༄༅། །ཤར་རྒྱལ་བ་དུང་དཀར་དགོན་གསང་སྔགས་སྨིན་གྲོལ་གླིང་གི་ལོ་རྒྱུས་མདོར་བསྡུས་ནོར་བུའི་འཕྲེང་བ།

ན་མོ་གུ་རུ་མཉྫུ་ཤྲཱི་ཡ། གཉིས་སྣང་སྤྲོས་པའི་མཚན་མ་མི་དམིགས་ཀྱང་།།རྣམ་བཞིའི་འཕྲིན་ལས་ཁྲི་གདུགས་འོད་སྣང་གིས།། སྣ་ཚོགས་གདུལ་བྱའི་པད་ཚལ་བཞད་པའི་གཉེན།། སྟོན་མཆོག་མཉམ་མེད་ཤཱཀྱ་སེང་གེར་འདུད།། རྒྱལ་ཀུན་ཐུགས་ཀྱི་སྒྱུ་འཕྲུལ་ཟླ་ཟེར་ལས།། དྭངས་བསིལ་དྲི་མེད་མཚོ་གླིང་པདྨའི་སྦུབས།། ཉེར་འཁྲུངས་མཛེས་སྐུ་མཚན་དཔེའི་ཕུང་པོ་ཅན།། རྒྱལ་དབང་མཚོ་སྐྱེས་རྡོ་རྗེར་གུས་ཕྱག་འཚལ།། རྒྱལ་དང་རྒྱལ་སྲས་གང་འདུལ་རོལ་རྩེད་ཀྱིས།། སྣ་ཚོགས་འགྲོ་ཁམས་བྱང་ཆུབ་རྒྱ་མཚོའི་གླིང་།། བགྲོད་པའི་དེད་དཔོན་བརྒྱུད་གསུམ་བླ་མའི་ཚོགས།། བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་བཞུགས།། སྲིད་ན་མངོན་མཐོ་རྒྱལ་བསྟན་གདུགས་དཀར་པོ།། བཤད་སྒྲུབ་དཔུང་པ་བརྟན་པོས་འཛིན་མཁས་པའི།། ལུས་ཅན་ཡོངས་ཀྱི་ཕན་བདེ་སྤེལ་བའི་གཉེན།། གདན་རབས་རིམ་པར་བྱོན་ལ་གུས་པས་འདུད།། ཁ་བའི་རྡུལ་མང་བརྩེགས་པའི་ལྷུན་པོ་ལ།། ཡིད་འཕྲོག་ཟླ་གཞོན་རྒྱས་པའི་བཞིན་རས་ཅན།། སྙིང་རྗེའི་རང་གཟུགས་ཕྱག་ན་པདྨོ་ཡིས།། དགེ་ལེགས་ཤིས་པའི་མེ་ཏོག་ཆར་དུ་སྙིལ།། བརྩེ་ཆེན་ཐུགས་རྗེའི་དཀྱིལ་འཁོར་ཡོངས་རྫོགས་ཀྱང་།། རྨོངས་པའི་མུན་ནག་སྟུག་པོ་ཀུན་ནས་བསྐྲད།། གདོད་ནས་མངོན་སངས་རྒྱས་ཀྱང་རྒྱལ་སྲས་ཚུལ།། འཇམ་དཔལ་གཞོན་ནུས་ཀུན་ཏུ་ཤིས་པ་སྩོལ།། ཐུགས་བསྐྱེད་སྨོན་ལམ་བཙན་པོའི་མཁའ་དབྱིངས་སུ།། མཐུ་སྟོབས་ནུས་པའི་ཐོག་སེར་འཁྲིགས་པ་ལས།། གདུག་ཅན་བྲག་གི་རི་བོ་རལ་བྱེད་པའི།། གསང་བའི་མཛོད་འཛིན་ལག་ན་རྡོ་རྗེ་རྒྱལ།། རབ་དཀར་མཛེས་སྐུ་ཀཻ་ལ་ཤ་ཡི་སྤོར།། རབ་མཛེས་ཟླ་གཞོན་སྟོང་གི་བཞིན་རས་ཅན།། རབ་སྙན་རྒྱུད་མང་གླུ་དང་ལྷན་ཅིག་ཏུ།། རབ་ཡངས་མགྲིན་པའི་རྒྱ་མཚོར་རྟག་བཞུགས་ཀྱེ།། ཞེས་མཆོད་པར་བརྗོད་པའི་མེ་ཏོག་གི་སིལ་མ་ཀུན་ཏུ་བཀྲམ་སྟེ་གང་གླེང་བར་བྱ་བ་ནི། དེ་ལ་འདིར་སྔ་འགྱུར་བསྟན་པའི་མཛེས་རྒྱན་ཤར་རྒྱལ་བ་དུང་དཀར་དགོན་གསང་སྔགས་སྨིན་གྲོལ་གླིང་གི་ཆོས་སྡེ་ཆེན་པོ་འདི་ནི། འཕགས་ཡུལ་རྡོ་རྗེ་གདན་གྱི་བྱང་ཕྱོགས། ལྷ་གཅིག་ཕྱག་ན་པདྨོའི་གདུལ་ཞིང་། ཆོས་ལྡན་ཁ་བ་ཅན་གྱི་རྒྱལ་ཁམས་འདིར་སྟོད་མངའ་རིའི་(རིས་)སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཏུ་གྲགས་པའི་ཡ་གྱལ་མདོ་ཁམས་ཟལ་མོ་སྒང་གི་ས་ཡི་ཆར་གཏོགས་ཨོ་རྒྱན་སངས་རྒྱས་གཉིས་པ་དང་ལོ་ཆེན་བཻ་རོ་ཙ་ན་སོགས་མཁས་ཤིང་གྲུབ་པའི་དམ་པ་གསེར་རི་ཚར་དུ་དངར་བ་ལྟ་བུའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས། གསེར་ཀླུང་དལ་གྱིས་འབབ་པའི་གཡས་ཟུར། གནམ་འཁོར་ལོ་རྩིབ་བརྒྱད་དང་། ས་པདྨ་འདབ་བརྒྱད་ཚང་བའི་གདན་ལ། མདུན་རི་རྒྱ་སྟག་ཚང་ནས་ལྡིང་འདྲ། ལྷོ་རི་དགོས་འདོད་རིན་ཆེན་སྤུངས་འདྲ། ནུབ་རི་བཀྲ་ཤིས་ལྷ་སྒང་རིང་མོ། བྱང་རི་གནས་མཆོག་འབྲོང་རི་སྨུག་པོ་སོགས་ས་ཡི་ཀ་བ་བཞི་དང་། གཞན་ཡང་བཀྲ་ཤིས་རྟགས་བརྒྱད་དང་། རྒྱལ་སྲིད་སྣ་བདུན་ཉེ་བའི་རིན་ཆེན་བདུན་སོགས་ཀྱི་དབྱིབས་སུ་མངོན་པའི་རི་ཕྲན་དང་སྤང་ལྗོངས། ཆུ་རྫིང་དང་དགའ་ཚལ་གྱིས་ལེགས་པར་བརྒྱན་པ། ས་ཡི་སྲུང་བཞི་དང་རླུང་རྟའི་ལྷ་བཞི་སོགས་དགེ་མཚན་ཕུན་སུམ་ཚོགས་པར་སྤང་རི་བཀྲ་ཤིས་ཆོས་དུང་དཀར་པོ་གཡས་འཁྱིལ་གྱིས་མངོན་པར་མཛེས་པའི་གནས་དེར། བོད་རབ་བྱུང་བཅུ་གཅིག་པའི་ཟད་པ་མེ་སྟག་(༡༦༨༦)ལོར་ཐོག་མར་ཕྱག་འདེབས་བྱས། ས་མིང་དགོན་པར་བཏགས་ནས་ཤར་རྒྱལ་བ་དུང་དཀར་དགོན་གསང་སྔགས་སྨིན་གྲོལ་གླིང་དུ་གྲགས། ཆོས་སྡེ་འདི་ནི་སྔ་འགྱུར་རྙིང་མའི་ནང་ཚན་རྒྱལ་བ་དཔལ་ཡུལ་བའི་ཆོས་བརྒྱུད་དང་ལྷོ་དགོན་བཅུ་གསུམ་གྱི་ཐོག་མ་དབལ་ཤུལ་དབོན་སང་གི་ཕ་དགོན་ཡིན་པས་ལོ་རྒྱུས་ཐོག་དབལ་ཤུལ་གསེར་རྟ་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་ལྟེ་གནས་ཡིན། དེ་ལྟར་བཀྲ་ཤིས་པའི་མེ་ཏོག་བཞད་ཅིང་བྱིན་རླབས་ཀྱི་དྲི་བསུང་འཐུལ་བའི་གནས་དེར་དགོན་འདི་ཐོག་མར་ཕྱག་འདེབས་པ་པོ་ནི། འཕགས་མཆོག་ཕྱག་ན་པདྨོའི་སྒྱུ་འཕྲུལ་གྱི་རོལ་བ་སངས་རྒྱས་མོས་པ་མཐའ་ཡས་དང་། གྲུབ་ཆེན་ས་ར་ཧ་པ། གླང་ཆེན་དཔལ་གྱི་སེང་གེ གནམ་ཆོས་མི་འགྱུར་རྡོ་རྗེ་སོགས་ཀྱི་སྤྲུལ་བའི་རྣམ་རོལ་རྫོགས་པའི་སངས་རྒྱས་མི་ཡི་ཤ་གཟུགས་སུ་བྱོན་པ་སང་སང་ཨོ་རྒྱན་ཞུ་བ་དེ་ཡིན། ཁོང་ནི་རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས། གསེར་ལྡན་ཆུ་བོ་འཁྱིལ་བའི་གཡས་ཟུར་ན། །ས་འབྲུག་ལོ་བ་ལས་ཀྱི་དཔའ་བོའི་རིགས། །ཞེས་འཁྲུལ་མེད་རྡོ་རྗེའི་ལུང་གི་(གིས་)གནས་དང་དུས། རིགས་དང་རུས་སོགས་གསལ་བར་བསྟན་པ་ལྟར་བོད་རབ་བྱུང་བཅུ་གཅིག་པའི་རྣམ་བྱུང་ཞེས་པ་ས་འབྲུག་(༡༦༢༨)ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས། མདོ་སྨད་གསེར་གླིང་བྲག་ཆེན་ཡར་ལུང་པདྨ་བཀོད་ཐང་དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཡི་གེ་སྦྱོར་ཀློག་སོགས་ཚེགས་མེད་དུ་མཁྱེན་པར་མཛད། རིམ་བཞིན་རིག་འཛིན་ཀུན་བཟང་ཤེས་རབ། པདྨ་ལྷུན་གྲུབ་རྒྱ་མཚོ་སོགས་མཁས་ཤིང་གྲུབ་པའི་བཤེས་གཉེན་དུ་མ་མཉེས་པ་གསུམ་གྱི་སྒོ་ནས་ཡུན་རིང་དུ་བསྙེན་ཏེ་མདོ་སྔགས་རིག་གཞུང་དང་བཅས་པར་སྦྱང་བ་མཐར་ཆགས་སུ་མཛད། ཁྱད་པར་ཤུག་སྒང་བཱ་ཏིང་རིན་པོ་ཆེའི་མདུན་ནས་སྔ་འགྱུར་བཀའ་གཏེར་སྤྱི་དང་། བྱེ་བྲག་རྒྱལ་བ་དཔལ་ཡུལ་བའི་རིང་ལུགས་དྲི་མ་མེད་པའི་དབང་ལུང་མན་ངག་རྒྱབ་ཆོས་བཅས་རྫོགས་པར་གསན་ཏེ་རྩེ་གཅིག་སྒྲུབ་ལ་བརྩོན་པས་ཕྱི་བསྐྱེད་རིམ་ལ་བརྟན་པ་ཐོབ། ནང་རྩ་ཐིག་ རླུང་གསུམ་ལ་རང་དབང་འབྱོར། གསང་བ་རྒྱུད་སྡེ་རྒྱ་མཚོའི་དགོངས་དོན་ལ་མངའ་བརྙེས་ཏེ་མཁས་གྲུབ་གཉིས་ལྡན་གྱི་ཡང་རྩེར་བསྙེགས། རྗེ་གང་གི་ཐུགས་ཀྱི་སྲས་གཅིག་པུར་གྱུར་ཏེ་ཆོས་བརྒྱུད་འཛིན་པའི་རྒྱལ་ཚབ་ཏུ་མངའ་གསོལ། ས་སྐྱོང་མི་ཡི་དབང་པོ་དབལ་ཤུལ་རབ་བརྟན་གྱི་དབུ་བླ་རུ་གྱུར་ནས་གསེར་ཡུལ་སྟོད་སྨད་ཀུན་ཏུ་ཆོས་སྦྱིན་མི་ཟད་པའི་སྒོ་འཕར་ཡངས་པོ་ཕྱེས་ཏེ་མཆོག་དམན་བར་མའི་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། སླར་ཡང་རྗེ་བཙུན་བླ་མ་བཱ་ཏིང་རིན་པོ་ཆེ་དང་ཡི་དམ་ལྷག་པའི་ལྷས་བཀའ་ལུང་བཞིན་དུ་གཞན་དོན་འཕྲིན་ལས་ཀྱི་མཛད་པ་བདག་གིར་བཞེས་ཏེ་ས་སྐྱོང་མི་ཡི་དབང་པོ་དབལ་ཤུལ་རབ་བརྟན་དང་། བླ་དཔོན་ཉི་ཟླ་ཟུང་དུ་འབྲེལ་ཏེ་ཤར་རྒྱལ་བ་དུང་དཀར་དགོན་གསང་སྔགས་སྨིན་གྲོལ་གླིང་གི་གཙུག་ལག་ཁང་རྟེན་དང་བརྟེན་པ་ཕྱག་བཏབ་གནང་། རབ་གནས་ཀྱི་མེ་ཏོག་འཐོར་སྐབས་ནམ་མཁའ་འཇའ་འོད་ཀྱིས་གང་བ་དང་། མེ་ཏོག་གི་ཆར་བབ་པ། དབྱར་རྔ་དལ་གྱིས་ལྡིར་བ་སོགས་བཀྲ་ཤིས་པའི་དགེ་མཚན་མང་དུ་བྱུང་སྟེ། ཡུལ་ཁམས་འདིར་སྔ་ན་མེད་པའི་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཉི་ཟླ་ལྟར་གསལ་བར་བྱས། སྐུ་ཚ་དབོན་པོ་དབང་ཕྱུག་དང་། ནམ་མཁའ་འོད་གསལ་གཉིས་ཆོས་བརྒྱུད་འཛིན་པའི་རྒྱལ་ཚབ་ཏུ་མངའ་གསོལ། གཞན་ཡང་མི་དབང་རབ་བརྟན་མཆོག་གིས་གསེར་རྒོད་རྒན་ཐང་དུ་ཕུར་བའི་ལྷ་ཁང་བཞེངས་པ་ལ། སང་སང་ཨོ་རྒྱན་དང་། མཆོག་དགེ་ཨོ་རྒྱན། གནུབས་ཟུར་ཨོ་རྒྱན་གསུམ་གྱིས་རབ་གནས་མཛད་སྐབས་རང་རང་གི་གནས་ནས་འཇའ་ཚོན་ཁ་དོག་སྣ་ཚོགས་འཕྲོས་ཏེ་ཉིན་བྱེད་ཙམ་གྱི་རིང་ལ་ལྷ་ཁང་ལ་ཟུག་ཅིང་། མེ་ཏོག་གི་ཆར་བབ་པ་སོགས་བཀྲ་ཤིས་པའི་དགེ་མཚན་སྣ་ཚོགས་བྱུང་བས་ཡུལ་མི་རྣམས་ཀྱིས། ས་འདི་ན་གནུབས་མཆོག་སང་གསུམ། གནམ་འདི་ན་ཉི་ཟླ་སྐར་གསུམ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་དེང་གི་བར་དུ་དབལ་ཤུལ་གསེར་ཐར་གྱི་ངག་རྒྱུན་ལ་གནས་པ་སོགས་གྲུབ་པའི་མཛད་པ་ཡང་མཐའ་ཡས་སོ།། མཐར་རབ་བྱུང་བཅུ་གཉིས་པའི་ཆུ་ལུག་(༡༧༠༣)ལོར་ཆོས་སྡེ་འདི་ཉིད་སྐྱོང་བའི་གདན་རབས་སུ་འཕགས་པའི་གནས་བརྟན་བཅུ་དྲུག་དང་རྗེ་འབངས་ཉེར་ལྔའི་སྤྲུལ་བ་ཟམ་མ་ཆད་པར་འབྱོན་པ་དང་། ཉིད་ཀྱི་སྐུ་སྐྱེ་ཕྱི་མ་ངོས་འཛིན་ཚུལ་སོགས་ལུང་བསྟན་ནས་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་སོ།། དེ་ནས་གདན་རབས་རགས་རིམ་ནི། རྗེ་གང་གི་རྒྱལ་ཚབ་དམ་པ་སྐུ་ཚ་རྣམ་གཉིས་སོགས་གདན་རབས་བཞི་ཡི་རྗེས་སུ་སང་སྤྲུལ་ངེས་དོན་ཆོས་ཀྱི་ཉི་མའམ་པདྨ་ཚེ་དབང་བསྟན་འཛིན་ནི། བོད་རབ་བྱུང་བཅུ་གསུམ་པའི་ཆུ་བྱ་(༡༧༥༣)ལོར་སྐུ་སྔོན་མའི་གདུང་རིགས་སང་སང་ཨ་མགོན་གྱི་སྲས་སུ་སྒོ་འཛུ་སྨན་པ་ཞེས་པའི་ཁྱིམ་དུ་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་ཡི་གེ་སྦྱོར་ཀློག་སོགས་སྦྱང་བ་ཙམ་གྱིས་ཚེགས་མེད་དུ་མཁྱེན་པར་མཛད། དགུང་གྲངས་དྲུག་གི་ཐོག་ཁོང་སང་གི་རུ་བྲག་ཆེན་ཡར་ལུང་པདྨ་བཀོད་ཐང་དུ་ཡོད་སྐབས་སྐུ་སྔོན་མའི་མདུན་གཡོག་སང་སང་ཆོས་ལྡན་དཀར་བསོད་དུ་བྱོན་ནས་སློང་མོ་བྱེད་ཚེ་སྤྲུལ་ཆུང་བྱིས་པ་ཁོང་བསུ་མར་བྱོན་ནས་འཐམས་སྟེ་བཤུམ་པ་མཛད་ཅིང་ང་སང་སང་ཨོ་རྒྱན་ཡིན། ཁོ་ངའི་གྲྭ་བ་ཡིན། ངེད་དཔོན་གཡོག་ལྗག་གི་སེ་རའི་ལ་ཁའི་ཁ་གྱེས་པ་ཡིན་ཞེས་སོགས་སྔོན་གནས་རྗེས་དྲན་མང་དུ་གསུངས་ཏེ་དཔོན་སློབ་ཞལ་འཛོམས་བྱུང་། དེ་ནས་ཁོང་གཉིས་མཉམ་དུ་བྱོན་གྲབས་བྱེད་ཚེ་ཁྱིམ་ཚང་དེར་བུ་གཅི་ག་པོ་ལས་མེད་པས་མ་གནང་བར། སྤྲུལ་ཆུང་གིས་ང་ཁོང་དང་མཉམ་དུ་མ་མངགས་ན་མྱུར་དུ་འཆི་ངེས་པས་ཁྱེད་ཕ་མ་གཉིས་སོགས་ལ་ཕན་པ་ཅི་ཡང་མེད་པས་གསུང་མཆིད་མང་དུ་གནང་བས་མ་མངག་ཐབས་མེད་བྱུང་། དེང་སང་དུང་དཀར་དགོན་པའི་ཆ་ལང་རྒྱ་གར་མ་ནི་དེ་དུས་ཁོང་གི་རྫོངས་བ་ཡིན་ཞེས་གསུངས། དེ་ནས་ཤར་རྒྱལ་བ་དུང་དཀར་དགོན་གསང་སྔགས་སྨིན་གྲོལ་གླིང་དུ་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་ཏེ་མཚན་གྱི་ཅོད་པན་སང་སྤྲུལ་ངེས༵་དོན༵་ཆོས༵་ཀྱི༵་ཉི༵་མ༵་པ༵དྨ༵་ཚེ༵་དབང༵་བསྟན༵་འཛིན༵་ཞེས་གསོལ། ཤུག་སྒང་ཤཱཀྱ་རྒྱལ་མཚན་དང་། རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་འོད་ཟེར། ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་བརྒྱད་ལྷག་བསྟེན་ཏེ་མཁས་གྲུབ་གཉིས་ལྡན་གྱི་ཡང་རྩེར་སོན། རྒྱལ་དབང་ཨོ་རྒྱན་ཆེན་པོའི་གཏད་རྒྱ་དུས་སུ་སད་དེ་སྣང་བ་བརྡ་དང་དཔེ་ཆ་རུ་ཤར་ནས་རྫས་གཏེར་དང་དགོངས་གཏེར་སོགས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལ་མངའ་བརྙེས་ཏེ། བླ་མ་རིག་འཛིན་འདུས་པ། ཡི་དམ་དབང་ཆེན་རྟ་མགྲིན། མཁའ་འགྲོ་རྡོ་རྗེ་ཕག་མོ། དམ་ཆོས་བདུད་ཀྱི་གཅོད་ཡུལ། ཕར་ཕྱིན་འགྲེལ་ཆེན་མ་ཕམ་ཞལ་ལུང་། བསྟན་སྲུང་ཡོངས་རྫོགས། རང་རྣམ་གསེར་ཞུན་མ་སོགས་པོད་བརྒྱད་ལྷག་གཏན་ལ་ཕབས་ཏེ་བསྟན་དང་འགྲོ་བའི་བཙས་སུ་བཞག གཞན་ཡང་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་སྒྲོམ་མཐོང་བ་རང་གྲོལ་སོགས་རིན་ཆེན་ས་ཡི་གཏེར་ཁ་དུ་མ་སྤྱན་དྲངས་ཏེ་སྙིགས་དུས་ཀྱི་རྒུད་པ་གསོས། དགུང་གྲངས་བཅོ་ལྔ་ཡས་མས་སུ་ང་སྟག་ཐོག་ཤཱཀྱ་ཁྲོ་རྒྱལ་ཡིན་གསུངས་ཏེ་ཚོང་བ་སྒམ་དུ་བླངས་པ་སོགས་མ་ངེས་བརྟུལ་ཞུགས་ཀྱི་སྤྱོད་པ་སྣ་ཚོགས་མཛད་པས་བློ་ཆུང་རྟོག་གེ་འགས་བློར་མ་ཆུད་པར་དགོན་པས་གནས་དབྱུང་བྱས་ཀྱང་། དཔེར་ན་ཆུ་རྡོལ་ས་ཡིས་མི་ཁོག་པ་བཞིན། རྐྱེན་ངན་གྲོགས་སུ་ཁུག