༸ པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

༄༅། །མགོན་པོ་འོད་མཐའ་ཡས་པའི་གསང་གསུམ་སྒྱུ་མའི་རོལ་གར་ཀུན་གཟིགས་༸པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༡ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ཁོང་ནི་སྤྱི་ནོར་༸གོང་ས་སྐྱབས་མགོན་བཅུ་བཞིན་བ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན། ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་ཞིང་། སྐུ་གོང་མ་

པཎ་ཆེན་སྐུ་ཕྲེང་བཅུ་བ་༸རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས། ཕྱི་ལོ་༡༩༦༢་ལོར་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཐོ་རྒྱ་ནག་གི་སྲིད་བློན་ཀྲོའུ་ཨེ་ལེན་བརྒྱུད་ནས་མའོ་ཙེ་ཏུང་ལ་ཕུལ་ཏེ། བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འབྱུང་རྒྱུའི་ཐུགས་རེ་གནང་ཡང་།  རྒྱ་ནག་དམར་བོའི་སྲིད་གཞུང་གིས་དེ་ལས་ལྡོག་སྟེ། སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཞྭ་ནག་གཡོགས་ཏེ་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གོ་གནས་ནས་ཕབ་པ་མ་ཟད། ཕྱི་ལོ་༡༩༦༦ལོར་ཉིན་ཞིག་གློ་བུར་དུ་དམར་སྲུང་དམག་གིས་གཟིམ་ཁང་ནས་བཙན་འཁྲིད་བྱས་པ་མ་ཟད། པེ་ཅིང་མི་རིགས་སློབ་གྲྭ་རུ་མི་ཚོགས་སྟོང་ཕྲག་མང་བོ་འཚོགས་པའི་སར། རིན་པོ་ཆེ་ལ་སྐྱོན་བརྗོད་སྣ་ཚོགས་བྱས་ཤིང་། པཎ་ཆེན་སྐུ་འཕྲེང་རིམ་བྱོན་གྱིས་ཀྱང་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་སོགས་ལ་མཛད་རྗེས་རླབས་པོ་ཆེ་བཞག་བཞག་ཡོད་ཅིང་།  ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་བ་ལྟ་བུར་མཚོན་ན་བོད་མི་རིགས་ཀྱི་ཆེས་མཐོའི་དབུ་ཁྲིད་ཅིག་དང་། བོད་མི་ས་ཡ་དྲུག་གི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སུ་བརྩི་བའི་སྐྱེས་བུ་དམ་པ་ཞིག་ཡིན་མོད། ཁོང་ལ་ཆེ་མཐོང་ལྟ་ཅི་མི་ཕལ་བ་ནང་བཞིན་མ་ཉེས་ཁག་གཡོག་དང་། བསམས་ཡུལ་ལས་འདས་པའི་འཐབ་རྩོད་དྲག་པོ་བཏང་ནས་ཕྱི་ལོ་༡༩༦༨ ལོར་ལོ་༡༠ ལ་ཉེ་བར་་བཙོན་འཇུག་གི་ཉེས་ཆད་བཏང་། པཎ་ཆེན་༸སྐུ་ཕྲེང་བཅུ་བ་མཆོག་གིས་བོད་བསྟན་སྲིད་མི་རིགས་བཅས་ཀྱི་ཆེད་སྐུ་སྲོག་བློས་བཏང་སྟེ། ཚད་ལས་བརྒལ་བའི་འོ་བརྒྱལ་མྱང་རྗེས། ཕྱི་ལོ་༡༩༨༩ ལོའི་ཕྱི་ཟླ་༡ བོའི་ཕྱི་ཚེས་༢༨ ཉིན་ཏེ། དགུང་གྲངས་༥༡ ཐོག་བོད་ལྗོངས་གཞིས་ཀ་རྩེ་གཙང་བཀྲ་ཤིས་ལྷུན་པོའི་དགོན་པར་ཛ་དྲག་གནས་སྟངས་ཤིག་གི་བརྒྱུད་རིམ་ཁྲོད་དུས་ཡུན་སྐར་མ་ལྔའི་ནང་གློ་བུར་དུ་སྐུ་གཤེགས།  ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་ཡུམ་བདེ་ཆེན་ཆོས་སྒྲོན་དང་། ཡབ་དཀོན་མཆོག་ཕུན་ཚོགས་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༨༩ ལོའི་ཕྱི་ཟླ་༤ ཕྱི་ཚེས་༢༥ ཉིན་ད་ལྟའི་བོད་རང་སྐྱོང་ལྗོངས། ནག་ཆུ་ཁུལ། ལྷ་རི་རྫོང་དུ་སྐུ་བལྟམས། ཕྱི་ལོ་༡༩༩༥ལོའི་ཕྱི་ཟླ་ལྔ་བའི་ཕྱི་ཚེས་༡༤ཉིན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ། ༸རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་བོ་ཞེས་མཚན་གསོལ།  པཎ་ཆེན་སྐུ་གོང་མའི་རྣམ་ཐར་མཇུག་སྐྱོང་ཡོང་བའི་ཐུགས་རེ་གནང་ཡང་། རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་ནང་མི་དང་བཅས་པ་བཙན་ཁྲིད་བྱས་ཏེ་མུན་ནག་གི་བཙོན་དུ་བཅུག་པ་ནས་བཟུང་ད་ལྟའི་བར་དུ་ཁོང་གི་གནས་སྟངས་གོ་མེད་ཚོར་མེད་དུ་གནས་པ་དང་། ལོ་དྲུག་གི་སྟེང་ནས་བཙོན་དུ་བཅུག་པའི་ཆུང་སྲིད་ཁོང་ནི་འཛམ་གླིང་གི་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་དེ་ཡིན། དེ་རིང་ཆུང་སྲིད་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ། བོད་སྐྱོང་ལྷ་སྲུང་གི་གཙོ་བོ་སྲུང་མ་དམར་ནག་གཉིས་ཀྱིས་གཙོས་བླ་མ་ཡི་དམ་ཆོས་སྲུང་དང་བཅས་པས་གྲོགས་འཕྲིན་ལས་དབྱེར་བ་མེད་པའི་ནུས་མཐུ་ལ་བརྟེན་ནས། རྒྱ་ནག་དམར་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱི་སྒོ་ནས་ཉེས་མེད་བཙོན་འཇུག་བྱས་པའི་འཁྲུལ་བྲལ་ཆུང་སྲིད་རིན་པོ་ཆེ་༧རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་མྱུར་དུ་བཙོན་ལས་གྲོལ་ཞིང་། གནམ་ལ་ཉི་ཟླ་རྣམ་གཉིས། ས་ལ་རྒྱལ་པཎ་རྣམ་གཉིས་ཞེས་ཡོངས་སུ་གྲགས་པ་ལྟར་བསིལ་ལྡན་ཁ་བའི་ཞིང་ཁམས་སུ་༧སྐྱབས་མགོན་རྒྱལ་བ་ཡབ་སྲས་ཀྱི་གསེར་ཞལ་མྱུར་དུ་འཛོམས་ཏེ། བོད་གཞིས་བྱེས་མཉམ་འཛོམས་ཀྱི་བསྐལ་བཟང་རྫོགས་ལྡན་གསར་བའི་དུས་སྟོན་ལ་མྱུར་དུ་རོལ་བའི་བཀྲ་ཤིས་སྨོན་འདུན་གྲངས་མེད་བཅས།
དབལ་ཤུལ་༼གསེར་རྟའི་དྲ་ཚིགས་༽རྩོམ་སྒྲིག་པས།
བོད་རྒྱལ་ལོ་༢༡༤༧བོད་ཟླ་༣ཚེས་༢དང་། ཕྱི་ལོ་༢༠༢༠ཕྱི་ཟླ་༤ཚེས་༢༥ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།