༄༅། །དབལ་ཤུལ་གསེར་རྟའི་དཔོན་རིག་འཛིན་དོན་འགྲུབ།

འགྲོ་བ་མིའི་སྤྱི་ཚོགས་ཀྱི་འཕེལ་རིམ་ཁྲོད་དར་རྒུད་སྣ་ཚོགས་ཤིག་བྱུང་དང་འབྱུང་གིན་པ་ནི་ཆོས་ཉིད་ཅིག་ཡིན་མོད། དེ་དག་ལས་ང་ཚོ་གངས་ཅན་པར་མཚོན་ན་ཕྱི་ལོའི་དུས་རབ་ཉི་ཤུ་བའི་དཀྱིལ་ཙམ་ནས་རྒྱ་དམར་སྲིད་གཞུང་གིས་ཆབ་དཔལ་རིག་གསུམ་མི་རིགས་དང་བཅས་པར་དྲག་པོས་གཏོར་བཅོམ་རབ་དང་རིམ་པ་བྱས་པའི་བརྒྱུད་རིམ་ནང་བོད་མི་ཁྲི་འབུམ་མང་བོ་དམར་གསོད་བཏང་བའི་ནང་ནས་བོད་བསྟན་སྲིད་ཀྱི་དོན་དུ་གཅེས་སྲོག་ཕུལ་བའི་སྔོན་གཤེགས་དཔའ་བོ་དབལ་ཤུལ་གསེར་རྟའི་དཔོན་བསྟན་འཛིན་མགོན་ནམ་རིག་འཛིན་དོན་འགྲུབ་ནི། ཆོས་ལྡན་བོད་ཀྱི་རྒྱལ་ཁབ་འདིར་དབུས་གཙང་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མིའི་ཆོལ་ཁ། མདོ་སྨད་རྟའི་ཆོལ་ཁ་སྟེ་ཆོལ་ཁ་གསུམ་དུ་ཕྱེས་པའི་མདོ་སྨད་རྟའི་ཆོལ་ཁའི་ཁོངས་སུ་གཏོགས་པའི་དབལ་ཤུལ་གསེར་རྟ་རུ་བོད་རྒྱལ་ལོ་༢༠༤༣རབ་བྱུང་བཅོ་ལྔ་བའི་མེ་ཕོ་འབྲུག ཕྱི་ལོ་༡༩༡༦ལོར་ཡབ་དབལ་ཤུལ་སྐལ་བཟང་མགོན་དང་། ཡུམ་མ་བཟའ་ཨ་ཏ་གཉིས་ཀྱི་སྲས་སུ་འཁྲུངས།

ཁོང་གི་རིགས་རུས་ཀྱི་བྱུང་བ་ཟུར་ཙམ་བརྗོད་ན། མ་ཎི་བཀའ་འབུམ་སོགས་ལས་གསལ་བ་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་དེ་ལ་མཛད་པ་ལོ་རྒྱུས་ཀྱི་སྐོར་དང་། གསུང་སྒྲོས་མན་ངག་གི་སྐོར་གཉིས་ལས་ཕྱི་མའི་སྐབས་སུ་བཤད་པ་ལྟར་སྤྲེའུ་བྱང་ཆུབ་སེམས་དཔས་འཕགས་པ་སྤྱན་རས་གཟིགས་ཀྱིས་ལུང་བསྟན་པ་ལྟར་རང་ཉིད་ཀྱི་ཚ་བུ་རིགས་བརྒྱུད་རྣམས། བསེ། དམུ། ལྡོང་། སྟོང་སྟེ་ཚན་པ་བཞིར་ཕྱེས་ནས་ཆོས་དང་ཟང་ཟིང་གིས་ཡུན་རིང་བོར་བསྐྱངས་པ་ལས་བར་སྐབས་ཤིག་ནས་རིགས་བཟང་ངན་གྱི་དབྱེ་བ་ཡང་བྱུང་བ་ན་རང་རང་གི་ལུས་་ངག་གི་བྱ་སྤྱོད་དང་བསམ་པའི་འཁྱེར་སོ་སོགས་ལ་བརྟགས་ནས་བསེ་ཁྱུང་སྦྲ། དམུ་ཚ་སྒ། ཨ་སྤོ་ལྡོང་། ཨ་ཐང་འབྲུ་ཞེས་བཏགས། དེ་དག་ལས་རིགས་དམན་པ་རྣམས་ལ་དབའ་ཡི་ཚན་དང་། ཟླ་ཡི་ཚན་གཉིས་སུ་ཕྱེས་ནས་བོད་མི་བུ་གདོང་དྲུག་བྱུང་བའི་ནང་ཚན་ལྡོང་གི་རུས་ལས་ཆད་པ་དང་། ལྡོང་དེ་ལ་ཡང་དཀར་བོ་ལྡོང་། ནག་པོ་ལྡོང་། ཁྲ་བོ་ལྡོང་། སྨུག་པོ་ལྡོང་སྟེ་བཞིར་བྱུང་བའི་སྨུག་པོ་ལྡོང་གི་རིགས་རུས་སུ་གཏོགས། ལྡོང་གི་རིགས་རུས་སུ་ཤུལ་ཆེན་བཅོ་བརྒྱད་ཡོད་པ་ལས་དང་བོ་དབལ་ཤུལ་གྱི་རིགས་ཡིན་ལ། དེ་ཡང་དབལ་ཤུལ་ཞེས་པའི་ཐ་སྙད་དང་བོ་འདོགས་ས་དེ་ལྡོང་དབལ་སེ་སྐྱབས་ཡིན་པ་ལོ་རྒྱུས་སུ་གསལ་བས་དེ་དང་། དེ་ནས་དབལ་ཆུ་སྐྱབས། དབལ་ཤུལ་ཕུར་བ་སྐྱབས་སམ། ལྡོང་མི་ནག་ཀུ་ཀུ་ར་སྐད། མི་ནག་གི་སྲས་གེ་ལུ། གེ་ལུ་ལ་སྲས་གེ་རྩེ། གེ་འཕན། གེ་རྒྱལ། བནྡེ་སྐབས་དང་བཞི། བནྡེ་སྐྱབས་ཀྱི་སྲས་དབལ་ཤུལ་གཡང་དྲུང་དབང་། དེ་ནས་དབལ་ཤུལ་གཤེན་རབ་འཕན། གཤེན་རབ་འཕན་གྱི་སྲས