ལྟས་ངན་གཡང་དུ་བསྒྱུར་ཏེ་ཁོང་གི་མཛད་པ་དང་འཕྲིན་ལས་དེ་ལས་ཀྱང་ལྷག་པར་རྒྱས་ནས་སྟོད་རྒྱ་གར་ཆུ་བོ་གང་གའི་འགྲམ་ཚུན་ཆད་གདུལ་བྱར་གྱུར་བ་ནི་སྨོན་ལམ་ལ་དབང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྱད་ཆོས་སོ།། དགུང་གྲངས་བཅུ་དྲུག་ཐོག་ཞབས་ཟུང་གསེར་གྱི་འཁོར་ལོ་དབུས་ལྷ་ལྡན་གྱི་ཕྱོགས་སུ་བསྒྱུར་གྲབས་བྱེད་སྐབས་རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་ཁྱེད་ཀྱིས་མདོ་ཁམས་ཀྱི་གདུལ་བྱ་ཐུགས་རྗེས་མི་འདོར་བར་མྱུར་དུ་རང་ཡུལ་ལ་ཐོན་དགོས་པའི་བཀའ་ནན་གནང་། དེ་ནས་སྐུ་སྔོན་མའི་མདུན་གཡོག་བཅས་བྲག་ཆེན་ཡར་ལུང་གི་ལམ་བརྒྱུད་དེ་དངོས་སུ་བྱོན་ཚེ་རྡོ་གྲུབ་ཆེན་གྱིས་སྐུ་ཚ་མ་ཚོགས་གཉིས་དབང་མོར་ཚེ་རིང་མའི་མདའ་དར་ཞིག་གཏད་དེ་ཁྱོད་ཀྱིས་ཁང་སྟེང་གིས་ལྟོས་ལ་ཁྱུག་ཤུལ་སྐུ་ཆེན་གྱིས་ཕྱིར་ཨེ་གཟིགས་ལྟོས། གལ་ཏེ་གཟིགས་ན་མདའ་དར་འདི་ལན་གསུམ་གཡུགས་གསུངས་པ་བཞིན། སྐུ་ཆེན་དཔོན་གཡོག་བྲག་ཆེན་ཡར་ལུང་གི་ལ་རྩེར་ཐོན་ཚེ་ཞལ་ཕྱིར་ཀྱུ་ནས་སྐུ་ངལ་གསོ་སྐབས་སྐུ་ཚ་མས་མདའ་དར་ལན་གསུམ་གཡུགས་ཏེ་རིན་པོ་ཆེར་ཞུས་པས་རྟེན་འབྲེལ་ཤིན་ཏུ་བཟང་། ཁོང་གི་བསྟན་པ་ཉི་མ་ཤར་ཤར་བྱས་ནས་རང་ཡུལ་ལ་བྱོན་ཡོང་གསུངས་ཏེ་ཐུགས་དགའ་སྤྲོ་ཚད་མེད་མཛད། མཆོག་སྤུལ་རིན་པོ་ཆེ་ཉིད་ཀྱིས་ཀྱང་ང་རང་ཡུལ་དུ་གཏན་ནས་མི་ཡོང་འདོད་ཀྱང་ད་རྟེན་འབྲེལ་གྱི་དབང་གིས་མ་ཡོང་ཐབས་མེད་བྱུང་གསུངས། རིམ་བཞིན་ཞབས་ཟུང་གསེར་གྱི་འཁོར་ལོ་མར་ཆབ་གཙང་བོའི་ཁར་སླེབས་ཚེ་མདུན་གཡོག་ལ་ཁྱོད་ཀྱིས་མ་ལྟ་བར་དབུ་ཐུམ་དང་ཆུ་འདི་ལ་བརྒལ་ཐབས་ཞིག་ངས་ཡོང་གསུངས་ཏེ་མནབ་གཟན་གྱི་ལམ་བྱས་ནས་བྱོན། ཆུ་བརྒལ་ཟིན་ལ་ཉེ་བ་ན་མདུན་གཡོག་གིས་མིག་ཕྱེས་ནས་ཕྱིར་ལྟས་བྱེད་ཚེ་སྔགས་སྲུང་ཨེ་ཀ་ཙ་ཏིས་མནབ་གཟན་དྲིལ་ཏེ་བྱོན་ཡོང་བ་མཐོང་བས་སྔངས་སྐྲག་བྱུང་བའི་རྐྱེན་གྱིས་གཟན་སྣེ་རླན་ཙམ་བྱུང་ཟེར། དེ་སྐབས་ལྷོ་ཀ་འདམ་རྒྱལ་པོས་སེ་འབྲས་དགེ་གསུམ་ལ་འགྱེད་བཏང་ནས་མར་ཆབ་གཙང་བོའི་ཁར་སྒར་བཏབས་ཡོད་པ་རྣམས་ཀྱིས་མཐོང་སྟེ་ཁམས་པ་ཆུ་འཕུར་བླ་མ་ཞེས་མཚན་སྙན་པའི་དབྱར་རྔ་ཡངས་པའི་ཐ་གྲུ་ཀུན་ལ་ལྡིར། དཀོར་གྱི་སྲུང་མ་རྒྱལ་པོ་བེ་ཧར་གྱིས་མཇལ་དར་ཕུལ་བ་སོགས་རྫུ་འཕྲུལ་ཡ་མ་ཟུང་གིས་འགྲོ་བློ་ཆོས་ལ་བསྒྱུར། ༸གོང་ས་ཐམས་ཅད་མཁྱེན་པ་འཇམ་དཔལ་རྒྱ་མཚོ་དང་། དེ་མོ་འཇིགས་མེད་རྒྱ་མཚོ་སོགས་ཆེ་དགུ་ཡོངས་ཀྱི་དབུ་བླ་རུ་གྱུར་ནས་ཐོབ་ཡིག་གི་བཀའ་ཤོག་དང་ཐམ་ཀ་གནང་། དེ་ནས་ལས་སྨོན་ཆོས་ཀྱི་བདག་པོ་ལྷོ་གྲོ་བོ་ཆོས་ཀྱི་རྒྱལ་པོའམ་ལྷོ་ཀ་འདམ་རྒྱལ་པོས་གདན་དྲངས་ཏེ་རྒྱལ་འབངས་ཡོངས་ཀྱི་དབུ་བླ་རུ་བཀུར་བས་མཛད་པ་དང་འཕྲིན་ལས་དབྱར་གྱི་མཚོ་ལྟར་རྒྱས་ཏེ་བལ་ཡུལ་གོལ་ཁ་རྒྱལ་པོས་གདན་དྲངས། རྒྱལ་འབངས་ཡོངས་ལ་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བས་ཞབས་ཏོག་མཎྜལ་ལ་ཙན་དན་སྦྲུལ་གྱི་སྙིང་པོའི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་འཁོར་གནས་བརྟན་བཅུ་དྲུག་དང་། ཨོ་རྒྱན་རིན་པོ་ཆེ་གཙོ་འཁོར་གསུམ་སོགས་རྟེན་མཆོད་རྫས་མང་པོ་ཕུལ། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ཞིག་གསོ་མཛད་སྐབས་ཕྱག་མཛོད་གནང་། རིམ་བཞིན་འབྲུག་རྒྱལ་པོའི་དབུ་བླ་རུ་གྱུར་ཏེ་ཙན་དན་སྦྲུལ་སྙིང་གི་གུ་རུ་མཚན་བརྒྱད་དང་། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། བྱང་སེམས་ཉེ་བའི་སྲས་བརྒྱད། སངས་རྒྱས་སྟོང་སྐུ། སངས་རྒྱས་རབས་བདུན་གྱི་སྐུ་སོགས་རྟེན་གསུམ་མཆོད་རྫས་དང་རས་འཕྲུག་དར་གོས་སོགས་ཀྱི་མཎྜལ་གྱ་ནོམ་པ་ཕུལ། དཔལ་ན་རོ་བའི་གདན་ས་རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཕུ་ལ་ཧ་རིའི་དགོན་པར་བྱོན་ནས་འཁོར་སློབ་ནམ་མཁའི་སྐར་ཚོགས་ལྟ་བུ་ལ་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་ཡུན་དུ་བསྐོར་ཏེ་བཞུགས་པས། རྗེ་འདི་ཉིད་ཕྱིར་གངས་ལྗོངས་སུ་ཕེབས་སྐབས་སྐུ་དྲིན་གསོ་ཕྱིར་གཏང་རག་གི་མཎྜལ་དུ་བཟོ་རྒྱལ་ཀརྨ་བི་ཤྭས་ཕྱག་བཟོ་སངས་རྒྱས་བཅོམ་ལྡན་འདས་དགུང་ལོ་བརྒྱད་ཀྱི་སྐུ་ཚད་རྒྱུ་ཟི་ཁྱིམ་ལས་གྲུབ་པའི་ཇོ་བོ་ཤཱཀྱ་མུ་ནེ་ནང་རྟེན་མགྲིན་པ་ན་ཆོས་དུང་དཀར་པོ་གཡས་འཁྱིལ། ཐུགས་ཀར་ཤེལ་གྱི་མཆོད་རྟེན་གྲུ་གང་བ། གནོད་སྦྱིན་བང་མཛོད་དུ་ནོར་བུ་ཀེ་ཏ་ཀ་ཞལ་རས་འཛམ་བུ་ཆུ་གསེར་གྱིས་བྱུགས་པ། ཕྱིས་སུ་ཡང་གཏེེར་ཆེན་ལས་རབ་གླིང་པ་སོགས་ཡེ་ཤེས་ཀྱི་སྤྱན་ལྡན་དུ་མས་དབུས་ལྷ་ལྡན་ཇོ་བོ་དང་བྱིན་རླབས་མཉམ་པར་གསུངས་པ་དེ་དང་། རྗེ་ན་རོ་པཎ་ཆེན་གྱི་ཚོགས་དུང་ཅིག་ཤོས་ལ་རྒྱལ་ཡུམ་རྡོ་རྗེ་ཕག་མོ་རང་བྱོན་དང་། ཅིག་ཤོས་ལ་སྐྱེ་མེད་ཀྱི་ཡི་གེ་ཨ་ཡིག་རང་བྱོན་གྱི་མཚན་པ་ཅན་དང་། གླང་བོ་ཆེ་ས་སྲུང་གི་མཆེ་བ། ཕྱག་རྟེན་རྡོ་ཐོག་ཤིང་སྐྱེས་སོགས་རྟེན་མཆོད་རྫས་དང་རྒྱུ་ནོར་ལོངས་སྤྱོད་ཀྱི་འབུལ་བ་མང་པོ་ཕུལ། རྗེ་འདི་དགུང་གྲངས་དྲུག་ཅུའི་ནང་རང་དགོན་དུ་གསེར་ཞལ་བསྒྱུར་སྐབས་རྟེན་མཆོད་རྫས་དེ་རྣམས་བྱང་ནག་ཆུ་ཁའི་ས་མཚམས་བར་སྡེ་དགེའི་དཀོར་སྲུང་དང་ལྷ་སྲིན་སྡེ་བརྒྱད་སོགས་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་སྐྱེལ་མ་བྱས་པར་གྲགས། དེང་སང་དུང་དཀར་དགོན་པའི་རྒྱབ་རིའི་ངོ་ན་ལབ་རྩེ་ཞིག་ཡོད་པ་དེ་ནི་དེ་སྐབས་ཁྱུག་ཤུལ་སྐུ་ཆེན་གྱིས་དཀོར་སྲུང་ཆེན་པོ་སོགས་ལ་གཏང་རག་གི་མཆོད་པ་ཡིན་པར་གྲགས། གཞན་ཡང་འདུ་ཁང་བཞེངས་སྐབས་ཀ་རིང་གཉིས་གསེར་སྨད་རྔ་ལ་ནས་རྗེ་འདིས་ཕྱག་བསྣམས་མཛད་དེ་ཆིབས་གོང་གིས་བྱོན་པ་དང་། ལམ་བར་ནས་མེ་དང་