༸གོང་ས་མཆོག་གིས་ལོ་སར་ལ་བསྩལ་པའི་བཀའ་སློབ།

ངས་ཁྱེད་རང་ཚོ་ཚང་མ་ལ་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཏུ་ང་ཚོས་བཀྲ་ཤིས་བདེ་ལེགས་མིང་དོན་མཚུངས་པ་ཞིག་དང་། དོན་དང་ལྡན་པ་ཞིག་གནང་རོགས་གནང་ཞུ་བ་ཡིན། ངས་དེ་ཞུ་སྙིང་སྤྲོ་སོང་། ནམ་རྒྱུན་ང་ཚོ་ཚང་མས་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ་ཡ་དེ་ཁ་རྒྱུན་ལ་ཡོད་པ་རེད། ང་ཚོས་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཟེར་བ་དེ་ཕྱེ་མ་ཟ་ཡ་འདྲ་བོ་དང་། ཆང་འཐུང་བ། ཤོ་རྩེ་ཡ་འདྲ་བོ་དེ་འདྲའི་སྐད་ཆ་ཞིག་ཕལ་ཆེར་མ་རེད། བཀྲ་ཤིས་བདེ་ལེགས་ཟེར་བ་དེ། འཇམ་དཔལ་མཚན་བརྗོད་ཀྱི་ནང་དུ། བཀྲ་ཤིས་ཀུན་གྱིས་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། །གསུངས་པ་ནང་བཞིན་བཀྲ་ཤིས་ཟེར་བ་དེ། ང་ཚོ་ཚང་མ་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་རེད། དེ་འདྲའི་བདེ་བའི་རྒྱུ་དེ་ཕན་པ་དང་བདེ་བར་འདོད་མཁན་ཞིག་ཡིན་དུས་དེ་ལ་བཀྲ་ཤིས་ཟེར་བ་རེད། དེ་འདྲ་བའི་བདེ་སྐྱིད་ཡོང་བའི་རྒྱུ་དགེ་བ་དེ་བསྒྲུབ་པ་ཡིན་ན་སོ་སོའི་མི་ཚེ་དེར་གཞན་ཕན་གྱི་བསམ་པ་ཡོད་བསྡད་པ་དང་། གཞན་ལ་འཚེ་བ་མི་བྱེད་པ་དེ་འདྲ་ཞིག་གི་ཐོག་ནས་མི་ཚེ་བསྐྱལ་བ་ཡིན་ན་མི་ཚེ་དེ་བཀྲ་ཤིས་པ་བྱུང་བ་རེད། དེ་འདྲའི་བཀྲ་ཤིས་པའི་རྒྱུ་རྐྱེན་དེ་ལ་བརྟེན་ནས་འབྲས་བུ་བཀྲ་ཤིས་བདེ་ལེགས་ཟེར་བའི་བདེ་ཟེར་བ་དེ་འཕྲལ་དུ་བདེ་བ་དང་། ལེགས་ཟེར་བ་དེ་མཐར་ཐུག་ངེས་ལེགས་ཀྱི་གོ་འཕང་འཐོབ་པ། སངས་རྒྱས་པའི་ཆོས་ཀྱི་སྟེང་ནས་གསུངས་པ་ཡིན་ན་དེ་འདྲ་བྱས་ནས་འགྲོ་གི་ཡོད་པ་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚང་མ་ལ་ངས་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག་ཏུ་ང་ཚོས་བཀྲ་ཤིས་བདེ་ལེགས་མིང་དོན་མཚུངས་པ་ཞིག་དང་དོན་དང་ལྡན་པ་ཞིག་གནང་རོགས་གནང་། ངས་དེ་ཞུ་སྙིང་སྤྲོ་སོང་། ཞེས་བཀའ་སློབ་བསྩལ།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལོ་སར་ལ་བསྩལ་པའི་བཀའ་སློབ་ལས་དྲངས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།