་ཆེ་བ་དབལ་ཤུལ་ཁྲོ་ཁོ་དང་། འབྲིང་བ་བན་ཞར། ཆུང་བ་བཀྲ་ཡག་དང་གསུམ། འབྲིང་བ་བན་ཞར་གྱི་སྲས་དབལ་ཤུལ་སྟག་ལྷ་སྐྱབས། སྟག་ལྷ་སྐྱབས་ཀྱི་སྲས་ཆེ་བ་དབལ་ཤུལ་སྟག་ལྷ་འཕན་དང་། ཆུང་བ་འབུམ་ཕྱུག་རྒྱལ་གཉིས། དབལ་ཤུལ་འབུམ་ཕྱུག་རྒྱལ་གྱི་སྲས་ཆེ་བ་དབལ་ཤུལ་བླ་མ་རྒྱལ་དང་། ཆུང་བ་སངས་རྒྱས་འབུམ་གཉིས་ཡིན། བླ་མ་རྒྱལ་གྱི་སྲས་དབལ་ཤུལ་བླ་མ་སྐྱབས། བླ་མ་སྐྱབས་ལ་སྲས་དབལ་ཤུལ་ཤཱཀྱ་ཐར་སོགས་སྤུན་བདུན་ཡོད།

ཤཱཀྱ་ཐར་གྱི་སྲས་དབལ་ཤུལ་རྟ་མགྲིན་ཡག དེའི་སྲས་དབལ་ཤུལ་མགོན་ལི། དེའི་སྲས་དབལ་ཤུལ་རབ་བརྟན། དེའི་སྲས་དབལ་ཤུལ་དབང་ཆེན་དང་། དཀའ་ཐུབ་གཉིས། དབང་ཆེན་གྱི་སྲས་དབལ་ཤུལ་བསོད་ནམས་རྡོ་རྗེ་དང་། དབལ་ཤུལ་མགོན་རྡོར་གཉིས་ཡིན། མགོན་རྡོར་གྱི་སྲས་དབལ་ཤུལ་བཀའ་སྡོད་མགོན་པོ། དེའི་སྲས་དབལ་ཤུལ་སྐལ་བཟང་མགོན། དེའི་སྲས་ནི་སྐབས་འདིར་ངོ་སྤྲོད་བྱེད་རྒྱུའི་མི་སྣ་གཙོ་བོ་དབལ་ཤུལ་རིག་འཛིན་དོན་འགྲུབ་ཡིན་ལ། ཁོང་གི་སྲས་ཆེ་བ་དབལ་ཤུལ་ཚེ་སྒྲུབ་མགོན་དང་། ཆུང་བ་ཡེ་ཤེས་རྡོ་རྗེ་གཉིས་ད་ལྟ་སྐུ་འཚོ་བཞུགས་སུ་མཆིས། ལྡོང་མི་ནག་ཀུ་ཀུ་ར་སྐད་ནས་ད་བར་མི་ལོ་༩༠༠ ཡས་མས་སོང་བར་(གསེར་ཐལ་གྱི་ལོ་རྒྱུས་དང་སྲོལ་རྒྱུན་)ཤོག་གྲངས་༢༡ པར་གསལ།

དཔོན་རིག་འཛིན་དོན་འགྲུབ་ནི་དབལ་ཤུལ་གསེར་རྟ་ལ་འབྲོག་སྦྲ་ནག་ཅན་ལ་ཁྲི་སྡེ་གཅིག རོང་ཤིང་སྒོ་ཅན་ལ་ཁྲི་སྡེ་གཅིག་བཅས་ཁྲི་སྡེ་གཉིས་ཀྱི་བདག་དབང་ཆ་ཚང་ཡོད་མཁན་དེ་ཡིན། དབལ་ཤུལ་གསེར་རྟའི་དཔོན་རབས་རིམ་བྱོན་ཚོས་མི་ལོ་བརྒྱ་ཕྲག་མང་བོའི་རིང་གསེར་རྟའི་དཔོན་ས་བཟུང་ཡོད་ཀྱང་སྤྱི་ཚོགས་རྙིང་བའི་དཔོན་པོ་རེ་ཟུང་ལྟར་རང་གི་འབངས་མི་ལ་ཚད་ལས་བརྒལ་བའི་ཁྲིམས་ལུགས་དང་། ལྐོག་ཟ་རུལ་སུངས། ཁྲལ་འུ་ལག་བསྡུ་བ་སོགས་ནམ་ཡང་བྱས་མྱོང་མེད་ལ་འབངས་མི་ཚོའི་ངོས་ནས་ཀྱང་བླ་དཔོན་གཅིག་ཆོག་གི་འདུ་ཤེས་བཟུང་ནས་མཇལ་ཁ་ཞུ་བ་དང་། མོ་འདེབས་པ་སོགས་དཔོན་འབངས་ཕན་ཚུན་མཛའ་ཞིང་མཐུན་པའི་ངང་ནས་རྒྱལ་སྲིད་ཐབས་ཀྱིས་བཟུང་ཞིང་སྡེ་འབངས་བརྩེ་བས་བསྐྱངས་པའི་ཉེར་ལེན་ལས་རྗེ་ཡི་ཆབ་སྲིད་ཀྱང་ཡུན་རིང་དུ་བརྟན་པ་བྱུང་བ་སོགས་མཁས་དབང་ནམ་མཁའི་ནོར་བུའི་(བྱང་འབྲོག་གི་ལམ་ཡིག་)ལག་བྲིས་མ་ཤོག་གྲངས་༢༦སོགས་སུ་གསལ་བ་ལྟར་ཡིན། རྫ་དཔལ་སྤྲུལ་ཆོས་ཀྱི་རྒྱལ་བོའི་གསུང་ལས། དཔོན་མེད་ན་སྡེ་འབངས་སུ་ཡིས་སྐྱོབས། །འབངས་མེད་ན་རྒྱལ་བོ་སུ་ལ་བྱེད། །དཔོན་དྲང་ན་སྡེ་འབངས་སྐྱིད་ཅིང་བཙན། །འབངས་རྒྱས་ན་རྒྱལ་བོའི་རྒྱན་དེ་ཡིན། །ཞེས་གསུངས་པ་ལྟར་དབལ་ཤུལ་དཔོན་རིག་འཛིན་དོན་འགྲུབ་ཀྱིས་གཙོས་པའི་དཔོན་རབས་རིམ་བྱོན་ཚོའི་བཀའ་དྲིན་ལས་གསེར་རྟའི་ཡུལ་མི་ཚོ་ལོ་ངོ་བརྒྱ་ཕྲག་མང་བོའི་རིང་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་ཐུབ་པ་བྱུང་ཡོད་ཀྱང་ཕྱི་ལོ་༡༩༥༠ ཡས་མས་ནས་རྒྱ་ནག་དམར་བོའི་སྲིད་གཞུང་གིས་བོད་ས་ཡོངས་རྫོགས་ཧམ་ཟོས་བྱེད་པའི་སྦྱོར་བ་དངོས་སུ་བརྩམས་པ་དང་གཅིག་མཚུངས་ཀྱིས་དབལ་ཤུལ་གསེར་རྟའི་དཔོན་པོ་རིག་འཛིན་དོན་གྲུབ་ལ་རྒྱ་ནང་དུ་ཡོང་དགོས་པ་དང་། རྒྱ་བོད་དབར་འབྲེལ་ལམ་འཛིན་དགོས་པ། ཟླ་ཕོགས་དང་། གོ་ས་སྤྲོད་རྒྱུ་ཡིན་ཚུལ་སོགས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་གིས་མགོ་སྐོར་བསླུ་བྲིད་གཏོང་ཐབས་བྱས་ཀྱང་སྐབས་དེར་དབལ་ཤུལ་དབོན་པོ་རིག་འཛིན་དོན་འགྲུབ་ཀྱིས་ང་ལ་ཟླ་ཕོགས་མི་དགོས་ལ་གོ་ས་ཡང་མི་དགོས། ང་རྒྱ་ནང་ལ་ཡོང་དགོས་དོན་ཡང་མེད། ཁྱེད་ཅག་རྒྱའི་དཔོན་པོ་དང་དམག་མི་ཚོ་ཡང་དབལ་ཤུལ་གསེར་རྟའི་ས་ཆར་ཡོང་དགོས་དོན་མེད། ང་ཚོ་རང་རང་ས་ནས་བསྡད་ན་ཡག་གི་རེད་ཅེས་མཐའ་གཅིག་ཏུ་རྒྱ་དམག་འགོག་ཐབས་ལ་བརྩོན་ཀྱང་གནས་སྟངས་ལོ་རེ་ལས་ཇེ་སྡུག་ཏུ་སོང་བ་དང་། རྒྱ་དམག་ཇེ་མང་དང་དམག་གི་ཅ་ལག་དབོར་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། གསེར་རྒོད་རྒན་ཐང་(དེང་སྐབས་གསེར་རྟ་རྫོང་ཡོད་ས་དེ་ཡིན།)དུ་རྒྱ་སྒར་ཞིག་བཙུགས་པ་དང་། མངོན་གསལ་དོད་པོ་མིན་པའི་སྒོ་ནས་ས་བྲུས་ཏེ་དམག་གི་འཐབ་ར་བཟོ་བ་དང་། ལག་འབམ་དང་མེ་སྒྱོགས་ཕོན་ཆེན་དབོར་འདྲེན་བྱེད་པ་སོགས་གནས་ཚུལ་ཆེས་ཛ་དྲག་ཏུ་གྱུར་པ་དང། སྐབས་གཅིག་ལ་དབལ་ཤུལ་དཔོན་རིག་འཛིན་དོན་འགྲུབ་རྒྱའི་དམག་སྒར་སྟེང་དངོས་སུ་ཕེབས་ནས་རྒྱ་དམག་འདིར་འདུག་མི་ཆོག་པ་དང་། ཁོང་ལ་ཕོགས་དང་གོ་ས་མི་དགོས་པ་དང་། ཁྱེད་ཚོས་མུ་མཐུད་ནས་འདི་ལྟར་བྱས་ན་ང་ཚོའི་དབར་གནས་ཚུལ་ཛ་དྲག་འབྱུང་རྒྱུ་ཡིན་ཚུལ་སོགས་ཀྱི་གཏམ་རྔམ་ཟིལ་ཅན་མང་བོ་བཤད་དེ་རྒྱ་དཔོན་ཚོ་ཅི་བྱ་གཏོལ་མེད་དུ་གྱུར་ནས་སྙིང་འདར་དགོས་པ་བཟོས་ཡོད།

དེ་ལྟར་དམར་གཞུང་གིས་རྒྱུན་དུ་དབལ་ཤུལ་དཔོན་རིག་འཛིན་དོན་འགྲུབ་མགོ་སྐོར་བསླུ་བྲིད་གཏོང་ཐབས་བྱེད་མུས་ཡིན་པ་ལྟར། ཕྱི་ལོ་༡༩༥༧མེ་བྱ་ལོའི་ལོ་སར་གྱི་སྔོན་ཙམ་ལ་དབལ་ཤུལ་དཔོན་ཚང་གི་རུ་ཐོག་ཏུ་མི་མངགས་ནས་ཁྱོད་ད་ཐེངས་དམག་སྒར་ཡོད་སར་ཤོག་དང་ང་ཚོས་མཉམ་དུ་ལོ་སར་སྐྱིད་པོ་ཞིག་བྱེད་དགོས། གལ་སྲིད་ཁྱོད་དམག་སྒར་ཡོད་སར་ཡོང་མི་ཐུབ་ན་ང་ཚོ་ལོ་སྐལ་སྐྱེལ་སར་ཡོང་རྒྱུ་ཡིན་ཞེས་གཡོ་གཏམ་ཞི་འཇམ་སྣ་ཚོགས་ཤིག་བཤད་ཀྱང་དབལ་ཤུལ་དཔོན་པོ་དམག་སྒར་སྟེང་དུ་འགྲོ་བ་ཕར་ཟད། ང་ལ་ཁྱོད་ཚོ་དང་མཉམ་དུ་ལོ་སར་བཟའ་རྒྱུའི་འདོད་པ་མེད། གལ་སྲིད་ཁྱོད་ཚོ་ང་ཡོད་སར་ཡོང་འདོད་ན་ཤོག་དང་གྲ་སྒྲིག་ཨང་གསར་བྱས་ཡོད་ཅེས་ལན་བསྐུར་འདུག