ཙོང་ཁ་པ།

 

དུག་རྒྱལ་བསོད་ནམས་ཆོས་དར།

སེམས་དང་སེམས་ཀྱི་ཁ་དོག་ལ་ལྗང་མདོག་གི་མཛེས་སྡུག་སྟེར་བའི། ཡུལ་གྱར་བ་ཞིག་གིས་སེམས་ཀྱི་གཏད་སོར་ཉན་པའི།

ཙོང་ཁ་པ། མི་ཡུལ་ལུང་པའི་གྲུ་ག་ཞིག་ནས་ཕྱག་དུ་སངས་རྒྱས་ཀྱི་བཀའ་གསུང་ཐོག་དུས། རྒྱང་ན་རེ་ཞིང་བསྒུག་པའི་ཨ་མ་ལགས་ཀྱང་གཏིང་ནས་བརྗེད་སོང་བ་རེད་དམ། ག་ལ་སྟེ། དེ་ནི་ཁྱེད་ཀྱིས་རང་ཉིད་སྐྱེ་རྒུའི་མ་ཡུམ་ཡིན་པ་ངོས་ཟིན་པས་རེད། བསྐལ་བ་གྲངས་མེད་ཀྱི་གོང་རོལ་ཞིག་ན་ང་རང་ཁྱེད་ཀྱི་གཅེས་ཕྲུག་བྱེད་མྱོང་ཡོད་ལ། དེ་རིང་ངས་སླར་ཡང་ཁྱེད་ཉིད་ད་དུང་ངའི་མ་ཡུམ་ཡིན་པར་བསྒོམ་ནས་ཡོད།

ཙོང་ཁ་པ།དགའ་ལྡན་རི་བོའི་རྩེ་ནས་ཞལ་རས་ཉི་ཟེར་འཕྲོ་བའི་ཕྱོགས་སུ་ཐེངས་ག་ཚོད་ལ་བལྟས་མྱོང་ཨང་།

ཕྱོགས་དེ་ན་ད་དུང་ཁྱོད་ལ་དབང་བའི་དྲན་རྟེན་རེ་ལུས་ཡོད་དམ། ཉི་འོད་ཀྱིས་ཁྱེད་ཀྱི་ཐུགས་རྒྱུད་བརླན་དུས། ཁྱེད་རང་སངས་རྒྱས་དང་ཐག་ཉེ་ས་ཞིག་ལ་ཐོན་ཡོད་པའི་སྣང་བ་འདུག་གམ། དགའ་ལྡན་རི་བོའི་རྩེ་ལ་རླུང་བུ་དལ་གྱིས་རྒྱུ་དུས། དམར་སེར་ལི་ཁྲིས་བྱུགས་པའི་མནའ་བཟའ་ཕྱོགས་གང་ལ་བསྐྱོད་ཙམ་བྱས།མེ་ཏོག་གི་དྲི་བསུང་སྣ་ཚོགས་ཀྱང་སྣ་ལམ་ལ་རིམ་གྱིས་འཁོར་ན།ཐུགས་ལ་རི་བོ་དགེ་ལྡན་པའི་བསྟན་པ་དར་ཞིང་རྒྱས་པ་མཁྱེན་ཡོད་སྲིད་དམ།

ཙོང་ཁ་པ།ང་རང་ཆུང་དུས་ཁྱེད་ཀྱི་མཚན་ནས་ཐོས་མྱོང་མེད་མོད། དོ་དགོང་ངས་སྟོན་ཟླ་མག་མོག་གི་འོག་ན་ཁྱེད་ཀྱི་གསུང་ཆོས་ལ་བལྟ་ཙམ་བྱེད་བཞིན་ཡོད། མཛེས་སྡུག་དང་བྱམས་བརྩེས་བཀླུབས་པའི་ཚིག་གི་འབྲུ་མ་དག་རེ་རེ་བཞིན་བཀླགས་ན། སྙིང་ཁོང་ན་དྲག་ཏུ་ལྡིང་བཞིན་པ་དེ་ཏག་ཏག་ཁྱེད་ཀྱི་མཚན་ཡིན་པ་འདྲ་ལ་དེའང་མིན་པ་འདྲ།  ཙོང་ཁ་པ།

ཕྱི་ལོ་༢༠༡༥ཕྱི་ཟླ་༩་ཚེས་༢༤ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།