༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལའི་ཕོ་བྲང་དུ་རྒྱུན་བཞུགས་སྐབས་ཆུ་ཚོད་ ༣ ཐོག་སྐུ་བཞེངས་དང་། ཞལ་ཁྲུས་གྲུབ་རྗེས་ཞོགས་པ་ཆུ་ཚོད་ ༥ བར་དུ་ཞལ་འདོན་དང་། བརྐྱངས་ཕྱག་ཕུལ་བ། སྒོམ་རྒྱག་པ་བཅས་གནང་བ་དང་། ཆུ་ཚོད་ ༥ ནས་བཞུགས་གནས་གཡས་གཡོན་དུ་ཞབས་འཆམ་གྱིས་ཆུ་ཚོད་ ༥།༣༠ ཐོག་ཞོགས་པའི་གསོལ་ཇ་ལ་འཆར་ཅན་བཞེས་ཐུག་དང་གསོལ་བ། བག་ལེག གསོལ་ཇ་བཅས་བཞེས་པ་དང་མཉམ་དུ་བྷི་བྷི་སི་ BBC རླུང་འཕྲིན་ལས་དབྱིན་སྐད་ཀྱི་རྒྱལ་སྤྱིའི་གསར་འགྱུར་གསན། ཆུ་ཚོད་ ༦ པ་ནས་མུ་མཐུད་བརྐྱངས་ཕྱག་ཕུལ་བ་དང་སྒོམ་སྒྲུབ་གནང་སྟེ་སྔ་དྲོ་ཆུ་ཚོད་ ༩ ནས་ནང་པའི་མཁས་གྲུབ་རྣམ་པས་མཛད་པའི་མདོ་འགྲེལ་སོགས་དཔེ་གཟིགས་དང།
རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་རྒྱུན་བཞུགས་སྐབས་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་ཉིན་གུང་གསོལ་ཚིགས་དཀར་ཟས་རྐྱང་པ་གནང་བཞིན་པ་དང་། ཕྱོགས་ཡས་མས་སུ་ཆིབས་བསྒྱུར་སྐབས་གསོལ་ཚིགས་གང་ཕུལ་མཆོད་བཞིན་པ་ལས་གདམས་ཀ་གནང་གི་མེད། ནམ་རྒྱུན་ཆོས་འདུལ་བའི་བཅོས་ཁྲིམས་དང་མཐུན་པར་དགོང་མོའི་གསོལ་ཚིགས་བཞེས་ཀྱི་མེད་པ་རེད།
ཕོ་བྲང་དུ་སྐུ་བཞུགས་རིང་དྲུང་ཆེ་ལྷན་རྒྱས་ཀྱིས་༧སྙན་ཞུ་༧སྙན་གསེང་ཞུ་དགོས་རིགས་ཡོད་ཚེ་ཉིན་གུང་ཆུ་ཚོད་ ༡༢།༣༠ ནས་ ༣།༣༠ བར་ཡིག་ཚང་དུ་ཆིབས་བསྒྱུར་ཡོད། དུས་ཚོད་འདིའི་རིང་བོད་མི་དང་ཕྱི་རྒྱལ་བ་སོགས་ལ་མཇལ་ཁའང་གནང་གི་ཡོད་པ་རེད།
ཕྱི་དྲོ་ཆུ་ཚོད་ ༥ ཡས་མས་ནས་གསོལ་ཇ་འབུལ་བཞེས་རྗེས་ཞལ་འདོན་དང་། སྒོམ་རྒྱག་པ་སོགས་དགོང་དྲོ་ཆུ་ཚོད་ ༧ པ་བར་གནང་རྗེས་སྐུ་གཟིམས་གནང་གི་ཡོད།