ཁོ་ཚོས་དབལ་ཤུལ་དཔོན་རྒྱའི་དམག་སྒར་སྟེང་དུ་ལོ་སར་ལ་མགྲོན་འབོད་བྱེད་པ་དེ་ནི་མགོ་སྐོར་བཏང་ནས་འཛིན་བཟུང་བྱེད་འདོད་པ་དང་། རུ་ཐོག་ཏུ་ལོ་སར་སྐྱེལ་སར་ཡོང་དགོས་པར་བཤད་པ་དེ་ཡང་མགོ་མ་བཏགས་ན་དམག་གིས་དྲག་གནོན་བྱེད་རྒྱུ་ཡིན་པའི་བརྡ་བཏང་བ་ལས་དབལ་ཤུལ་དཔོན་ལ་ཆེ་མཐོང་བཞག་པའམ་ཤ་ཚ་བ་ག་ལ་ཡིན། དེ་ནས་དམར་གཞུང་གིས་དབལ་ཤུལ་དབོན་བསླུ་བྲིད་བྱས་ནས་མགོ་སྐོར་གཏོང་མི་ཐུབ་པ་ཐག་ཆོད་ནས་ལོ་དེའི་ལོ་སར་ཚེས་པ་གསུམ་ཉིན་དབལ་ཤུལ་དཔོན་ཚང་རྒྱ་དམག་སྟོང་ཕྲག་ཁ་ཤས་ཀྱིས་ཕྱོགས་གསུམ་ནས་བསྐོར་ཏེ་ཉིན་མཚན་གསུམ་རིང་མེ་སྒྱོགས་དང་མེ་མདའ་བརྒྱབ་སྟེ་མི་རྒྱུ་ཟོག་གསུམ་ལ་གྲོང་གུད་ཚབ་ཆེན་བྱུང་ཡང་སྐབས་དེར་དབལ་ཤུལ་དཔོན་པོ་ལ་སྐྱོན་གང་ཡང་བྱུང་མེད། ཉིན་འདི་ནས་བཟུང་དབལ་ཤུལ་གསེར་རྟའི་ཡུལ་གྱི་ཁྲི་བཞི་ཁ་སྡོང་གི་དམག་འཁྲུག་ཟེར་བ་དེ་དངོས་སུ་འགོ་བཙུགས་པ་ཡིན།

དེ་ནས་དཔོན་ཚང་གི་རུ་ཐོག་ལ་རྒྱ་དམག་གིས་ཚུལ་རྒོལ་བྱས་པ་དང་། གསེར་རྟ་ཆུ་སྟོད་སྨད་ཀྱི་ཚོ་དཔོན་རང་རང་གི་དཔུང་དམག་རྣམས་ཁྲིད་ནས་དཔོན་ཚང་ཡོད་སར་མྱུར་དུ་འདུ་དགོས་ཚུལ་གྱི་བརྡ་ལན་ཕྱོགས་གང་སར་འབྱོར་བ་ན་ཚེས་བཞིའི་ཉིན་ནས་གསེར་རྟ་ཆུ་སྟོད་ཕྱོགས་ཀྱི་ཚོ་བ་མང་བོ་རིམ་བཞིན་འདུས་པ་དང་། གསེར་རྟ་ཆུ་སྨད་ཕྱོགས་ནས་ཀྱང་དེ་བཞིན་ཚོ་དཔོན་ཁག་གཅིག་གིས་རང་རང་གི་དཔུང་དམག་རྣམས་ཁྲིད་ནས་འབྱོར་ཡོད་ཀྱང་སྐབས་དེར་ཕལ་ཆེར་བོད་དམག་སུམ་སྟོང་ཙམ་ལས་འཛོམས་ཐུབ་མེད། ཚེས་ལྔ་ཉིན་དབལ་ཤུལ་རིག་འཛིན་དོན་འགྲུབ་ཀྱིས་ཚོགས་འདུ་ཞིག་འཚོགས་ཏེ་ཚེས་བཅོ་ལྔ་ཚུན་ཆད་ལ་གསེར་རྟ་ཆུ་སྟོད་སྨད་གཉིས་ཀྱི་དམག་ཡོངས་རྫོགས་འཛོམས་ནས་རྒྱ་དམག་ལ་ཕལ་རྒོལ་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས། འོན་ཀྱང་ཚེས་བཅོ་ལྔ་ལ་འཛོམས་མ་ཐུབ་ཀྱང་ཚེས་ཉེར་གཉིས་ཙམ་ལ་དབལ་ཤུལ་གསེར་རྟའི་དམག་ཕལ་ཆེ་བ་འཛོམས་འདུག དབལ་ཤུལ་དབོན་རིག་འཛིན་དོན་འགྲུབ་ཀྱིས་སྡོང་རའི་མཆན་ལུང་(གསེར་མགོན་པོ་འབྲོང་རི་དང་ཁད་ཉེ་བའི་ལུང་བ་ཞིག)སྟོད་དུ་ཚོ་དཔོན་རྣམས་ཚོགས་འདུ་བསྐོངས་ཏེ་ཁོང་གིས་གསུང་དོན། གཡས་གཡོན་གྱི་ས་ཆ་མང་བོས་འཛིངས་ཡོད་པ་རེད། དེ་དག་ཕལ་ཆེ་བའི་མགོ་བླངས་ཚར་བ་རེད། ད་ང་ཚོས་མུ་མཐུད་ནས་འཛིང་དགོས་པས་ཐོག་མར་གསེར་རྟའི་ཚོ་བ་སོ་སོའི་དམག་རྣམས་ས་ཆ་བགོས་བྱས་ནས་རྒྱའི་དམག་སྒར་བསྐོར་ཏེ་འཛིང་རྒྱུ་བྱས་ན་ལེགས་ཚུལ་གསུངས་པར། བོ་ཆུང་འཇིགས་བློ་ཟེར་བའི་ཚོ་དཔོན་ཞིག་ཡོད་པ་དེས་ད་ང་ཚོར་མདའ་ཡང་ཉུང་ཉུང་རེད། རྒྱ་དམག་ཉིན་རེ་ལས་མང་དུ་འགྲོ་བཞིན་འདུག་པས་ཡུན་རིང་ལ་ཁུངས་འཁྱོལ་ཐབས་དཀའ་བས་དེ་ལས་དབལ་ཤུལ་དཔོན་རིག་འཛིན་དོན་འགྲུབ་ཀྱིས་གསེར་རྟ་ཆུ་སྟོད་མའི་དམག་འགོ་འཁྲིད་རྒྱུ་གྱིས། དབལ་ཤུལ་རྩང་སྨད་ལྕགས་སྲས་དཔོན་པོ་ཚེ་དབང་རྣམ་རྒྱལ་གྱིས་གསེར་རྟ་ཆུ་སྨད་མའི་དམག་མགོ་འཁྲིད་རྒྱུ་གྱིས་དང་ང་ཚོས་ཉི་མ་གཅིག་ལ་རྒྱའི་དམག་སྒར་སྟེང་ལ་ཕར་རྒོལ་བྱས་ནས་དམེ་ནག་ཁྲག་གི་འཁོར་ལོ་བསྐོར་ནས་བློ་བདེ་ནི་ཞིག་འཛིང་རྒྱུ་བྱེད། སྐབས་དེར་མི་གང་མང་ཞིག་གི་སྲོག་འཆོར་ངེས་ཡིན།