ཆུ་སོགས་ནམ་མཁའ་རྟེན་མེད་ནས་བླངས་ཏེ་གསོལ་ཇ་བསྐོལ་བ་སོགས་གྲུབ་པའི་མཛད་པ་མཐའ་ཡས་སོ།། འདུ་ཁང་ཆེ་དགོས་མ་གཏོགས་རྗེས་མ་ང་རྒྱ་ནག་གི་དབུ་བླ་རུ་གྱུར་ཚེ་འཁོར་སློབ་མང་བས་མི་ཚུད་གསུངས། དེ་ནི་སྐུ་ཕྲེང་བཞི་བའི་གདུལ་ཞིང་རྒྱ་ཡུལ་དུ་དར་བ་ལུང་བསྟན་པ་ཡིན་སྙམ། རྗེ་འདི་ཉིད་ཀྱི་གསུང་ལས་སྐྱེས་པའི་སྲས་ཀྱི་ཐུ་བོ། སྡེ་སྣོད་འཛིན་པའི་མཁན་པོོ། གདན་ས་སྐྱོང་བའི་སྐྱེས་ཆེན། རི་ཁྲོད་བརྟེན་པའི་བསྒོམ་པ། ཚེ་བློས་བཏང་གི་བྱ་བྲལ་སོགས་མཁས་པའི་ཉམས། བཙུན་པའི་ཚུགས། བཟང་པོའི་ཡོན་ཏན་གྱིས་ཕྱུག་པའི་ཞལ་སློབ་བགྲངས་ལས་འདས་པ་ཞིག་བྱུང་སྟེ་རྒྱལབསྟན་འཁོར་ལོ་གསུམ་གྱི་འཕྲིན་ལས་མི་ནུབ་པའི་རྒྱུན་བསྲིངས། རབ་བྱུང་བཅུ་གསུམ་པའི་ཆུ་ཕག་(༡༨༠༣)ལོར་མཚན་བཟང་གི་བཀོད་པ་ཆོས་དབྱིངས་སུ་བསྡུས།

དེ་རྗེས་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་རྣམ་སྤྲུལ་གྲུབ་པའི་རིག་འཛིན་ཆེན་པོ་སང་སང་གུ་རུ་འོད་ཟེར་དང་། དབོན་པོ་ཆོས་འཕེལ། དབོན་པོ་འཇིགས་མེད། སང་སང་དབོན་པོ་དབང་ཕྱུག་གི་ཡང་སྤྲུལ་པདྨ་འགྲོ་འདུལ་རྡོ་རྗེ་རྣམས་ཀྱིས་གདན་ས་བསྐྱངས། གདན་རབས་འདི་ཡི་རིང་ལ་དགོན་འདི་ཆེས་དར་ཞིང་རྒྱས་པར་གྲགས། ཁྱད་པར་དུ་པདྨ་འགྲོ་འདུལ་རྡོ་རྗེས་སང་སང་གྲྭ་གྲྭ་དགོན་དང་། མཚོ་སྔོན་གྱི་བན་ནག་དགོན་གཉིས་གསར་འདེབས་མཛད་ཅིང་ཞལ་སློབ་ཀྱི་གཙོ་བོ་མགར་ཀླུང་བདུད་འདུལ་དབང་ཕྱུག་གླིང་བ་དང་། ལྕགས་སྤྲུལ་རོལ་བའི་རྡོ་རྗེ། རྦ་ནག་བླ་མ་བརྟན་པ། ཨ་སྐྱོང་དབོན་པོ་སོགས་མཁས་ཤིང་གྲུབ་པའི་སློབ་མ་མང་དུ་བྱོན་ཏེ་འཕྲིན་ལས་དར་རྒྱས་བྱུང་། དེ་རྗེས་གྲུབ་པའི་དབང་ཕྱུག་ཆེན་པོ་སང་སང་ཡོན་ཏན་རྒྱ་མཚོ་དང་། སང་སང་སྟོན་པ། ཕན་བདེ་ཆོས་ཀྱི་ཉི་མ། རྡོ་རྗེ་དཔལ་དབྱིངས་སོགས་ཀྱིས་བསྐྱངས། གདན་རབས་བཅུ་གསུམ་པ་སང་སང་དབོན་པོ་ཐེེག་མཆོག་རྡོ་རྗེ་དང་། རྒྱུ་ཐལ་སྤྲུལ་སྐུ་འཇིགས་མེད། ལྷུན་གྲུབ་རྡོ་རྗེ། པདྨ་རྡོ་རྗེ། ཆོས་རྒྱལ་ཆེན་པོའི་རྣམ་སྤྲུལ་ལྷ་སྲས་བསོད་ནམས་ནོར་བུ་རྣམས་དུས་མཉམ་དུ་བྱོན། སང་སང་དབོན་པོ་ཐེག་མཆོག་རྡོ་རྗེས་ཞོ་རོག་དགོན་བསྐྱལ་གསོ་དང་། འཛམ་ཐང་གི་རུ་ནང་དགོན་གསར་འདེབས་མཛད། ལྷ་སྲས་བསོད་ནམས་ནོར་བུས་དགེ་བཅུའི་ཁྲིམས་སྲོལ་གསར་བཏོད་དང་། གསེར་རྒོད་རྒན་རྣམ་རྒྱལ་མཆོད་རྟེན་ཆེན་མོ་བཞེངས། དགོན་པའི་བྱིངས་འདྲེན་གྱི་ཐུགས་འགན་ལོ་བཅུ་གཉིས་བར་དུ་བཞེས་ཤིང་གར་དབྱངས་ཐིག་གསུམ་དང་བཅའ་ཡིག་ཚོགས་གཏམ་བཅས་བསྐྱར་བསྒྲིགས་བྱས། གདན་རབས་བཅུ་བཞི་བ་སང་སྤྲུལ་ངེས་དོན་རྒྱ་མཚོའམ་རྗེ་ཁྲག་འཐུང་རོལ་བའི་རྡོ་རྗེ་མཆོག་ནི་ཡབ་རྒྱལ་སྲས་གར་དབང་དང་། ཡུམ་ལྷོ་བཟའ་གནས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ས་ཕག་(༡༨༩༩)ལོར་མཚན་དཔེའི་དཀྱིལ་འཁོར་མངལ་གྱི་ཆུ་འཛིན་ལས་གྲོལ། ཡབ་ཀྱི་དྲུང་དུ་ཡི་གེ་འབྲི་ཀློག་སོགས་སྦྱང་བ་ཙམ་གྱིས་ཐུགས་སུ་ཆུད། དགུང་གྲངས་བརྒྱད་ཀྱི་དུས་སུ་ལྷ་སྲས་བསོད་ནམས་ནོར་བུས་སང་སྤྲུལ་ངེས་དོན་ཆོས་ཀྱི་ཉི་མའི་ཡང་སྲིད་དུ་ངོས་བཟུང་སྟེ་སྔ་འགྱུར་ཆོས་ཀྱི་གདན་ས་ཤར་རྒྱལ་བ་དུང་དཀར་དགོན་གསང་སྔགས་སྨིན་གྲོལ་གླིང་དུ་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ། དཔལ་ཡུལ་མཆོག་སྤྲུལ་ཆོས་ཀྱི་ཟླ་བ་དང་། བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན། དཔལ་ཡུལ་ལྷ་སྤྲུལ། ཧབ་ཤུལ་སྐྱབས་མགོན། དབོན་པོ་པདྨ་རྡོ་རྗེ། གནས་འགོའི་དབོན་པོ་ཨོ་རྒྱལ་དབང་རྒྱལ། རྒྱལ་ཡུམ་རྡོ་རྗེ་ཕག་མོའི་རྣམ་རོལ་མཁའ་འགྲོ་ཤེལ་སྨན་སོགས་བཤེས་གཉེན་མང་དུ་བསྟེན་ཏེ་མཁས་གྲུབ་གཉིས་ལྡན་གྱི་ཡང་རྩེར་བསྙེགས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་མདུད་གྲོལ་ཏེ་གསུང་མཆོག་སྒྲ་དབྱངས་དྲུག་འགྱུར་གྱིས་རྒྱལ་བའི་བཀའ་འགྱུར་ཆེན་མོའིལྗགས་ལུང་ཉིན་བརྒྱད་རེས་གསུངས་པ་མཛད། ཨོ་རྒྱན་སངས་རྒྱས་གཉིས་པའི་གཏད་རྒྱ་དུས་སུ་སད་དེ་བླ་སྒྲུབ་གུ་རུ་ཞི་བ། ཡི་དམ་ཐུགས་རྗེ་ཆེན་པོ། རྡོ་རྗེ་སེམས་དཔའ། སྒྲོལ་མའི་མཎྜལ་མཆོད་ཆོག མགོན་པོ་ཚོགས་བདག་གི་སྒྲུབ་པ། ཁྲིད་ཡིག་སྣ་ཚོགས་ཀྱི་སྐོར་བཅས་པོད་ལྔ་ཟབ་མོ་དག་སྣང་གི་མཛོད་ཁང་ནས་སྤྱན་དྲངས། མདོ་ཁམས་ཙ་རི་ཊ་རྫོང་གནས་དཔལ་གྱི་གནས་མཆོག་ཏུ་སྦས་པའི་རྣལ་འབྱོར་ཆེན་པོ་ཡག་ཤུལ་མཁན་པོ་བློ་གྲོས་སོགས་ལས་ལྡན་གྱི་འཁོར་སློབ་བརྒྱ་ཕྲག་དུ་མའི་དབུས་སུ་སྒྲོན་མེ་ཞིག་ཕྱག་ཏུ་བསྣམས་ནས་བསོད་ནམས་རྒྱ་མཚོའི་གཏིང་དུ་བྱོན་ཏེ་རྒྱལ་ཡུམ་སྒྲོལ་མ་དཀར་མོའི་སྐུ་སྒྲོམ་ངོ་མཚར་བ་ཞིག་གཏེར་ནས་བཞེས་ཏེ་མཚོ་ཁར་བྱོན་ཚེ་སྒྲོན་མེ་འབར་བཞིན་པ་དང་། ནབ་བཟའ་ཙམ་ལ་ཡང་ཆུ་ཡིས་མ་གོས་པར་བྱོན་ཏེ་སྐུ་རྟེན་དེ་ཉིད་དེར་བཞུགས་ཀུན་གྱི་དབུ་ཐོག་ཏུ་བཞག་ཏེ་བྱིན་རླབས་གནང་བས་ཐམས་ཅད་ལ་ཨོ་རྒྱན་སངས་རྒྱས་གཉིས་པ་དངོས་ཀྱི་དད་གུས་རང་འཁྲུངས་སུ་གྱུར། དབུས་ལྷ་ལྡན་དུ་བྱོན་སྐབས་ལམ་བར་དུ་ཆགས་མེད་གནས་མདའ་སྤྲུལ་སྐུས་གནམ་ཆོས་མི་འགྱུར་རྡོ་རྗེའི་ཡང་སྲིད་དུ་ངོས་བཟུང་སྟེ་གདན་དྲངས་ནས་རྒྱལ་བའི་བཀའ་འགྱུར་ཆེན་མོ་སོགས་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། དེ་སྐབས་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་དབུ་བླ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བ་ཁམས་རྗེ་དྲུང་འཕྲིན་ལས་བྱམས་པ་འབྱུང་གནས་ཀྱི་འོད་གསལ་ཉམས་ཀྱི་སྣང་ཆར་གནས་མདའ་དགོན་དུ་གནམ་ཆོས་མི་འགྱུར་རྡོ་རྗེའི་བཀའ་ཆོས་གསུངས་ཀྱིན་ཡོད་པར་སྣང་བས་ཁོང་གིས་ཆེད་དུ་གདན་འདྲེན་ཞུས་