱེན། ལོ་རྒྱུས་འཕོ་འགྱུར་གྱི་ཁུག་སོ་རེ་རེ་ནས། དུས་ཀྱི་ཆོས་ཉིད་ཀྱི་རང་བཞིན་ས་ལེར་གཟིགས་ཤིང་། འགྲོ་མིའི་འཚོ་སྡོད་ཀྱི་དར་རྒུད་ཐུགས་སུ་བཅག་པའི་མི་བོ་ཆེ་དག་གིས་ཤེས་རབ་བརྡར། སྨྲ་ལྕེ་དཀྲོལ། བདེན་པ་བརྩད་པའི་ཉེར་ལེན་ལས། མི་སོ་སོར་ལྷན་སྐྱེས་འདོད་འདུན་གྱི་ཆོས་ཉིད་ཀློང་ན་ཚང་མ་འདྲ་མཉམ་ཡིན་པའི་ངེས་ཚོར་ཞིག་ཆགས་ཤིང་། ངེས་ཚོར་དེའི་ཐོག་ནས་སོ་སོའི་སྒེར་ཐོབ་དང་རིན་ཐང་མངོན་འགྱུར་ཡོང་ཆེད་རང་དབང་གི་སྐད་འབོད་ཤུགས་ཆེར་བསྒྲགས། མཐར་སྤྱི་བའི་ལས་སྒོ་དྲང་བདེན་གྱིས་ཐག་གཅོད་པའི་དམངས་གཙོའི་སྲིད་ལུགས་སོགས་ཀྱིས་མཚོན། ཡོངས་ཁྱབ་རིན་ཐང་གི་ལྗོན་བཟང་གྲིབ་བསིལ་ཅན་ཞིག་ས་སྒང་འདིར་འདེབས་འཛུགས་ཐུབ་སོང་། འདི་ནི་འགྲོ་མིའི་ལོ་རྒྱུས་ཀྱི་ངོས་གང་ནས་བལྟས་རུང་། དགོས་ངེས་ཀྱི་གསར་བརྗེའི་རླབས་རྒྱུན་ཞིག་ཡིན་པ་སྨོས་མེད་རེད་ལ། རླབས་རྒྱུན་འདིས་འཛམ་གླིང་གི་ཡུལ་ལུང་སོ་སོར་གཡོ་སྐྱོམ་དང་བརྡབ་བསིག་བཏང་བའང་ལོ་རྒྱུས་ཆོས་ཉིད་ཅིག་ལས་མ་འདས། ཡོངས་ཁྱབ་རིན་ཐང་གི་ངོས་ནས་བཤད་ན། མི་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་དེ་ཡིན་པས་མི་ཚད། མི་ཡན་གར་བ་རེ་རེའི་རྣམ་དཔྱོད་དང་ཤེས་རབ་ནི་མིའི་རིགས་ཀྱི་འཚོ་སྡོད་ཐབས་ཚུལ་དང་ཡོངས་སུ་འབྲེལ་བས། དགག་སྒྲུབ་དང་འཚོལ་རྟོགས། སྐྱོན་བརྗོད་དང་ལྟ་ཚུལ་འདོན་པ་སོགས་ནི་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཡིན་པར་འདོད། དེ་བས་མི་ཉིད་ལྟེ་བར་སྨྲ་བའི་རིག་གནས་འཕེལ་ཕྱོགས་འདི་ལ་མཚོན་ན། ཡུལ་དུས་གང་དུ་ཡང་དོགས་སློང་དང་དཔྱད་འཇོག་གི་བློ་མིག་ཁོ་ནས་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་བདེན་པ་ལྷང་ལ་ཕུད་རྒྱུ་ཡིན་ཚུལ་བརྗོད་འདུག  