ཐུག་ས་ནི་རྒྱ་གུང་ཁྲན་རེད། དགྲ་ལ་ཐུག་ན་གང་བཟང་འཆི་རྒྱུ་རེད། མུ་གེ་བྱུང་ན་གང་ངན་འཆི་རྒྱུ་རེད། དེ་ནས་དཔོན་པོ་རྣམ་པ་གཉིས་རྒྱལ་ཁམས་གཞན་ཞིག་ལ་སྐྱབས་བཅོལ་རེ་ལ་འགྲོ་ཨེ་ཐུབ་བལྟས་ན་བཟང་ཚོད་འདུག གཞན་ཐབས་ཤེས་མི་འདུག་ཟེར། མགོ་ལོག་ཁག་གསུམ་ལས་མགོ་ལོག་དབང་ཆེན་འབུམ་ཚང་གི་དཔོན་པོ་དབལ་ཤུལ་བསོད་ནམས་མགོན་གྱི་སྲས་དབལ་ཤུལ་ཆོས་སྐྱོང་མགོན་ཡང་སྐབས་དེར་ཕེབས་ཡོད་པ་དང་། ཁོང་གིས་ང་ཚོས་དཔོན་པོ་ཚང་གིས་གསུངས་པ་བཞིན་རྒྱང་སྐོར་བྱས་ནས་མེ་མདས་འཛིང་རྒྱུ་བྱས་ན་ཕལ་ཆེར་རྒྱ་དམག་གི་ས་འཕུད་ཐུབ་རྒྱུ་རེད། གལ་སྲིད་མ་ཐུབ་ཀྱང་ང་ཚོས་དེ་ལྟར་གླེན་རྒྱུགས་བྱས་ན་ཕན་ཐོགས་གང་ཡང་མེད། མི་མང་བོའི་ཚེ་སྲོག་འཆོར་གི་རེད། ཅུང་ཙམ་བསྒུག་ན་གོ་རྒྱུ་ཤེས་རྒྱུ་རེ་ཡོད་ཚོད་རེད། གཅིག་བྱས་ན་ལམ་ཁ་གཞན་རེ་ཡང་འབྱུང་སྲིད། སྔ་གཞུག་ལ་བལྟས་ནས་ལས་ཀ་བྱས་ན་ཡག་གི་རེད་ཅེས་གསུངས། དེ་ལྟར་དཔོན་བློན་ཚོས་གྲོས་སྡུར་གང་མང་བྱས་པའི་མཐར་དབལ་ཤུལ་དཔོན་རིག་འཛིན་དོན་འགྲུབ་ཀྱིས་གསུངས་པ་བཞིན་ཚོ་བ་སོ་སོར་ས་ཆ་བགོས་ནས་རྒྱང་རིང་ནས་མེ་མདས་འཛིང་རྒྱུ་ཐག་བཅད། དབལ་ཤུལ་དབོན་རིག་འཛིན་དོན་འགྲུབ་ཀྱིས་མགོ་ཁྲིད་དེ་ཚོ་དམག་སོ་སོས་རང་རང་གི་ས་བཟུང་ནས་ཕྱོགས་བཞི་མཚམས་བརྒྱད་ནས་རྒྱའི་དམག་སྒར་བསྐོར་ཏེ་ཟླ་བ་གཅིག་གི་རིང་དམག་འཁྲུག་བྱས་ཀྱང་ཕན་ཚུན་ལ་ཧ་ཅང་གི་ཤི་རྨས་མང་བོ་ཐེབས་མེད། བ་རི་ཟླ་བ་ཚེ་རིང་གིས་བརྩམས་ཤིང་ཕྱི་ལོ་༢༠༠༧ ལོར་དཔར་བསྐྲུན་བྱས་པའི་(ཟུངས་ཁྲག་དྲོན་མོ་གངས་ཅན་ལྗོངས་སུ་མཆོད།)ཅེས་པའི་སྟོད་ཆ་ཤོག་གྲངས་༡༨༠ བར། བྲག་མགོ་དང་ཐག་ཉེ་བའིི་དབལ་ཤུལ་གཙང་སྟོད་དང་གཙང་སྨད། ལི་རྫོང་ཆོས་གཞིས། ལི་ཁོག གཡུ་ཁོག་སོགས་ཚང་མར་རྒྱ་རྒོལ་དམགས་དཔུང་བཙུགས་ཡོད། ཅེས་བཤད་པ་ལྟར་གསེར་རྟ་དཔོན་པོས་རང་ཁོངས་ཀྱི་དབལ་ཤུལ་གཙང་སྟོད་སྨད་གཉིས་དང་། ལི་གཙང་ཆོས་གཞིས། ལི་ཁོག གཡུ་ཁོག་སོགས་ས་ཆ་ཁག་མང་བོར་རྒྱ་རྒོལ་དམག་དཔུང་བཙུགས་ཏེ་ལོ་དང་ཟླ་བ་སྦྲེལ་ནས་༡༩༥༩ལོའི་བོད་ཟླ་༦པའི་ཚེས་༡༥བར་ལོ་ངོ་ཕལ་ཆེར་གསུམ་ཙམ་གྱི་རིང་རྒྱ་དམག་དང་ཁྱོད་ཤི་ང་གསོན་གྱིས་དམག་འཁྲུག་གྲངས་ཀྱིས་མི་ལོང་བ་བྱས་པའི་ཁྲོད་བསད་རྨས་ཀྱང་དེ་ཙམ་ཞིག་བྱུང་ཡོད་པ་ནི་སྨོས་མེད་རེད།