ཏེ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོགས་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། བྲག་དམར་སེ་ལེའི་རྒོད་ཚང་དུ་ཉེ་གནས་འཆི་མེད་སོགས་སློབ་ཚོགས་རྒྱ་མཚོ་ལྟ་བུ་དང་ལྷན་ཅིག་དགའ་སྟོན་ཚོགས་ཀྱི་མཆོད་པ་ཕུལ་སྐབས། འཁོར་རྣམས་ལ་ཁྱེད་ཅག་གིས་རྡོ་རྗེའི་ཚིག་བདུན་བཟླ་བཞིན་ཐད་ཀའི་བྲག་དེ་ལ་གཟིགས་གསུངས་བཞིན་བྱས་པས་བྲག་དཀྱིལ་དེ་ལས་སྐར་ཁུང་ལྟ་བུའི་སྒོ་ཞིག་ཕྱེས་ཏེ་འོད་དཀར་པོ་ཞིག་རྗེ་ཉིད་ལ་ཟུག་པ་ལས་འཇམ་དབྱངས་འཇའ་ཟུག་མ་ཞེས་པ་དེ་ཉིད་གཏེར་དུ་བཞེས། དེ་ནས་རྗེ་ཉིད་ཀྱིས་ཚེ་མདའ་ཞིག་འཕང་སྟེ་གཏེར་སྒོ་དེར་ཟུག་པ་ཕྱིས་སུ་འཆི་མེད་ཚེ་ཡི་ལྗོན་ཤིང་དུ་གྱུར་པ་དང་ཚེ་ཆུ་རྡོལ་བ་སོགས་ད་ལྟ་ཡང་མཇལ་རྒྱུ་ཡོད་དོ།། གཞན་ཡང་གནས་ཆེན་གནས་ཕྲན་ཀུན་ནས་ངོ་མཚར་བའི་གཏེར་ཁ་མང་དུ་བཞེས་ཏེ་སྙིགས་དུས་ཀྱི་རྒུད་པ་གསོས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རྟེན་གཙོ་སློབ་དཔོན་ང་འདྲ་མའི་མདུན་དུ་མཎྜལ་དང་ཚོགས་ཀྱི་འཁོར་ལོ་ཕུལ་ཏེ་ཐུགས་རྒྱུད་བསྐུལ་བའི་གསོལ་འདེབས་གསུངས་སྐབས་ཨོ་རྒྱན་ཆེན་པོའི་སྐུ་བརྙན་གྱི་ཞལ་འཛུམ་པ་དང་། སྤྱན་གཡོ་བ། རིང་བསྲེལ་གྱི་ཆར་དང་། སྐུ་ལས་བདུད་རྩིའི་རྒྱུན་བབས་པ་སོགས་ངོ་མཚར་བའི་རྟགས་མང་དུ་བྱུང་བ་ཀུན་ལ་མཐུན་སྣང་དུ་གྲུབ། བསམ་ཡས་དཀོར་མཛོད་གླིང་དུ་བྱོན་ཚེ་གནོད་སྦྱིན་ཙི་འུ་དམར་པོས་མཇལ་དར་ཕུལ་ཞིང་རང་རེ་ཨོ་རྒྱན་ཆེན་པོའི་སྤྱན་སྔར་སྨོན་ལམ་གཅིག་ཏུ་ཐེབས་པས་ཚེ་རབས་གཏན་གྱི་སྲུང་མ་ང་ཡིན་ཞེས་ཅི་བཅོལ་ཕྲིན་ལས་སྒྲུབ་པར་ཁས་བླངས་དམ་བཅའ་ཕུལ། ཁྱེད་ཨོ་རྒྱན་པདྨའི་རྒྱལ་ཚབ་འཁྲུལ་མེད་ཡིན་ཞེས་སོགས་རྗེ་འདིའི་ཡོན་ཏན་མང་དུ་བསྒྲགས་པས་སྙན་པའི་དབྱར་རྔ་ཕྱོགས་སུ་ལྡིར། བཀའ་བློན་ར་ག་གཤེགས་ཀྱི་དབུ་བླ་རུ་བཀུར་ཏེ་ཐོབ་ཡིག་གི་བཀའ་ཤོག་དང་ཐམ་ཀ་གནང་། རྗེས་མར་དབུས་སྐོར་བ་རྣམས་ལ་རྗེ་འདིའི་ཕྱག་ཡིག་ཙམ་ཡོད་ཀྱང་ལམ་ཡིག་གི་གོ་ཆོད་པ་ཡིན། དེ་ནས་ལྷོ་སྤྱི་ཁྱབ་རྒྱལ་པོ་དང་སྐུ་ཕྱོགས་གྲོང་ཟུར་གཉིས་ཀྱིས་གདན་དྲངས། རྒྱལ་བའི་བཀའ་འགྱུར་ཆེན་མོ་སོགས་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། ཞུ་རྟེན་མཎྜལ་ལ་ཇོ་བོ་ཤཱཀྱ་མུ་ནེ། ཙན་དན་དམར་པོའི་ཉེ་སྲས་བརྒྱད། མི་འགྱུར་དཔལ་སྒྲོན་གྱི་ཞལ་འདོན། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཚེམས། རྒྱལ་བ་ཙོང་ཁ་བའི་དབུ་ཞྭ། འཕགས་མཆོག་ཆོས་དབྱིངས་རང་གྲོལ་གྱི་མཁར་གསིལ། ཀུན་དགའ་བོའི་ལྷུང་བཟེད། རྒྱལ་བ་ཀརྨ་བའི་སྣམ་སྦྱར་སོགས་རྟེན་མཆོད་རྫས་ཡོ་བྱད་མང་པོའི་མཎྜལ་ཕུལ། གཞན་ཡང་རྗེ་འདི་ཉིད་ཀྱིས་ལྷ་ལྡན་ཇོ་བོའི་མདུན་དུ་ཕྱེ་ཚོགས་ཕུལ་ཚེ་ཕྱེ་ཚོགས་རྣམས་གསེར་ཕྱེ་རུ་གྱུར་པ་དང་། ཡང་རྟོག་གེ་བ་ཁ་ཅིག་གིས་ཉམས་ཚད་ལེན་ཕྱིར་རྒྱལ་བའི་བཀའ་འགྱུར་གྱིས་གདན་བརྒྱབ་སྟེ་རྗེ་ཉིད་བཞུགས་སུ་གསོལ་ཞིང་ཁྱོད་ལ་སྐྱབས་སྡོམ་མེད་ཞེས་(ཅེས་)སྐུར་བ་འདེབས་པ་ན་རྗེ་ཉིད་ཀྱིས་ང་རང་རྒྱལ་བའི་བཀའ་འགྱུར་གྱི་སྟེེང་དུ་འདུག་པ་ཕར་ཞོག ཐ་ན་ཡི་གེ་འབྲུ་གཅིག་ཙམ་ལའང་འགོམ་མྱོང་མེད་གསུངས་སྐབས་ཐམས་ཅད་ཀྱི་གླེག་བམ་རྣམས་ལ་བལྟས་ཚེ་ཡིག་འབྲུ་གཅིག་ཀྱང་མི་སྣང་བར་སོང་། དེ་ནས་ཐམས་ཅད་ཀྱིས་གནོང་འགྱོད་དྲག་པོས་མཐོལ་བཤགས་བྱས་རྗེས་རྗེ་ཉིད་ཀྱིས་རྟེན་བཞུགས་མཛད་པས་སྔར་བཞིན་གསལ་བར་གྱུར་པ་སོགས་གྲུབ་པའི་མཛད་པ་བསམ་གྱིས་མི་ཁྱབ་པས་འགྲོ་བློ་ཆོས་ལ་བསྒྱུར། སྤྱན་རས་གཟིགས་དབང་བླ་མ་པདྨ་བདེ་ཆེན་དང་། ཁོང་རྣམ་གཉིས་ཀྱིས་སྐྱེ་རྒུ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་ས་རུ་འདུ་ཁང་ཀ་བ་རིང་ཐུང་བརྒྱད་ཅུ་ཅན་ལ་ནང་རྟེན་ཞི་བ་བཅུ་རྩ་གཉིས་འབར་བ་ཁྲག་འཐུང་ལྔ་བཅུ་སོགས་རྟེན་མཆོད་རྫས་མང་བོས་ཕྱུར་བུར་བཀང་བའི་འདུ་ཁང་ངོ་མཚར་ཅན་གསར་བཞེངས་མཛད། དབུས་ལྷ་ལྡན་ནས་ཤར་རྒྱ་རོང་སོགས་ཡུལ་གྲུ་དུ་མར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཀླག་ལུང་དང་། གནམ་ཆོས། རཏྣ། འཇའ་ཚོན། མྱུར་ལམ་བདེ་ཆེན་ཞིང་ཁྲིད་སོགས་སྨིན་གྲོལ་གྱི་བདུད་རྩི་བསྩལ་ཏེ་བསྟན་དང་འགྲོ་ལ་སྨན་པའིམཛད་བཟང་ནམ་མཁར་བསྙེགས། རབ་བྱུང་བཅུ་དྲུག་པའི་ས་ཕག་(༡༩༥༩)ལོར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་སོ།། གཞན་ཡང་གདན་རབས་འདིར་སང་སང་དབོན་པོ་ཆོས་འཕེལ་གྱི་ཡང་སྲིད་སྤྲུལ་སྐུ་སྐུ་ཆུང་འགོ་མཆོག་ཏུ་འཁྲུངས་ཏེ་གསེར་ཁྲིར་མངའ་གསོལ་བྱས་ཀྱང་བསྟན་ཆས་འཕྲིན་ལས་རྒྱ་ཆེན་སྒྲུབ་ལོངས་མ་བྱུང་བར་གཟུགས་སྐུ་ཞི་བར་གཤེགས།

གདན་རབ་བཅོ་ལྔ་པ་སང་སང་དབོན་པོ་དགེ་འདུན་རྒྱ་མཚོ་དང་། མཆོག་སྤྲུལ་པདྨ་རྡོ་རྗེ། སྤྲུལ་སྐུ་འཇིགས་མེད་དབང་པོ་རྣམས་བྱོན། དང་པོ་སང་སང་དབོན་པོ་དགེ་འདུན་རྒྱ་མཚོ་ནི་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་(༡༩༣༥)ལོར་སང་སང་ཨ་འབུམ་གྱི་སྲས་སུ་སྐུ་འཁྲུངས། དགུང་གྲངས་བརྒྱད་ཀྱི་དུས་སུ་སང་སྤྲུལ་ངེས་དོན་རྒྱ་མཚོས་སྐུ་བདག་མཛད་དེ་གསེར་ཁྲིར་མངའ་གསོལ་བྱས། དབལ་ཤུལ་མཁན་པོ་དམ་ལོ། སང་སྤྲུལ་ངེས་དོན་རྒྱ་མཚོ། ཚེ་ཤུལ་སྤྲུལ་སྐུ་རིག་པའི་ཁུ་བྱུག་སོགས་ལས་སྨིན་གྲོལ་གྱི་གདམས་པ་མང་དུ་གསན་ཏེ་རྒྱལ་བ་དཔལ་ཡུལ་བའི་ཕྱི་ནང་གསང་བའི་མཚམས་དང་སྒྲུབ་པ་རྣམས་ཚུལ་བཞིིན་གྲུབ་ནས་དུང་དཀར་གསང་སྔགས་སྨིན་གྲོལ་གླིང་གི་བསྟན་པ་ཡོངས་ཀྱི་བདག་པོར་གྱུར། ལུགས་གསར་སྐབས་རྫོང་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས། ད་ལྟ་ལས་འཁྱིལ་(འཁྱུར་)ངལ་གསོ་བྱས་ཏེ་སེར་སྐྱ་ཕོ་མོ་ཡོངས་ལ་མྱུར་ལམ་བདེ་ཆེན་ཞིང་ཁྲིད་སོགས་དགེ་བའི་བསྐུལ་མ་ཅི་རིགས་མཛད་དེ་སྐུ་འཚོ་བདེ་ངང་དུ་བཞུགས་སོ།།

