སང་སང་དབུ་རྒྱན་དང་ས་སྐྱོང་མི་ཡི་དབང་པོ་དབལ་ཤུལ་རབ་བརྟན་གཉིས་བླ་དཔོན་ཉི་ཟླ་ཟུང་དུ་འབྲེལ་ཏེ་ལྷ་འབངས་ཡོངས་ཀྱི་བདག་རྐྱེན་ལ་བརྟེན་ནས། བོད་རབ་བྱུང་བཅུ་གཅིག་པའི་ཟད་པ་མེ་སྟག་(༡༦༨༦)ལོར་གཙུག་ལག་ཁང་རྟེན་དང་བརྟེན་པ་གསར་བཞེངས་དང་། རྒྱལ་བ་དཔལ་ཡུལ་བའི་རང་ལུགས་ལྟར་དུས་དྲན་ཚེས་བཅུ་ཆེན་མོ་དང་རུ་ཆོས་གསུམ་སོགས་བཙུགས་ཏེ་ཆོས་སྡེ་ཆེན་པོ་འདི་ཉིད་ཐོག་མར་ཕྱག་བཏབ་པོ། ས་མིང་དགོན་པར་བཏགས་ཏེ་དུང་དཀར་དགོན་དུ་གྲགས། དགོན་པ་འདི་ནི་དབལ་ཤུལ་དཔོན་ཚང་གི་ཕ་དགོན་དང་ལྷོ་དགོན་བཅུ་གསུམ་གྱི་འགོ་མ་ཡིན་པས་རྒྱུ་མཚན་གྱིས་གསེར་ཐར་གྱི་དགོན་སྡེ་ཐམས་ཅད་ཀྱི་ཐོབ་ཐང་གི་ཆེ་བ་ཡིན་ནོ།
དེ་ནས་རབ་བྱུང་བཅུ་གཉིས་པའི་ཆུ་ལུག་(༡༧༠༣)ལོར་རྗེ་འདི་ཉིད་ཀྱི་སྐུ་ཚ་དབོན་པོ་རྣམ་གཉིས་ལ་གསེར་ཁྲི་གཏད་དེ་མ་འོངས་ལུང་བསྟན་སོགས་ཞིབ་རྒྱས་སུ་གནང་ནས་གཟུགས་སྐུ་ཞི་བའི་དབྱིངས་སུ་གཤེགས། དེ་ནས་གདན་རབས་བཞི་ཡི་རྗེས་རབ་བྱུང་བཅུ་གསུམ་པའི་ཆུ་བྱ་(༡༧༥༣)ལོར་པདྨ་ཚེ་དབང་བསྟན་འཛིན་ནས་སྐུ་གསུང་ཐུགས་ཀྱི་རིམ་པ་རྣམས་རྒྱ་བལ་བོད་སོགས་ནས་སྤྱན་དྲངས་ཏེ་རྟེན་གྱི་གཙོ་བོ་རུ་མངའ་གསོལ། སྒྲུབ་གྲྭ་གསར་དུ་བཙུགས། དེ་རྗེས་སང་སང་དབོན་པོ་གུ་རུ་འོད་ཟེར་དང་པདྨ་འགྲོ་འདུལ་རྡོ་རྗེ་གཉིས་བྱོན། རྗེས་མས་རང་རྫོང་གི་གྲ་གྲ་དགོན་དང་། མགོ་ལོག་བན་ནག་དགོན་གཉིས་ཕྱག་འདེབས་བྱས་ཏེ་ཚེ་དང་སྒྲུབ་པ་མཉམ་པར་མཛད་དོ།། དེ་རྗེས་སང་སང་དབོན་པོ་སྟོན་པ་དང་ཡོན་ཏན་རྒྱ་མཚོ། རྡོ་རྗེ་དཔལ་དབྱིངས་སོགས་ཀྱི་རིང་ལ་རྒྱལ་དབལ་ཡུལ་བའི་རིང་ལུགས་ལྟར་ཞིང་ཁམས་དང་སྒྲ་སྦྱངས། རྨི་ལམ་དང་མུན་ཁང་སོགས་ནང་ཆོས་ལ་བཅད་རྒྱར་གྱི་སྲོལ་བཏོད་དེ་བཤད་པ་དང་སྒྲུབ་པའི་བསྟན་པ་སྔར་ལས་ཀྱང་རྒྱས།
