དྲན་པའི་གདུང་དབྱངས།

___མི་རྐྱང་བསེ་རུ།

ཟོལ་མེད་བྱམས་བརྩེའི་ཟླ་བ་དཀར་པོས་མུན་པའི་ཁྱོན་ལ་འོད་སྣང་སྦྱིན།།
འཇིགས་ཞུམ་བྲལ་བའི་སྤོབས་པའི་གངས་རི་ཁ་བའི་ལྗོངས་ནས་མངོན་པར་འཕགས།།
ས་ཡ་དྲུག་གི་བདེ་སྡུག་ཆེད་དུ་གཅེས་པའི་སྐུ་སྲོག་ཕངས་མེད་བཏང་།།
ཁྱེད་ཀྱི་མཛད་རྗེས་གསེར་རིའི་ཕྲེང་བ་ང་ཚོས་ཡང་ཡང་མཐོང་བཞིན་ཡོད།།
ཁྱེད་སྐུ་ནུབ་པའི་ལོ་ཟླ་འདི་ཚོར་གཡོ་ཅན་ཝ་མོ་ཇེ་མང་རེད།།
དུས་འདིར་ཁྱེད་ཉིད་དྲན་པའི་མིག་ཆུ་གཙང་བོ་བཞིན་དུ་བཞུར་གྱིན་ཡོད།།
དེང་གི་འཇིག་རྟེན་ཡིད་ཆེས་བྲལ་པའི་སྒྱུ་མའི་ལྟད་མོ་ཇི་བཞིན་རེད།།
དུས་ཀྱི་སྒྲོན་མེ་ཁྱེད་ཉིད་འབྱོན་པར་ཉམ་ཆུང་ང་ཚོས་སྒུག་བཞིན་ཡོད།།

འཆི་ལ་ཉེ་བའི་ཉམ་ཆུང་མི་རིགས་སྐྱོབ་པའི་དཔའ་བོ་ཁྱེད་ཉིད་དེ།།
རིག་གཞུང་གསེར་གྱི་ལྡེ་མིག་འཛིན་མཁན་ཁྱེད་ལས་གཞན་པ་སུ་ཞིག་ཡོད།།
གདོང་དམར་ཚང་གི་སྐྱོབ་པའི་མགོན་དང་འདྲེན་པའི་ལྷ་ཡང་ཁྱེད་ཉིད་ཡིན།།
ཁྱེད་ཉིད་ང་ཚོར་མེད་ན་མི་ཆོག་མྱུར་དུ་ཕེབས་ཤོག་མགོན་པོ་ཀྱེ།། 2016/1/28

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།