གཉིས་པ་མཆོག་སྤྲུལ་པདྨ་རྡོ་རྗེ་ལགས་ནི་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་(༡༩༤༤)ལོར་སྐུ་འཁྲུངས། དཔལ་ཡུལ་མཆོག་སྤྲུལ་ཆོས་ཀྱི་ཟླ་བ་དང་། སང་སྤུལ་ངེས་དོན་རྒྱ་མཚོ་སོགས་ཀྱིས་སང་སང་དབོན་པོ་པདྨ་རྡོ་རྗེའི་ཡང་སྲིད་དུ་ངོས་བཟུང་སྟེ་གསེར་ཁྲིར་མངའ་གསོལ་བྱས། སང་སྤྲུལ་ངེས་དོན་རྒྱ་མཚོ་དང་། དབལ་ཤུལ་མཁན་པོ་དམ་ལོ། མཁན་རིན་པོ་ཆེ་དཀོན་མཆོག་བློ་གྲོས། བླ་མ་རིག་འཛིན་ཉི་མ་སོགས་དགེ་བའི་བཤེས་གཉེན་དུ་མ་ལས་སྨིན་གྲོལ་གྱི་གདམས་པ་མང་དུ་མནོས། རྒྱལ་བསྟན་ཡང་དར་གྱི་སྐབས་དུང་དཀར་གསང་སྔགས་སྨིན་གྲོལ་གླིང་དུ་གནམ་ཆོས་མི་འགྱུར་རྡོ་རྗེ་དང་། སང་སྤྲུལ་ངེས་དོན་རྒྱ་མཚོ། བླ་མ་རིག་འཛིན་ཉི་མ་བཅས་ཀྱིས་ཟབ་གཏེར་ཡོངས་ཀྱི་སྨིན་གྲོལ་གྱི་བདུད་རྩི་བསྩལ་ཏེ་ལྷ་ཆོས་དགེ་བ་བཅུའི་ཁྲིམས་སྡོམ་པ་སོགས་བསྟན་ལ་སྨན་པའི་མཛད་བཟང་མང་དུ་སྤེལ་བཞིན་བཞུགས་པ་ལགས་སོ།། གསུམ་པ་སྤྲུལ་སྐུ་རིན་པོ་ཆེ་འཇིགས་མེད་དབང་བོ་མཆོག་ནི་རབ་བྱུང་བཅུ་དྲུག་པའི་ས་ཕག་(༡༩༤༧)ལོར་མི་དབང་དམ་པ་རྟ་ཤུལ་འཇམ་དཔལ་མགོན་གྱི་སྲས་སུ་སྐུ་འཁྲུངས། དཔལ་ཡུལ་མཆོག་སྤྲུལ་ཆོས་ཀྱི་ཟླ་བ་དང་། སང་སྤྲུལ་ངེས་དོན་རྒྱ་མཚོ་སོགས་ཀྱིས་བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་དང་། རྒྱུ་ཐལ་སྤྲུལ་སྐུ་འཇིགས་མེད་གཉིས་ཀྱིསྤྲུལ་བ་གཅིག་བསྡུས་སུ་བསྔགས་ཏེ་དུང་དཀར་དགོན་གསང་སྔགས་སྨིན་གྲོལ་གླིང་དུ་གསེར་ཁྲིར་མངའ་གསོལ་བྱས། སང་སྤྲུལ་ངེས་དོན་རྒྱ་མཚོ་དང་། མཁན་ཆེན་འཇིགས་མེད་ཕུན་ཚོགས། ཁང་སར་མཁན་པོ་མུན་སེལ། མཁན་ཆེན་དཀོན་མཆོག་བློ་གྲོས་སོགས་བླ་མ་མང་དུ་བསྟེན། དགུང་གྲངས་བཞི་བཅུའི་ནང་སྐྱེ་དགུའི་བསོད་ནམས་ཀྱིས་མ་ཐེག་པར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས། སྐུ་གདུང་ཕལ་ཆེར་འོད་དུ་ཡལ་ཞིང་གདུལ་བྱའི་དད་རྟེན་དུ་གདུང་དང་རིང་བསྲེལ་མང་དུ་བྱུང་བ་བཅས་སོ།།

གདན་རབས་བཅུ་དྲུག་པ་མཆོག་སྤྲུལ་ཆོས་ཀྱི་རྒྱམཚོ་དང་། དབོན་སྤུལ་འཕུར་རྒྱས། སྤྲུལ་སྐུ་རང་རིག་རྡོ་རྗེ་རྣམས་དུས་མཉམ་དུ་བྱོན། དང་བོ་མཆོག་སྤྲུལ་ངེས་དོན་ཆོས་ཀྱི་རྒྱ་མཚོ་ནི། རབ་བྱུང་བཅུ་དྲུག་པའི་ཤིང་སྦྲུལ་(༡༩༦༥)ལོར་མདོ་སྨད་ས་ཡི་ཐིག་ལེ་གསེར་ལྗོངས་ཆུང་ཡོས་སྡེ་བ་རུ་སྐུ་འཁྲུངས། དེ་ཡང་རྗེ་ཉིད་སྐུ་ན་ཕྲ་བའི་དུས་ནས་དད་པ་བརྟན་ཅིང་ཤེས་རབ་ཆེ་བ། བརྩེ་བའི་སྙིང་རྗེ་ཕྱོགས་མེད་དུ་རྒྱས་པ་སོགས་ཐེག་པ་ཆེན་པོའི་རིགས་སད་པའི་རྟགས་དང་། ཨོ་རྒྱན་སངས་རྒྱས་གཉིས་པའི་བྱིན་རླབས་བདུད་རྩིའི་ཟེགས་མ་སྙིང་དབུས་པདྨོའི་བཅུད་དུ་སོན་པས། དངོས་ཉམས་རྨི་ལམ་དག་ཏུ། ཡི་དམ་ལྷག་པའི་ལྷ་དུ་མའི་ཞལ་གཟིགས་བྱིན་གྱིས་བརླབས་པ་དང་། དཔལ་སྔགས་ཀྱི་བདག་མོས་དུས་ཀུན་སྲུང་སྐྱོབས་མཛད་པ་སོགས་དག་པའི་སྣང་བ་སྣ་ཚོགས་འབྱམས་སུ་ཀླས། ཐ་ན་སྐུ་རྩེད་ཀྱི་དུས་སུ་ཡང་། ཆོས་བཤད་པ་དང་། དབང་བསྐུར་བ། དཀྱིལ་འཁོར་བཞེངས་ཚུལ་སོགས་དམ་པའི་སྤྱོད་པ་ཁོ་ན་མཛད་པས་གཞན་ལས་ཁྱད་དུ་འཕགས། ཡི་གེ་འབྲི་ཀློག་སོགས་སྦྱང་བ་ཙམ་གྱིས་ཐུགས་སུ་ཆུད། དགུང་གྲངས་བདུན་གྱི་དུས་སུ་སང་སང་དབོན་པོ་དགེ་འདུན་རྒྱ་མཚོས་དུང་དཀར་མཆོག་སྤྲུལ་ངེས་དོན་རྒྱ་མཚོའི་ཡང་སྲིད་དུ་ངོས་བཟུང་། གངས་ལྗོངས་བསོད་ནམས་ཀྱི་མཁའ་ལ་ཡང་དར་བསྟན་པའི་ཉི་གཞོན་ཤར་བ་དང་དུས་མཚུངས་སུ། སྔ་འགྱུར་བསྟན་པའི་མངའ་བདག་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་། རྨ་སྤྲུལ་རིན་པོ་ཆེ་མདོ་སྔགས་ཆོས་ཀྱི་ཉི་མ། མཁན་ཆེན་དཀོན་མཆོག་བློ་གྲོས་སོགས་སྐྱེས་ཆེན་དུ་མས། དགོངས་དབྱངས་གཅིག་གིས་ཆོས་རྗེ་དུང་དཀར་རིན་པོ་ཆེའི་ཡང་སྤྲུལ་འཁྲུལ་མེད་ཐུགས་ཐག་བཅད། དགུང་གྲངས་བཅུ་བཞིའི་དུས་སུ་ཨོ་རྒྱན་བསམ་འགྲུབ་གླིང་དུ་པདྨའི་རྒྱལ་ཚབ་མཆོག་སྤྲུལ་རིན་པོ་ཆེ་མདོ་སྔགས་ཆོས་ཀྱི་ཉི་མ་ལས་དགེ་བསྙེན་གྱི་སྡོམ་པ་མནོས་ཤིང་། གནམ་ཆོས་དང་རཏྣ། སྒྱུ་འཕྲུལ་ཞི་ཁྲོ། བཀའ་བརྒྱད་རྣམ་གསུམ་སོགས་སྔ་འགྱུར་རྡོ་རྗེ་ཐེག་པའི་ཟབ་གཏེར་དུ་མའི་དབང་ལུང་དང་། མཁན་ཆེན་འཇིགས་མེད་དབང་པོ་ལས། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་དང་། སྤྱོད་འཇུག དབུ་མ། ཕར་ཕྱིན་སོགས་ཆོས་བཀའ་མང་དུ་གསན། དགུང་གྲངས་བཅུ་དྲུག་པར་མཁས་གྲུབ་བྱེ་བའི་འབྱུང་གནས་བླ་རུང་ཆོས་སྡེ་ཆེན་མོར་འདུལ་འཛིན་བརྩོན་འགྲུས་གྲགས་པ་ལས་རབ་ཏུ་བྱུང་སྟེ། རྗེ་བཙུན་བརྟན་པའི་འཁོར་ལོ་ངུར་སྨྲིག་གར་གྱི་རོལ་བ་སྐྱབས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་ཞབས་པད་དྲི་མ་མེད་པ་སྤྱི་བོའི་གཙུག་ཏུ་བསྙེན་ནས། དབུ་ཕར་འདུལ་མཛོད་སོགས་ཕར་ཕྱིན་ཐེག་པའི་ཆོས་ཚན་རྣམས་དང་། སྒྱུ་འཕྲུལ་གསང་བ་སྙིང་པོ། སྙིང་ཐིག་ཡ་བཞི། ཀློང་ཆེན་མཛོད་བདུན། ལྕེ་བཙུན་སྙིང་ཐིག དུས་འཁོར་སོགས་འོད་གསལ་རྡོ་རྗེ་སྙིང་པོའི་སྨིན་གྲོལ་གྱི་གདམས་པ་ཟབ་མོའི་མན་ངག་བཅས་ཆོས་བཀའ་དཔག་ཏུ་མེད་པ་མནོས་ཤིང་ཐུགས་ཉམས་སུ་བཞེས། དགུང་གྲངས་ཉི་ཤུའི་དུས་སུ་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོས་མཁན་པོ་མཛད་དེ། དད་པའི་ཡུལ་དགེ་འདུན་གྲངས་ཚང་བའི་མདུན་དུ་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ལོ་དེར་ཤར་རྒྱལ་བ་དུང་དཀར་དགོན་གསང་སྔགས་སྨིན་གྲོལ་གླིང་དུ་གསེར་ཁྲིར་མངའ་གསོལ་མཛད། དགུང་གྲངས་ཉེར་བཞིའི་དུས་སུ་མཁན་ཆེན་དམ་པ་ཆོས་དབྱིངས་ཁྱབ་བརྡལ་མཆོག་གི་ཞབས་དྲུང་ནས། ཐེག་ཆེན་ཚུལ་འཇུག