ང་བརྒྱད་ལོའི་མཇུག་ཙམ་ནས་གཡས་གཡོན་གྱི་ཡུལ་ལུང་ཕལ་ཆེ་བ་རྒྱ་དམག་གིས་གཏོར་བཅོམ་བྱས་ཟིན་པ་དང་། གསེར་རྟ་ས་ཆར་ཡང་རྒྱའི་དམག་ཤུགས་ཉིན་རེ་ལས་ཆེ་རུ་སོང་ཡོད། གོང་གི་དེབ་དེའི་ཤོག་གྲངས་༡༨༠ བར། སྐབས་དེར་དམངས་གཙོ་བཅོས་བསྒྱུར་གྱིས་ཁམས་ཁུལ་ཚང་མ་འཐབ་འཁྲུག་ལངས་ཏེ། གྲོང་ཚོའམ་ཚོ་བ་རེ་རེའི་མི་བཅུ་གྲངས་འདུས་ནས་རྒྱ་རྒོལ་བྱས་པས། རྒྱ་མིས་ཚུལ་རྒོལ་འོག་རང་སོར་གནས་ཐབས་མེད་པར་རི་མགོར་བྲོས་པའམ་ཕྱི་ལོགས་སུ་བྲོས་པ་ལས་ཐབས་མེད། འོན་ཀྱང་ཝ་ཤུལ་(དབལ་ཤུལ་)གསེར་ཐར་གྱི་(གསེར་རྟའི་)རྒྱ་རྒོལ་དཔུང་དམག་ཚོ་མི་མང་ཞིང་དཔའ་ངར་ཆེ་བས། རྒྱ་མི་དང་དམག་འཁྲུག་བརྒྱབ་ནས་རྒྱལ་ཁ་ཐེང་(ཐེངས་)མང་པོ་ཐོབ་པ་དང་། ཅེས་དང་། དེ་ནས་བྱང་ཁུལ་དུ་འགོ་ལོག་གི་དབང་ཆེན་འབུམ་ཁོངས་ཀྱི་སྟོད་པ་དང་། འབོས་པ། གྲི་ལོང་ཚང་། ཁ་ནང་ཚང་གི་རྒྱ་རྒོལ་དམག་དཔུང་ཡང་ཁོང་ཚོ་དང་མཉམ་དུ་འཛོམས་ཡོད་པས། དམག་འཁྲུག་སྐབས་རྒྱ་དམག་ཐེངས་མང་པོར་ཕམ་པར་བྱས་ནས། སྡེ་དགེ་དང་། ཉག་རོང་། བྲག་མགོ དར་རྩེ་མདོ། རྡོ་ཁོག ཁྲོ་ཆུ་སོགས་ཀྱི་བོད་མི་གཅིག་རྗེས་གཉིས་མཐུད་ཀྱི་ཁོང་ཚོའི་གྲྭས་སུ་ཞུགས་ཤིང་། བོད་དམག་ཧ་ཅང་སྟོབས་ཆེན་པོ་ཆགས་ཡོད། ཅེས་བཤད་པ་ལྟར་དབལ་ཤུལ་རིག་འཛིན་དོན་འགྲུབ་ཀྱི་དཔུང་དམག་དེ་ཚོ་དཔའ་ངར་ཆེ་ཞིང་མི་མང་བ་དང་། རྒྱ་དང་དམག་འཁྲུག་བརྒྱབ་ནས་རྒྱལ་ཁ་ཐེངས་མང་བོར་ཐོབ་པ་སོགས་ལ་བརྟེན་ནས་གཡས་གཡོན་གྱི་ཡུལ་ལུང་མང་བོའི་བོད་དམག་གང་མང་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་ཁོང་ཚོའི་གྲྭས་སུ་ཞུགས་ཡོད། ཡང་དེབ་དེའི་ཤོག་གྲངས་༡༨༠ བར། རྒྱ་རྒོལ་དམག་དཔུང་ནང་གི་འགོ་ཁྲིད་གཙོ་བོ་ནི་ཝ་ཤུལ་(དབལ་ཤུལ་)རིག་འཛིན་དོན་འགྲུབ་ཟེར་བ་དེ་ཡིན། མི་ཚོས་ཁོང་སྲུང་མ་མགོན་པོའི་སྤྲུལ་བ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

དམག་དཔོན་གཞན་པ་ཞིག་ཡོད་པ་ནི་གཙང་སྨད་ཀྱི་རྒྱལ་འགོ་འགྲེལ་བོ་ཟེར་བ་ཞིག་(དབལ་ཤུལ་གཙང་སྨད་ལྕགས་སྲས་ཚེ་དབང་རྣམ་རྒྱལ།)ཡིན། ཞེས་པ་ལྟར་སྡེ་མི་ཚང་ཁྲི་གཉིས་ཀྱི་བདག་པོ་དབལ་ཤུལ་རིག་འཛིན་དོན་འགྲུབ་ཀྱིས་བོད་དམག་ཁྲི་ཕྲག་ཁ་ཤས་ཀྱི་མགོ་ཁྲིད་ནས་རྒྱ་དམག་ལ་དྲག་པོའི་གཡུལ་འཁྲུག་བྱས་ཏེ་ལོ་དང་ཟླ་བ་སྦྲེལ་ཡང་བར་ལམ་ཞིག་ནས་རྒྱའི་དམག་དཔུང་ཆེ་རུ་བཏང་སྟེ་ཁྲི་ཚོ་བཞིས་ཕྱོགས་སོ་སོ་ནས་བསྐོར་ཏེ་ས་ཟིན་དཀའ་བར་གྱུར་པ་ན་དབལ་ཤུལ་རིག་འཛིན་དོན་འགྲུབ་ཀྱིས་དམག་ས་གཞན་ཞིག་ཏུ་སྤོ་རྒྱུ་ཐག་བཅད་དེ་དམག་ཁུལ་སོ་སོར་ཚོགས་འདུ་འཚོགས་དགོས་པའི་བརྡ་འབྱོར། དམག་ཤོག་གཅིག་གི་མགོ་ཁྲིད་དགུ་མདའ་དཔོན་ཟེར་བ་དེ་དམག་སར་བཀྲོངས་པ་དང་། ཁོའི་བུ་ཟླ་སྤང་ཕའི་ཚབ་ཏུ་དམག་དཔོན་ལ་བསྐོས་ཏེ་དེ་རིང་ནས་བཟུང་ཁྱོད་ཀྱི་ཨ་ཕ་ང་ཡིན་ཞེས་སེམས་གསོ་བྱས། དམག་འཁྲུག་དྲག་པོ་རྒྱག་བཞིན་པར་བརྟེན། སྡེ་ཤོག་སོ་སོའི་དམག་དཔོན་བརྒྱ་ལྷག་ཐང་ཐོག་ཏུ་འཛོམས་ནས་རྟ་ལ་ཞོན་བཞིན་ཏུ་གོར་གོར་བྱས་ནས་ཚོགས་འདུ་འཚོགས་ཏེ་དབལ་ཤུལ་རིག་འཛིན་དོན་འགྲུབ་ཀྱིས་སྐད་ཤུགས་ཆེན་པོས་ང་ཚོས་དམག་ས་བྱ་སྟོད་ཕྱོགས་སུ་སྤོར་དགོས་པས་དབང་ཆེན་སྟོད་པ་དང་། དགུ་མདའ་ཚང་སོགས་ས་བབ་ལ་རྒྱུས་ཡོད་མཁན་ཚོ་སྔོན་ལ་འགྲོ་རྒྱུ་གྱིས། དེ་མིན་སྡེ་ཤོག་སོ་སོའི་བླ་མ་དང་ནང་མི་སོགས་རང་ས་ནས་འགེབས་སྲུང་གྱིས། སྔ་རྗེས་སུ་འགོག་སྲུང་བྱེད་མཁན་རྣམས་དམག་མི་རྐྱང་བ་ལས་ནང་མི་ཁྲིད་མི་ཆོག