གདན་རབས་བཅུ་གཉིས་པ་དབོན་པོ་ཐེག་མཆོག་རྡོ་རྗེ་དང་། པདྨ་རྡོ་རྗེ། ལྷུན་གྲུབ་རྡོ་རྗེ། ལྷ་སྲས་བསོད་ནམས་ནོར་བུ་རྣམས་དུས་མཉམ་དུ་བྱོན། སྔ་མས་རང་རྫོང་གི་མཆོད་རྟེན་དགོན་དང་། འཛམ་ཐང་གི་རུ་ནང་དགོན་གཉིས་ཕྱག་འདེབས་བྱས། རྗེས་མས་ཡབ་མེད་ཀྱིས་ཕྱག་བཞེས་བཞིན་དགེ་བཅུའི་ཁྲིམས་སྲོལ་དམ་འཛིན་བྱས་ཏེ་གསེར་རྣམ་རྒྱལ་མཆོད་རྟེན་ཆེན་མོ་བཞེངས། དགོན་པའི་བྱང་འདྲེན་གྱི་འགན་ལོ་བཅུ་གཉིས་ལ་བཞེས་ནས་གར་དབྱངས་ཐིག་གསུམ་དང་། འབུད་བརྡུང་དཀོལ་གསུམ། བཅའ་ཡིག་ཚོགས་གཏམ་སོགས་འཐུས་ཚང་དུ་བཏང་། སེར་ཤུལ་མཁན་པོ་ངག་དབང་གདན་དྲངས་ཏེ་དབྱར་གནས་བཙུགས། སྐབས་འདིར་(༡༩༣༧)དམར་དམག་ཁག་གཅིག་དགོན་འདིར་སླེབས་ནས་དཔལ་འབྱོར་ལ་གྱོང་གུན་ཚབས་ཆེན་ཐེབས་པ་སོགས་གཞན་ལས་ཤེས་པར་བྱའོ། ་དེ་རྗེས་སང་སྤྲུལ་ངེས་དོན་རྒྱ་མཚོའི་རིང་ལ་བླ་མ་པདྨ་བདེ་ཆེན་དང་། ལྷ་སྲས་བསོད་ནམས་སྙན་གྲགས་སོགས་བླ་དཔོན་མངའ་ཐང་རབ་ཏུ་རྒྱས་པས་ལྷ་ཁང་ཀ་བ་རིང་ཐུང་དྲུག་བཅུ་ཅན་ལ་ནང་རྟེན་ཞི་བ་བཞི་བཅུ་རྩ་གཉིས། འབར་བ་ཁྲག་འཐུང་ལྔ་བཅུས་མཚོན་སྐུ་གསུང་ཐུགས་རྟེན་མང་བས་བྱུར་བུར་བཀང་། དབེན་པོ་དགེ་འདུན་རྒྱ་མཚོ། རོག་སྤྲུལ་པདམ་རྡོ་རྗེ། རྟ་སྤྲུལ་འཇིགས་མེད་དབང་པོ་སོགས་གསེར་ཁྲིར་མངའ་གསོལ་བྱས། ཁྱད་པར་གདན་རབས་དྲུག་པ་པདྨ་ཚེ་དབང་བསྟན་འཛིན་གྱི་རིང་འདུས་པ་སྟོང་གསུམ་ལྷག་ལ་འདུལ་མངོན་སྡེ་གསུམ་དང་། ཀློང་ཆེན་མཛོད་བདུན། ཡབ་བཞི་སོགས་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་གསུང་དང་། གཞན་ཡང་སྔ་འགྱུར་བཀའ་གཏེར་གྱི་གཞུང་ལ་འཆད་ཉན་དང་། ཕྱག་རྫོགས་སྤེལ་མ་ཉམས་ལེན་གཙོ་བོར་བཏོན་ནས་སྒོམ་གྲྭ་བཙུགས་ཏེ་དགོན་འདིར་རྒྱལ་བསྟན་དཀར་པོ་ཡུག་གཅིག་གིས་མཛེས་པར་བྱསནས་གདན་རབས་བཅུ་གཅིག་པ་ཡན་ལ་ཆོས་བརྒྱུད་འཛིན་པ་ཁོ་ནས་མཁན་ཁྲི་བསྐྱངས། གདན་རབས་བཅུ་གཉིས་པ་ནས་དཔལ་ཤུལ་མཁན་པོ་དམ་ལོ། བཙན་ནེ་མཁན་པོ་འཇིགས་མེད་བདེ་ཆེན། དཀོན་མཆོག་བློ་གྲོས་སོགས་མཁས་པ་དུ་མ་བྱོན་ནས་མཁན་ཁྲི་བསྐྱངས། འཆད་ཉན་གྱི་གཞུང་ནི། གདན་རབས་བཅུ་གཅིག་པ་ཡན་ལ་སྔ་འགྱུར་བཀའ་གཏེར་གྱི་གཞུང་རྣམས་གཙོ་བོར་བྱས་ནས་གཞན་ཆོས་ཚུལ་ཀུན་ལ་ཐོས་བསམ་དང་། གདན་རབས་བཅུ་གཉིས་པ་ནས་སྔ་འགྱུར་རོང་ཀློང་རྣམ་གཉིས་ཀྱི་གསུང་དང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆ་གཙོ་བོ་རུ་བཟུང་ཐོས་བསམ་མཛད་སྲོལ་སྣང་ངོ་།།
དུས་མཆོད་རྒྱུན་སྲོལ་ནི་ལོ་འཁོར་གཅིག་ལ། བོད་ཟླ་དང་པོའི་ཚེས་ལྔ་ནས་བཟུང་སྨན་བླ་དང་གནས་བརྟན་ཕྱག་མཆོད། སྤྱོད་འཇུག་བསྔོ་ལེའུ་སོགས་གྱི་མཆོད་པ་ཉིན་གསུམ་ལ་འཚོགས། ཚེས་བཅོ་ལྔ་ནས་སུམ་ཅུའི་བར་དགེ་སློང་མ་དཔའ་མོའི་ལུགས་ཀྱི་བསྙེན་གནས་སྡོམ་པ་སེར་སྐྱ་ཡོངས་ཀྱིས་བཞེས། བོད་ཟླ་གསུམ་པའི་ཚེས་གཅིག་ནས་བཅུའི་བར་ཐུགས་སྒྲུབ་གསང་འདུས་ཀྱི་དུས་མཆོད་ལ་གཏེར་སྟོན་གུ་རུ་ཆོས་དབང་གི་དག་སྣང་ལྟར་སྨིན་གླིང་གི་ཕྱག་སྲོལ་དང་། བྱང་པའི་ཕྱག་སྲོལ་གནམ་ཆོས་ཀྱིས་ཟུར་བརྒྱན་ཏེ་གར་འཆམ་ཉིན་གཉིས། བོད་ཟླ་ལྔ་པའི་ནང་མགོན་པོའི་སྤྱི་སྲུང་ཉིན་བདུན་དང་། བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་དབྱར་གནས། བོད་ཟླ་བཅུ་པ་ནས་ཞག་བརྒྱ་ལ་བློ་སྦྱོང་གི་རིམ་པ་སྔོན་འགྲོ། སྤྱོད་འཇུག་སོགས་འདུས་སྡེ་ཡོངས་རྫོགས་ལའོ། གཞན་ཡང་བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ནས་ཟླ་གཅིག་ལ་སྐུ་གསུམ་སྒྲུབ་པ། བདེ་ཆེན་ཞིང་སྒྲུབ་ཉིན་བདུན། བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ནས་ཟླ་གཅིག་ལ། སྔོན་འགྲོ། རྩ་རླུང་། རྫོགས་ཆེན་བཅས་ཀྱི་ཁྲིད་ཕུར་བ་དགུ་སྒྲུབ་བཅས་བླ་གྲྭ་དྲུག་ཅུ་མན་ཆད་ཀྱིས་འཚོགས་པ་ཡོད་དོ།