སྐུ་ཞབས་མན་དྷ་ལཱ་མཆོག་ནི། མི་རྒྱུད་ནག་པོའི་གཙོ་འཛིན་སྐད་གྲགས་ཅན་ཞིག་ཡིན་པས་མི་ཚད། ཡུལ་དེའི་རིགས་རྒྱུད་ཟུར་བཀར་སྲིད་ཇུས་ལ་ངོ་རྒོལ་བྱེད་པའི་བསམ་བློའི་རྨང་གཞི་འདིང་མཁན་གྱི་གྲས་ཡིན་ལ། ཕྱིས་སུ་ཁོང་ཉིད་ཡུལ་དེའི་མི་རིགས་ནག་པོའི་རང་དབང་དང་། འདྲ་མཉམ་གྱི་དོན་དུ་བློ་ཐག་རྦད་ཆོད་ཀྱིས་འཐབ་རྩོད་བྱེད་མཁན་གཙོ་བོ་ཞིག་ཏུའང་གྱུར། ཁོང་ཉིད་སྔ་ཕྱིར་མི་ལོ་ཉེར་བདུན་ལ་བཙོན་འཇུག་བྱས་ཤིང་། ཁོང་དང་ཁོང་ཅག་གིས་བདེན་པ་ཕུ་འདེད་ཀྱི་ཆབ་སྲིད་བསམ་བློ་དེས། གཞུང་གི་སྲིད་ཇུས་ལ་འགྱུར་བ་བྱུང་དུ་བཅུག་པར་མ་ཟད། ཕྱིས་སུ་རིགས་རྒྱུད་འདྲ་མཉམ་གྱི་ལམ་དུ་བསྐྱོད་པའི་ལྷོ་ཨ་ཧྥེ་རི་ཀའི་སྲིད་འཛིན་ཐོག་མར་ཡང་ཁོང་ཉིད་བཞུགས་པ་རེད། ཁོང་གིས་སྲིད་འཛིན་འགན་བཞེས་ཀྱི་སྐབས་སུ། “ང་ཚོས་དེ་རིང་གི་ཉིན་མོ་འདི་རྒྱལ་ཡོངས་དང་། འཛམ་གླིང་ཧྲིལ་བོའི་དཔའ་བོ་དཔའ་མོ་རྣམས་ལ་སྐྱེས་སུ་འབུལ་རྒྱུ་ཡིན། ང་ཚོར་རང་དབང་འཐོབ་པའི་ཆེད་དུ། ཁོང་ཚོས་མང་པོ་ཞིག་བློས་བཏང་བའམ། ཐ་ན་རང་ཉིད་ཀྱི་ཚེ་སྲོག་ཀྱང་ཕུལ་བ་རེད། ད་ནི་ཁོང་ཅག་གི་རྨི་ལམ་མངོན་དུ་གྱུར་སོང་། རང་དབང་ནི་ཁོང་ཚོར་ཕུལ་བའི་དྲིན་གསོལ་ཡིན།” ཞེས་ལྷོ་ཨ་ཧྥེ་རི་ཁ་ཙམ་ལས་བརྒལ་ཏེ།   མིའི་རིགས་ཀྱི་རང་དབང་དང་འདྲ་མཉམ་གྱི་དོན་དུ་ལུས་སྲོག་ཕུལ་མཁན་དག་ལ་ཚད་མཐོ་བའི་གདེང་འཇོག་དང་དྲན་གསོ་ཞུས་ཡོད་འདུག  ད་དུང་ཁོང་གིས”སྐྱེ་བོ་ཡོངས་ཀྱིས་དྲང་སྙོམ་ལོངས་སུ་སྤྱོད་ཐུབ་པར་སྨོན། སྐྱེ་བོ་ཡོངས་ཀྱིས་ཞི་བདེ་ལོངས་སུ་སྤྱོད་ཐུབ་པར་སྨོན། རང་དབང་གིས་ཡོད་ཚད་ལ་དབང་སྒྱུར་ཐུབ་པར་སྨོན།” ཞེས་ཁོང་གི་སྐུ་ཚེ་ཧྲིལ་བོ་མིའི་རིགས་ཀྱི་བདེན་དོན་དང་། དྲང་སྙོམ་གྱི་དོན་དུ་ཕུལ་ཡོད་འདུག སྤྱིར་ང་ལ་མཚོན་ན་ཁོང་གི་སྐུ་ཚེའི་མཛད་རྣམ་ལ་རྒྱུས་མངའ་མེད་ཁར། ལྷག་ཏུ་རང་དབང་དམངས་གཙོའི་ལྟ་གྲུབ་སྐོར་གྱི་དཔེ་ཀློག་གི་མྱོང་ཚོར་ཞན་པས། ཀློག་མཁན་དག་ལ་བློ་སྒོ་འབྱེད་པའི་ནུས་པ་ཞིག་མི་ཐོན་ནའང་། རང་གི་དད་འདུན་དང་དགའ་ཕྱོགས་ལ་ངོ་མ་ལོགས་ཙམ་དུ་འདི་ཙམ་བྲིས་པ་འདིས་ཀྱང་ལུས་ཅན་མཐའ་དག་ཞི་བདེ་དྲང་སྙོམ་གྱི་དཔལ་ལ་ལོངས་སུ་སྤྱོད་པར་གྱུར་ཅིག་གུ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།