སེམས་ཅན་དེད་མི་ཆོག དེ་རིང་ང་ཚོས་ངེས་པར་དུ་ལམ་ཁ་ཞིག་གཏོད་ཐུབ་དགོས། རྒྱ་དམག་ལ་མགོ་སྒུར་བསམ་མཁན་ཡོད་ན་སོ་སོའི་རང་དབང་ཡིན། ང་ལ་མི་དགའ་བ་ཅི་ཡང་མེད། ཅེས་གསུངས་ཏེ་ང་དགུ་ལོའི་བོད་ཟླ་༦ པའི་ཚེས་བཅུ་བཞིའི་མཚན་མོར་རྒྱ་དམག་གི་དཔུང་གཤག་འགོ་བརྩམས་པ་ན་དྲག་ཆར་ཆེན་པོ་འབབ་པ་དང་། སྨག་ཧ་ཅང་འཐིབ་པ། རྒྱའི་དམག་དཔུང་གྲངས་མང་བ་དང་། མཚོན་ཆ་སྟོབས་ཤུགས་ཆེ་བ་སོགས་ཀྱིས་ཕལ་ཆེ་བ་དཔུང་གཤགས་མ་ཐུབ་པར་རྒྱ་དམག་གི་དཀྱིལ་དུ་ལྷུང་བ་ན།

སྙིང་སྟོབས་དང་དཔའ་ངར་ཞུམ་པ་མེད་པའི་དབལ་ཤུལ་རིག་འཛིན་དོན་འགྲུབ་ཀྱིས་མགོ་ཁྲིད་དེ་བོད་དམག་ཁྲི་ཚོ་མང་བོས་ཉིན་མཚན་གཉིས་ཀྱི་རིང་གནམ་ས་འགུལ་བ་ལྟ་བུའི་གཡུལ་འཐབ་བྱས། བར་སྐབས་ཤིག་ནས་བོད་དམག་ཚོས་མེ་མདའ་དང་མདེའུ་སོགས་ཚར་ནས་མཚོན་ཆ་ཚང་མ་རྒྱ་དམག་གི་ལག་ནས་འཕྲོག་ཐབས་ལ་བརྟེན་ནས་གསོད་རེས་ཁྲག་གི་འཁོར་ལོ་བསྐོར་ཏེ་རི་ལུང་བ་བེམ་རོས་བཀང་། མཐར་མེ་མདའ་དང། ལག་འབམ། མེ་སྒྱོགས་སོགས་མཚོན་ཆ་ཁོ་ནས་བར་ཁྱད་ཀྱིས་ཡུན་རིང་མ་བརྟན་པར་དབལ་ཤུལ་གཙང་སྨད་ཚང་གི་དཔོན་པོ་གཙང་སྨད་ལྕགས་སྲས་ཚེ་དབང་རྣམ་རྒྱལ་དང་། ཁོང་གི་སྲས་པོ་སྟོབས་ལྡན་བཅས་ཁོང་གསུམ་མ་གཏོགས་བོད་དམག་ཁྲི་ཚོ་ཁ་ཤས་ཡོད་པ་ལས་ཕལ་ཆེ་བའི་གཅེས་སྲོག་དགྲ་ལག་ཏུ་ཤོར། ཁོང་གསུམ་གྱིས་ད་དུང་ངར་ཤུགས་ཆེན་པོའི་སྒོ་ནས་དམག་འཐབ་ཡུན་རིང་བྱས་པས་གཙང་སྨད་ལྕགས་སྲས་དཔོན་ཕ་བུ་གཉིས་ཀྱང་བཀྲོངས་པ་དང་། དབལ་ཤུལ་དཔོན་རིག་འཛིན་དོན་འགྲུབ་ཀྱིས་ལག་ཆ་དང་དཔུང་རོགས་ཚང་མ་རྫོགས་པ་ན་རང་ཉིད་གཅིག་པུ་རྒྱ་དམག་ཏུ་ཁྲོད་དུ་བརྒྱུགས་ཏེ་གྲི་འཐབ་བྱས་ནས་རྒྱ་དམག་བཅུ་ཕྲག་དུ་མ་དམར་གསོད་བྱས་ཏེ་མཐར་ཕྱི་ལོ་༡༩༥༩ ལོའི་བོད་ཟླ་༦ པའི་ཚེས་༡༥ ཉིན་(རྒྱ་གཞུང་གི་ཡིག་ཆ་ལ་ལར་༡༩༥༩ ལོའི་ཕྱི་ཟླ་༧ ཚེས་༢༣ ཉིན་ བཀྲོངས་པར་བཤད་པ་ལྟར་ན་བོད་ཟླ་༦པའི་ཚེས་༡༩ ལ་ཁེལ་ཡོད་) བྱའི་སྐྱ་རིང་རྐྱང་མཚོ་ཞེས་པའི་(གསེར་ཐལ་གྱི་ལོ་རྒྱུས་དང་སྲོལ་རྒྱུན་ཤོག་གྲངས་༤༤ བར། འོམ་སྙི་ནས་སྐོང་ཟེར་བའི་སའི་ཆར་སྐུ་བཀྲོངས་ཞེས་བཀོད་འདུག)ས་ཆ་དེར་རྒྱ་དམག་ཚོས་མཚོན་གྱིས་གནོད་མ་ཚུགས་པར་བརྟེན། རྡོ་དང་དབྱུག་པ་སོགས་ཀྱིས་རུབ་རྡུང་བྱས་ནས་དགུང་གྲངས་༤༣ལས་མ་སོན་པའི་རྒྱལ་གཅེས་དཔའ་བོ་དབལ་ཤུལ་རིག་འཛིན་དོན་འགྲུབ་ཀྱི་སྐུ་ཚེའི་འཕེན་པ་ལ་རྫོགས་ཚིག་བཀོད་པ་ཡིན་ནོ།། ཁྲི་བཞི་ཁ་སྡོང་གི་དམག་འཁྲུག་ཅེས་གསེར་རྟའི་དམངས་ཁྲོད་དུ་དུས་ལྟའང་ཐ་སྙད་རྒྱུན་འཇགས་སུ་གནས་པའི་རྒོལ་འཛིང་དེའི་སྐབས་དགྲ་དམག་ཚོས་