ཆོས་སྡེ་འདི་ཡི་བཤད་སྒྲུབ་ཀྱི་འཛུགས་རྟེན་ཡོན་གྱི་འབྱུང་ཁུངས་ནི་གདན་རབས་དང་པོ་ནས་བཟུང་མི་དབང་རབ་བརྟན་སོགས་རྒྱལ་རབས་རིམ་བྱོན་ལ་འབངས་དང་བཅས་པས་ཡོན་སྦྱར་ཏེ་གཙུག་ལག་ཁང་རྟེན་དང་བརྟེན་པ་བཞེངས་པའི་མཐུན་རྐྱེན་བསྒྲུབས། སང་སྤྲུལ་པདྨ་ཚེ་དབང་བསྟན་འཛིན་དང་སང་སྤྲུལ་ངེས་དོན་རྒྱ་མཚོ་སོགས་ཀྱི་རིང་ལ་རྒྱ་བལ་འབྲུག་བོད་དང་བཅས་པའི་དད་ལྡན་ཀུན་གྱིས་གཙུག་ལག་ཁང་རྟེན་དང་བརྟེན་པ་ཉམས་བཟོ་དང་གསར་བཞེངས་བྱེད་པའི་མཐུན་རྐྱེན་བསྒྲུབས། དགེ་འདུན་པའི་འཚོ་བ་ནི་བསོད་སྙོམས་ལ་བརྟེན་པ་ཙམ་ལས་ཟས་གོས་གནས་མལ་གྱིས་སྤྲོས་པ་མཛད་སྲོལ་མེད། མཆོད་ཐེབས་ནི། ཐོག་མར་བླ་བྲང་ཁག་གིས་འཛུགས་རྟེན་ཅུང་རེ་ཕུལ་ཏེ་ལྷ་སྡེ་ལས་དཔོན་ཁག་ཆེ་ཆུང་སོ་སོ་དང་འབྱོར་ལྡན་ཡོན་བདག་རེ་ཟུང་བརྐོས་ནས་བོད་ཟླ་གསུམ་པའི་དུས་མཆོད་ཚེས་བཅུ་ཆེན་མོ་འཚོགས། དུས་མཆོད་གཞན་རྣམས་དགོན་པ་གཞུང་དང་རང་ཁ་རང་གསོ་ཡིན། འགན་བཞེས་པའི་གོ་རིམ་ནི་གདན་རབས་རིམ་བྱོན་གྱིས་དགོན་པའི་ཆོས་སྲིད་གཉིས་ཀ་སྐྱོང་བ་དང་། དེ་འོག་མཁན་རབས་རྣམས་ཀྱིསབཤད་སྒྲུབ་ཀྱི་བསྟན་པ་སྐྱོང་བའི་གཙོ་བོ་མཛད། དེ་འོག་ཆོས་ཁྲིམས་དང་དབུ་མཛད་ལས་སློབ་སོགས་ཀྱིས་དུས་མཆོད་དང་དགོན་པ་སྤྱི་ཡི་འགན་ལོ་གསུམ་རེར་བཞེས་སྲོལ་ཡོད་དོ།
དེང་གི་གནས་ཚུལ་རགས་ཙམ་ནི། དེ་ལྟར་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བསྟན་པའི་ཉིང་ཁུ་རང་ལུགས་དཔལ་ཡུལ་བའི་འཁོར་ལོ་གསུམ་གྱི་ཕྲིན་ལས་སྒྱུ་སྐར་གྱི་ཕྲེང་བའི་དབུས་ན་རི་བོང་འཛིན་པའི་དཀྱིལ་འཁོར་ལྟར་མངོན་པར་མཐོ་ཡང་དོན་བཞིའི་འགུལ་སྐྱོད་དང་། རིག་གནས་གསར་བརྗེའི་དབང་གིས་ཆུ་ལྷའི་ཕང་པར་ཡིབ་ནས་གཙུག་ལག་ཁང་རྟེན་དང་བརྟེན་པ་རྡོ་ཕུང་ཞིག་ལས་མ་ལྷག་པར་བགྲང་བྱ་ཉག་མ་བཅུ་ཕྲག་གསུམ་ལྷག་སོང་བས་གནའ་རྫས་རིག་དངོས་ཐམས་ཅད་ཀྱི་མིང་ཙམ་ཡང་འཚོལ་མི་ཐུབ་པའི་གནས་སུ་གྱུར་པ་ནི་བོད་ཁམས་སྤྱི་དང་མཚུངས་ཕྱིར་མ་སྤྲོས་སོ།།