སྣང་བ་ལྷར་བསྒྲུབ། ཡེ་ཤེས་བླ་མ་སོགས་ཟབ་ཆོས་མང་པོར་གསན་བསམ་མཛད། དགུང་གྲངས་ཉེར་ལྔའི་དུས་སུ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་བྱོན་ནས། ས་དགེ་བཀའ་རྙིང་སོགས་རིས་སུ་མ་ཆད་པའི་དགེ་བའི་བཤེས་གཉེན་དུ་མ་ལས། རིས་མེད་ཆོས་ཚུལ་ཀུན་ལ་གསན་སྦྱང་དང་དབང་ལུང་མང་དུ་མནོས། གཞན་ཡང་། སྔ་གཞུག་ཏུ་མཁན་ཆེན་དཀོན་མཆོག་བློ་གྲོས་དང་། གཞི་ཆེན་ནམ་སྤྲུལ་འཇིགས་མེད་ཕུན་ཚོགས། ཌཱ་ཀི་ཏཱ་རེ་དེ་ཝི། རྡོ་གྲུབ་བསྟན་པའི་ཉི་མ། གྲུབ་ཆེན་སྤྲུལ་སྐུ་ཐེག་མཆོག་རྒྱལ་མཚན་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་མང་པོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྙེན་ནས། མདོ་སྔགས་སྤྱི་དང་། བྱེ་བྲག་ནང་རྒྱུད་ཡོ་ག་གསུམ་གྱི་དབང་ལུང་མན་ངག་ཉམས་ལེན་དམར་ཁྲིད་བཅས་བུམ་པ་གང་བྱོས་ཀྱི་ཚུལ་དུ་མནོས་ཤིང་། ཐོས་བསམ་གྱིས་གཏན་ལ་ཕབ། ལུང་རིགས་ཀྱིས་མཐའ་རྒྱ་བཅད། ཚུལ་བཞིན་ཉམས་སུ་བླངས་པས། རྒྱུད་གསུམ་རིག་འཛིན་བླ་མའི་བྱིན་རླབས་ཀྱི་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས། དེ་ནས་བཟུང་གཞན་ཕན་འཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ཏེ་སྐལ་བཟང་གདུལ་བྱའི་ཞིང་སར་མྱུར་ལམ་བདེ་ཆེན་ཞིང་ཁྲིད་དང་། གནམ་ཆོས། རཏྣ་སོགས་ཀྱི་སྨིན་གྲོལ་བདུད་རྩིའི་ཆོས་ཆར་ཕབས་ཏེ་འགྲོ་བ་མང་བོ་ཐར་བའི་ལམ་ལ་བཀོད། གསང་སྔགས་སྨིན་གྲོལ་གླིང་དུ་མདོ་སྔགས་ཀྱི་བཤད་སྒྲུབ་རྒྱུན་འཛུགས་དང་། རཏྣ་གནམ་ཆོས་གཙོ་བོར་གྱུར་པའི་སྔ་འགྱུར་བཀའ་གཏེར་ཕལ་མོ་ཆེའི་སྒྲུབ་ཆེན། སྒྲུབ་ཕྲན་དེ་དག་གི་ཡནལག་གར་དབྱངས་ཐིག་གསུམ། བཅའ་བརྡུང་འབུད་དཀྲོལ་ཐམས་ཅད་རིག་འཛིན་བརྒྱུད་པའི་ཕྱག་བཞེས་དྲི་མ་མེད་པ་བཞིན། ཉམ་པ་སོར་ཆུད་དང་མི་ཉམ་ཇེ་ལེགས་སུ་བཏང་སྟེ། བཤད་སྒྲུབ་ཀྱི་བསྟན་པ་ཉི་ཟླ་ལྟར་གསལ་བར་བྱས། ཁྱད་པར་སྐྱབས་རྗེ་ནམ་སྤྲུལ་ཡབ་ཡུམ་གྱི་ཟབ་གཏེར་མཐིང་འོད་འབར་མའི་ཁ་བྱང་ལས། ལྷོ་ཡི་ཆོས་བདག་དྷརྨཱའི་མཚན་ཅན་ལ།། ངུར་མོའི་དུས་སུ་ཆོས་འདི་འཕྲོད་གྱུར་ན།། འདི་དང་ཆོས་གཏེར་ཀུན་གྱི་བདག་པོར་གྱུར།། ཟབ་བཅུད་མི་ཉམ་སྤེལ་བའི་བདག་པོ་སྟེ།། ཁྱད་པར་གསང་ཆེན་བསྟན་པའི་གསོས་སུ་འགྱུར། །ཞེས་པ་ལྟར་ལས་སྨོན་ཆོས་ཀྱི་བདག་པོར་ལུང་བསྟན་ཏེ་ཟབ་གཏེར་ཡོངས་ཀྱི་དབང་སྨོན་ལམ་གཏད་རྒྱ་བཅས་མཛད། དགུང་གྲངས་ཉེར་དགུའི་སྐབས་སུ་རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་སྐབས། རིགས་སོ་སོའི་གདུལ་བྱ་སྐལ་བ་དང་ལྡན་པ་མང་པོ་ལ། ལས་འབྲས་ཀྱི་རྣམ་བཞག་སྐྱབས་སེམས་སོགས་ཀྱི་བཀའ་སློབ་དང་། ཐུགས་རྗེ་ཆེན་པོ་གསང་བ་འདུས་པ། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་སོགས་ཀྱི་ཟབ་གསང་བདུད་རྩིའི་བགོ་སྐལ་བསྩལ། དེ་ནས་བཟུང་ཤར་ཕྱོགས་མ་ཧཱ་ཙི་ནའི་ཡུལ་གྲུ་ཕལ་མོ་ཆེ་དང་། གཞན་ཡང་ཨ་རི་དང་། འཇར་པན། ཤང་ཀང་སོགས་ཕྱི་གླིང་གི་རྒྱལ་ཁབ་དུ་མར་བྱོན་ཏེ་ལས་སྨོན་འབྲེལ་བའི་གདུལ་བྱ་རྣམས་ལ་རང་རང་གི་སྐལ་བ་དང་འཚམ་པའི་བདུད་རྩིའི་ཆོས་ཆར་ཕབས་ནས་སྐལ་བཟང་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད། དགུང་གྲངས་སོ་གསུམ་པར་ཚེ་རབས་དུ་མར་ལས་དང་སྨོན་ལམ་བཟང་པོས་འབྲེལ་བའི། སྙིགས་དུས་འགྲོ་བའི་སྐྱབས་མགོན་སེར་ཤུལ་ཁྲི་བ་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གདན་ཞུས་ལྟར། ཞྭ་སེར་བསྟན་པའི་མཛེས་རྒྱན་སེར་ཤུལ་ཐེག་ཆེན་ཆོས་གླིང་དུ། གངས་ཅན་སྨོན་ལམ་ཆེན་མོའི་ཆོས་ཚོགས་ལ་ཕེབས་ནས་དཔལ་མཉམ་མེད་རི་བོ་དགེ་ལྡན་པ་གཙོ་བོར་གྱུར་པའི་དགེ་འདུན་པ་ཁྲི་ཕྲག་ལྷག་དང་དད་ལྡན་སེར་སྐྱ་འབུམ་ཕྲག་ལས་བརྒལ་བ་ལ་ཆོས་དང་འཇིག་རྟེན་གྱི་བཀའ་སློབ་དང་། རྒྱལ་སྲས་ལག་ལེན་གྱི་ཁྲིད་ལུང་། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བཀའ་དབང་སོགས་སྨིན་གྲོལ་གྱི་བདུད་རྩི་བསྩལ་ཏེ། རིས་མེད་གྲུབ་མཐའ་ཀུན་ལ་དམ་པའི་ཆོས་ཀྱི་འབྲེལ་བ་ཟབ་མོ་བཞག དགུང་གྲངས་སོ་ལྔ་པར་རྗེ་ཉིད་ཀྱི་ཐུགས་འདུན་བཞིན། དད་ལྡན་སློབ་ཚོགས་ཡོངས་དང་། རྒྱལ་ཕྱི་ནང་གི་བསྟན་པའི་སྦྱིན་བདག་རྣམས་ཀྱིས་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས། ལོ་འཁོར་བཞིའི་རིང་ལ་འདུ་ཁང་ཆེ་ཆུང་གཉིས་དང་། སྒྲུབ་ཁང་ཆེན་མོ། མགོན་ཁང་། དཔལ་རི་པདྨ་འོད་ཀྱི་ཕོ་བྲང་སོགས་རྟེན་ཕྱི་ནང་གི་བཀོད་པ་ཕུན་སུམ་ཚོགས་པ་ལེགས་གྲུབ་བྱུང་སྟེ་དགའ་སྟོན་རབ་གནས་ཀྱི་མེ་ཏོག་འཐོར་སྐབས། མཁའ་དབྱིངས་དྭངས་བའི་ཀློང་དུ་ཉི་ཟླ་སྐར་གསུམ་དུས་གཅིག་ཏུ་ཤར་བ་དང་། འཇའ་འོད་ཀྱི་གུར་ཕིབས་པ་སོགས་བཀྲ་ཤིས་པའི་དགེ་མཚན་སྣ་ཚོགས་པས་འཇིག་རྟེན་ཀུན་ཏུ་ཁྱབ་པར་བྱས་སོ།། དེ་ལྟར་རྗེ་བཙུན་དམ་པ་འདི་ཉིད་ཀྱིས་བསྟན་དང་འགྲོ་ལ་སྨན་པའི་མཛད་འཕྲིན་ཉི་ཟླའི་འོད་སྣང་ཕྱོགས་བཅུའི་ཐ་གྲུ་ཀུན་ཏུ་ལྷང་ངེར་གསལ་བར་རང་ཅག་འགྲོ་བའི་དཔལ་དུ་ཞབས་པད་མི་འཇིགས་ཆོས་བདུན་ལྡན་པའི་རྡོ་རྗེའི་ངོ་བོར་འཚོ་གཞེས་སུ་བཞུགས་པ་ལགས་སོ།། སྨྲས་པ། གངས་རའི་འཕྲེང་བར་གངས་དཀར་ཏི་སེ་དང་།། སྒྱུ་སྐར་དབུས་ན་ཉ་རྒྱས་ཟླ་བ་བཞིན།། སྡེ་འདིར་མཁས་གྲུབ་གསེར་རིའི་འཕྲེང་བསྟར་ཡང་།། འཕགས་ཆེན་ཁྱེད་ཀྱི་དཔེར་འོས་གཞན་གྱིས་མིན།། ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

གཉིས་པ་དབོན་སྤྲུལ་རིན་པོ་ཆེ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོའམ་ཡོངས་གྲགས་སུ་དབོན་པོ་འཕུར་རྒྱས་མཆོག་ནི་རབ་བྱུང་བཅུ་དྲུག་པའི་མེ་ལུག་(༡༩༦༧)ལོར་སང་སང་དབོན་པོ་དགེ་འདུན་གྱི་སྲས་སུ་སྐུ་འཁྲུངས་ཚེ་ལྷ་ཆས་དཀར་པོ་གྱོན་ཅིང་དབུ་ལ་རིགས་ལྔ་དང་། ཕྱག་ན་བུམ་པ་ཐོགས་པ་ཞིག་སྦྲ་ཁྱིམ་གྱི་མཐོང་སྐར་ནང་ཡར་འཕུར་མར་འཕུར་བྱེད་བཞིན་ཡོད་པ་སྐུ་མཆེད་ཆེ་བས་མཐོང་བ་རྒྱུ་མཚན་དུ་བྱས་ནས་མཚན་འཕུར་རྒྱས་གསོལ། སྐྱེས་ཆེན་དུ་མས་བླ་མ་པདྨ་བདེ་ཆེན་གྱི་ཡང་སྲིད་དུ་ངོས་བཟུང། འཁང་གསར་མཁན་པོ་མུན་སེལ། ཤུག་སྒང་རྨ་སྤྲུལ། མཁན་ཆེན་འཇིགས་མེད་ཕུན་ཚོགས། མཆོག་སྤྲུལ་བློ་གྲོས་དབང་པོ། ཁ་བ་སྤྲུལ་སྐུ་ཆོས་ཀྱི་ཉི་མ། རྡོ་གྲུབ་ཆེན་ཐུབ་བསྟན་འཕྲིན་ལས་དཔལ་བཟང་། མཁན་ཆེན་དཀོན་མཆོག་བློ་གྲོས་སོགས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཏེ་སྨིན་གྲོལ་གྱི་གདམས་པ་མང་དུ་མནོས། རྨ་སྤྲུལ་རིན་པོ་ཆེ་ཆོས་ཀྱི་ཉི་མ་དང་། མཁན་ཆེན་དཀོན་མཆོག་བློ་གྲོས། མཆོག་སྤྲུལ་པདྨ་རྡོ་རྗེ་བཅས་ཀྱིས་དུང་དཀར་གསང་སྔགས་སྨིན་གྲོལ་གླིང་གི་བསྟན་པའི་བདག་པོར་མངའ་གསོལ། ད་ལྟ་དགོན་འདི་སྔ་སྲོལ་རྒྱལ་བ་གོང་མའི་ཕྱག་བཞེས་ལྟར་སྐྱོང་བཞིན་པ་དང་། གཞན་ཡང་བལ་ཡུལ་ནས་སྤྱན་དྲངས་པའི་རིགས་གསུམ་མགོན་པོའི་ལྷ་སྐུ་སོགས་རྟེན་བཞེངས་མང་དུ་མཛད་དེ་བསྟན་དང་འགྲོ་བའི་དོན་ཆེན་སྒྲུབ་བཞིན་སྐུ་འཚོ་བདེ་ངང་དུ་བཞུགས། གསུམ་པ་སྤྲུལ་སྐུ་རང་རིག་རྡོ་རྗེ་ནི་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་(༡༩༦༦)ལོར་སྐུ་འཁྲུངས། སང་སང་དབོན་པོ་དགེ་འདུན་རྒྱ་མཚོས་དུང་དཀར་སྤྲུལ་སྐུ་སྐུ་ཆུང་གི་ཡང་སྲིད་དུ་ངོས་བཟུང་སྟེ་གསེར་ཁྲིར་མངའ་གསོལ། མཁན་ཆེན་འཇིགས་མེད་ཕུན་ཚོགས་དང་། བླ་མ་རིག་འཛིན་ཉི་མ། ནམ་སྤྲུལ་རིན་པོ་ཆེ་ཡབ་ཡུམ། མཁན་ཆེན་དཀོན་མཆོག་བློ་གྲོས་སོགས་བླ་མ་མང་དུ་བསྟེན་བཞིན་བཞུགས། གཞན་ཡང་དགོན་གནས་འདིར་དབོན་པོ་དང་སྤྲུལ་སྐུ་སོགས་སྐྱེས་ཆེན་དམ་པ་མང་དུ་བྱོན་ཀྱང་གོང་གི་གདན་རབས་རྣམས་ནི་དགོན་འདིའི་བསྟན་སྲིད་སྐྱོང་ཚུལ་གྱི་དབང་དུ་བྱས་པའོ།། སྐབས་འདིར་དགོན་འདིའི་རྒྱལ་ཚབ་རིམ་བྱོན་གྱི་མཚན་ཙམ་འགོད་ན། སྤྱིར་དབལ་ཤུལ་གྱི་དབོན་བླ་རྣམས་ནི་དགོན་འདིའི་རྒྱལ་ཚབ་ཡིན། སྤྲུལ་སྐུ་བསོད་ནམས་རིག་འཛིན། མཁྱེན་ལོ། བསོད་ནམས་སྙན་གྲགས། འཕྲིན་གསལ། འོད་གསལ་རིག་པའི་རྡོ་རྗེ་སོགས་སོ།། དེ་ནས་དགོན་འདིར་མཁན་རབས་རིམ་བྱོན་གྱི་མཚན་བྱང་གོ་རིམ་ལྟར་ན། ཨ་བོས་བླ་མ་མཐུ་དཔལ། ཨ་བོས་བླ་མ་སེམས་ཉིད། དཔལ་ཤུལ་མཁན་པོ་གཡུ་སྒྲ། དབལ་ཤུལ་མཁན་པོ་དམ་ལོ། ཨ་ཛི་མཁན་པོ་དགེ་བཟང་། ཨ་རིག་མཁན་པོ་མངོན་དགའ། བཙན་ནེ་མཁན་པོ་འཇིགས་བདེ། སྐྱབས་རྗེ་མཁན་ཆེན་དཀོན་མཆོག་བློ་གྲོས། དབལ་ཤུལ་མཁན་པོ་འཇིགས་བདེ། ལྷ་རྩེ་མཁན་པོ་པད་འབྱུང་། ཨ་རིག་མཁན་པོ་ཐུབ་རྣམ། དམེ་སྐོར་མཁན་པོ་འཇིགས་བསྟན། དབལ་ཤུལ་མཁན་པོ་བློ་འཕེལ། རྒྱུ་ཐལ་མཁན་པོ་ཐོས་ལྡན། གཡུང་ཤུལ་མཁན་པོ་རྡོར་དྲིལ། ཕྲན་པདྨ་འོད་གསལ་མཐའ་ཡས། ཨ་འཚོ་མཁན་པོ་ཀུན་ཤེས། མཁན་བརྒྱད་འཛོམས། རྔ་བཟའི་དགེ་དཔལ། དབལ་ཤུལ་མཁན་པོའི་ཡང་སྤྲུལ་བཤད་སྒྲུབ་རྒྱ་མཚོ་སོགས་མཁན་རབས་ནོར་བུའི་འཕྲེང་བ་ལྟར་བྱོན་ནས་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་ལམ་བསླབ་པ་གསུམ་ལ་ཉམས་བཞེས་སོགས་རྒྱལ་བ་དཔལ་ཡུལ་བའི་ཐུན་མིན་རིང་ལུགས་དྲི་མ་མེད་པ་སྐྱོང་དང་སྐྱོང་མུས་སུ་མཆིས་པ་ལགས།

དུས་མཆོད་རྒྱུན་སྲོལ་ནི། ཆོ་འཕྲུལ་ཟླ་བའི་ཚེས་གསུམ་ནས་སྨན་བླ་དང་། གནས་བརྟན་ཕྱག་མཆོད། སྤྱོད་འཇུག་མཆོད་པ་དང་། འཛམ་གླིང་གེ་སར་གྱི་སྒྲུབ་པ་དང་འཆམ། ཚེས་བཅོ་ལྔ་ནས་སེར་སྐྱ་མཆོག་དམན་ཡོངས་ལ་བསྙུང་གནས་ཆ་བརྒྱད། བོད་ཟླ་གསུམ་པའི་ཚེས་གཅིག་ནས་བཅུའི་བར་ཨོ་རྒྱན་སངས་རྒྱས་གཉིས་པའི་དུས་དྲན་ཚེས་བཅུ་ཆེན་མོ་དང་། བོད་ཟླ་ལྔ་བར་མགོན་པོའི་སྤྱི་སྲུང་ཉིན་བདུན། བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་དབྱར་གནས། བོད་ཟླ་བདུན་པར་ཆོས་སྐྱོང་གསོལ་མཆོད་ཆེན་མོ། བོད་ཟླ་བརྒྱད་པའི་ནང་སྒྲུབ་ཆེན་གང་རུང་། བོད་ཟླ་བཅུ་བའི་ཚེས་བདུན་ནས་ཞིང་སྒྲུབ་དང་བཅོ་ལྔ་ནས་ཟླ་གཅིག་བར་སྐུ་གསུམ་སྒྲུབ་པ། བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ནས་ཟླ་གཅིག་བར། སྔོན་འགྲོ། རྩ་རླུང་། རྫོགས་ཆེན་བཅས་ཀྱི་ཁྲིད། གཞན་ཡང་ཕུར་བ་དགུ་སྒྲུབ་དང་། བཤད་གྲྭ་དང་སྒྲུབ་གྲྭ་རྒྱུན་ཆགས་ཡིན་པ་བཅས་སོ།།

སླར་སྨྲས་པ།

ཆེར་སྙིགས་ལྔ་བདོའི་ཚ་གདུང་སེལ་བའི་སྨན།། རྒྱལ་བསྟན་འཁོར་ལོ་གསུམ་གྱི་གདུགས་དཀར་པོ།། གྲངས་མེད་གདུལ་བྱའི་བླ་ན་རྟག་མཛེས་པའི།། འཕྲིན་ལས་གྲིབ་བསིལ་བསྟན་འགྲོའི་གསོས་སུ་ཆེ།། སྤངས་རྟོགས་མཐར་ཕྱིན་ཀུན་མཁྱེན་མགོན་པོ་ཡི།། ཐུགས་རྗེའི་རང་རྩལ་ཡེ་ཤེས་སྒྱུ་མའི་འཕྲུལ།། ཕྱག་ན་པདྨོ་མི་ཡི་ཚུལ་འཛིན་པ།། འདྲེན་མཆོག་བླ་མ་གདན་རབས་རིམ་བྱོན་གྱི།། གསང་གསུམ་རྟོགས་བརྗོད་ཟླ་བའི་མ་མ་ལས།། ཆ་ཙམ་བརྗོད་པའི་བསོད་ནམས་ཕུང་པོ་ཡིས།། ཐུབ་བསྟན་ལུང་རྟོགས་པདྨའི་ཚལ་ཡངས་པོར།། མཁས་ཚུལ་གསུམ་གྱི་རྩེད་འཇོར་རོལ་བར་ཤོག །ཞེས་(ཅེས་)ཤར་རྒྱལ་བ་དུང་དཀར་དགོན་གསང་སྔགས་སྨིན་གྲོལ་གླིང་གི་ལོ་རྒྱུས་མདོར་བསྡུས་ནོར་བུའི་འཕྲེང་བ་འདི་ནི་མཆོག་སྤྲུལ་ངེས་དོན་ཆོས་ཀྱི་རྒྱ་མཚོས་བཀའ་མངགས་བཞིན་མཁན་མིང་བ་པདྨ་འོད་གསལ་མཐའ་ཡས་སམ་སློབ་དཔོན་མཁས་པའི་སྒྲོ་བཏགས་ལ་མཚོ་བྱུང་དགྱེས་པའི་རྡོ་རྗེ་རུ་འབོད་པ་དེ་ཉིད་ཀྱིས་རབ་རྒྱན་ཆུ་རྟ་(༢༠༠༢.༡༠.༢༨.)ལོའི་ཟླ་ཚེས་བཟང་པོར་བྲིས་པ་མངྒ་ལམ།། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།