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་མ་ཟད། ཐ་ན་རྟ་ནོར་ལུག་གསུམ་སྒོ་ཁྱི་དང་བཅས་པ་མིག་གིས་མཐོང་ཚད་བསད་ནས་རི་སྒང་ཤ་དང་རི་ཀླུང་ཁྲག་གིས་བཀང་སྟེ་དྲག་མཚོན་གྱི་སོ་མ་ཟུག་པར་རུབ་རྡུང་བྱས་ནས་ཤ་ཉོག་རུས་ཉོག་ཏུ་བཏང་བའི་དབལ་ཤུལ་རིག་འཛིན་གྱི་དོན་འགྲུབ་ཀྱི་སྐུ་ཕུང་དེ། གསེར་རྒོད་རྒན་ཐང་དུ་ཁྱེར་ནས་བོད་མི་སྟོང་ཕྲག་མང་བོ་འཛོམས་པའི་དཀྱིལ་དུ་བཞག་ནས། རྒྱ་དཔོན་སྐོར་ཞིག་གིས་སྐད་གསང་མཐོན་པོས། མི་མང་ཚོས་ལྟོས་དང་། མི་འདི་ཚོ་ངོ་ལོག་པ་རེད། འདི་ཚོ་འདུག་མ་ཤེས་པར་ཀྲུང་གོའི་རྒྱལ་ཁབ་ལ་ངོ་ལོག་རྒྱབ་འགལ་བྱས་པ་རེད། དབལ་ཤུལ་གསེར་རྟའི་མི་རྒྱུ་གཉིས་ཀ་རྩ་མེད་དུ་སོང་བའི་རྩ་བ་འདི་རེད།

ཁྱོད་ཚོས་ཁོ་མཐོང་ན་ཁོང་ཁྲོ་ཟ་ཀི་འདུག་གམ ཁོ་འགྲོ་ཤེས་འདུག་ཤེས་ཤིག་བྱས་ཡོད་ན་མི་རྒྱུ་གཉིས་ལ་གནོད་སྐྱོན་གང་ཡང་ཐེབས་མེད། ཁྱོད་ཚོས་ངེས་པར་དུ་མགོ་འདོགས་དགོས། གལ་སྲིད་མགོ་མ་བཏགས་ན་མཇུག་འབྲས་འདི་མ་གཏོགས་མེད་ཅེས་དཔོན་གྱི་སྐུ་ཕུང་ལ་རྒོལ་གཏམ་དང་། མི་མང་ལ་འཇིགས་སྐུལ་སྣ་ཚོགས་བྱས། མགོ་འདོགས་མཁན་ཚོར་ཀྲུང་གོའི་རྒྱལ་ཁབ་ཀྱིས་བདེ་སྐྱིད་ཕུན་སུམ་ཚོགས་པ་བསྐྲུན་ངེས་ཡིན་ཚུལ་སོགས་བསླུ་བྲིད་ཀྱི་གཏམ་སྣ་ཚོགས་བཤད་འདུག གཡོ་སྒྱུ་ཁྲམ་གསུམ་དང་དྲག་ལས་ཁོ་ནར་བརྟེན་ནས་བོད་ཡུལ་སྤྱི་མཚུངས་ལྟར་དབལ་ཤུལ་གསེར་རྟ་ཡང་འདི་ལྟར་མུན་ནག་གི་འཇིག་རྟེན་དུ་བརྫངས་པ་ཡིན། གོང་དུ་དྲངས་པའི་བ་རི་ཟླ་བ་ཚེ་རིང་གིས་བརྩམས་པའི་དེབ་དེའི་ཤོག་གྲངས་༩༨༡ ལས། རྒྱུས་ལོན་བྱས་པ་ལྟར་ན། ཝ་ཤུལ་(དབལ་ཤུལ་)གསེར་རྟར་བོད་དམག་ཁྲི་ཚོ་ཁ་ཤས་འདུས་ཡོད་པས། ལྕགས་ར་དཔལ་འབར་སོགས་ཀྱི་གཡུལ་འཁྲུག་ལས་ཛ་དྲག་ཆེ་ནའང་། དམག་འཐབ་དེ་ལས་ཐར་མཁན་གྱི་མི་ཞིག་ངས་བརྩད་ཆོད་མ་སོང་བས། དོན་གཉེར་ཅན་གྱིས། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་གཅེས་སྲོག་ཕུལ་བའི་སྔོན་གཤེགས་དཔའ་བོ་དེ་དག་གི་སྙིང་སྟོབས་དང་བྱས་རྗེས་རྣམས་རྗེས་མེད་དུ་མ་སོང་བར་ཁ་གསབ་གནང་ཐབས་ཞུ་གི་ཡོད། ཅེས་གཞེན་སྐུལ་གནང་བ་བཞིན་ངེད་རྩོམ་སྒྲིག་ཚོགས་པས་ཀྱང་འདིར་དྲངས་པའི་(ཟུངས་ཁྲག་དྲོན་མོ་གངས་ཅན་ལྗོངས་སུ་མཆོད།)ཅེས་པ་སོགས་མདོ་དབུས་ཁམས་གསུམ་གྱི་མཁས་པས་མཛད་པའི་ཚད་ལྡན་ཡིག་ཆ་ཁག་ཅིག་དང་། ངག་རྒྱུན་དག་མ་སྐོར་ཞིག་ལ་ཁུངས་བཅོལ་ཏེ་དབལ་ཤུལ་གསེར་རྟའི་དཔོན་བསྟན་འཛིན་མགོན་ནམ། རིག་འཛིན་དོན་འགྲུབ་ངོ་སྤྲོད་ཀྱི་ཞོར་དུ་སྐབས་དེའི་གསེར་རྟའི་ས་ཆའི་རྒྱ་རྒོལ་དམག་འཁྲུག་གི་ངོ་གདོང་ཡང་ཕྱོགས་ཙམ་མཚོན་པར་བྱས་ཏེ། ཕྱི་ལོ་༢༠༡༥ཕྱི་ཟླ་༦ པའི་ཚེས་༥ལ་གསེར་རྟའི་ལོ་རྒྱུས་རྩོམ་སྒྲིག་ཚོགས་ཆུང་གིས་སྤེལ།།  །།

3 Responses

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།