དེང་ཆོས་ལྡན་བོད་འབངས་ཡོངས་ལ་དད་པའི་རང་དབང་གི་ཉི་གཞོན་ཤར་སྐབས་གདན་ས་འདིའི་སྔར་གྱི་མཁན་སྤྲུལ་ཕལ་མོ་ཆེ་མི་བཞུགས་མོད་ཐུགས་བསྐྱེད་དུས་སུ་སྨིན་པ་དཔོན་པོ་དགེ་འདུན་རྒྱ་མཚོ་མཆོག་ནི་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ལོར་མདོ་སྨད་གསེར་ཐང་དུ་སྐུ་འཁྲུངས། དགུང་གྲངས་བརྒྱད་ཀྱི་ཐོག་སང་སྤྲུལ་ངེས་དོན་རྒྱ་མཚོས་གསེར་ཁྲི་མངའ་གསོལ་བྱས། རིམ་བཞིན་སང་སྤྲུལ་ངེས་དོན་རྒྱ་མཚོ། མཆོག་སྤྲུལ་ཆོས་ཀྱི་ཟླ་བ། ཚེ་ཤུལ་སྤྲུལ་སྐུ་རིག་པའི་ཁུ་བྱུག་སོགས་བཤེས་གཉེན་དུ་བསྙེན་ནས་སྔོན་འགྲོ་རྩ་རླུང་རྫོགས་ཆེན་རྒྱབ་ཆོས་དང་བཅས་རང་ལུགས་དཔལ་ཡུལ་བའི་ཟབ་དོན་གྱི་ཉིང་ཁུ་རྣམས་ཉམས་བཞེས་མཛད། བླ་མ་རྣམས་ཀྱིས་པད་ཞྭ་དང་གསེར་བུམ་སོགས་གཏད་དེ་ཆོས་སྡེ་ཆེན་པོ་འདི་སྐྱོང་བཞིན་པའི་སྐབས་དུས་འགྱུར་ཆེན་པོ་བྱུང་ནས་མི་ལོ་བཅུ་ཕྲག་གཉིས་ལྷག་ལ་དགོན་འདིར་གཏོར་བླག་ཏུ་གྱུར།
སླར་ཡང་རྒྱལ་བསྟན་ཡང་དར་འདིར་མཆོག་སྤྲུལ་པདྨ་རྡོ་རྗེ་དང་ཁོང་རྣམ་གཉིས་ཀྱིས་རྨ་སྤྲུལ་ཆོས་ཀྱི་ཉི་མ་སྔར་གྱིས་དགོན་གནས་སུ་གདན་དྲངས་ཏེ་ཁོང་གིས་ཞལ་བཀོད་བཞིན་འདུ་ཁང་དང་གཙུག་ལག་ཁང་རྟེན་དང་བརྟེན་པ་གསར་བཞེངས་དང་། དུང་གླིང་རོལ་མོ་ཆ་ཚང་། འཕན་གདུགས་རྒྱལ་མཚན་གར་ཆས་སོགས་ཡོ་བྱད་ཐམས་ཅད་ལེགས་པར་གྲུབ་སྟེ་དུས་མཆོད་རྣམས་ལེགས་པར་གྲུབ་ཟིན་ནས་ལོ་ལྟར་རི་བཞིན་སེར་སྐྱ་ཡོངས་ལ་བདེ་ཆེན་ཞིང་སྒྲུབ་སོགས་འཚོགས་བཞིན་མཆིས། མཁན་རིན་པོ་ཆེ་དཀོན་མཆོག་བློ་གྲོས་ཀྱིས་རབ་ཏུ་བྱུང་བའི་སྡེ་བཙུགས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས་ནས་དགོན་འདིར་རྒྱུན་སྡོད་བཤད་གྲྭ་བ་སུམ་ཅུ་དང་སྒྲུབ་གྲྭ་བ་བཅུ་བཅས་དང་རང་གྲྭ་སུམ་བརྒྱ་ལྷག་ཡོད་པ་བཅས་སོ།།