ཟླ་གཞོན། བོད་འབྱོར།
ནམ་འཕང་གཅོད་པའི་བྱ་རྒྱལ་དེ།།
རླུང་གི་ཤུགས་ལ་བསྟེན་དགོས་ཀྱི།།
མཐའ་བཞི་སྐྱོང་བའི་རྒྱལ་བོ་ཡང་།།
འཁོར་དང་ཚོགས་ལ་བསྟེན་དགོས་སོ།།
གྲོ་ནས་ཤུན་པའི་དབྱེ་བ་ནི།།
རླུང་གི་ནུས་པར་བསྟེན་ནས་འབྱེད།།
ལེགས་ཉེས་བདེན་རྫུན་སྒྱུ་མའི་གར།།
རང་བློས་བརྟག་ནས་ཚད་མར་སྒྲུབ།།
ཚ་བས་གཟིར་བའི་སེམས་ཅན་ཚོགས།།
བསིལ་བའི་རླུང་གི་སྐྱིབས་དགོས་ཏེ།།
རྨོངས་འཐོམས་སྐྱེ་བོའི་ཕུགས་མདུན་ལ།།
གདམས་ངག་ཟབ་མོའི་ལམ་སྟོན་དགོས།།
ནགས་ལས་མཆེད་པའི་མེ་སྟག་ཀྱང་།།
རླུང་དང་བསྡེབས་ན་ཇེ་མཐུ་སྟེ།།
བློ་དམན་དཔོན་པོའི་འདོད་རྔམ་དེ།།
དངུར་ལོར་འཕྲད་ན་ཇེ་ཆེར་འགྲོ།།
ས་ཆེན་གོ་ལའི་ཚེ་སྲོག་དེ།།
འབྱུང་བ་བཞི་ཡི་རམ་ལ་བསྟེན།།
མི་དང་མི་ཡི་བརྩི་འཇོག་ཀྱང་།།
ཡིད་ཆེས་དག་ལ་བསྟེན་ནས་འབྱུང་།།
མཚན་ལམ་སྟོན་པའི་དཀར་མེ་ལ།།
རླུང་གི་གཡབ་མོ་དགོས་མིན་ཏེ།།
ཏིང་འཛིན་སྒོམ་པའི་སྐྱེ་བོ་ལ།།
གསོལ་རས་ཞབས་ཏོག་ཅི་ལ་མཁོ།།
རྨང་བརྟན་བཙན་རྫོང་མཁར་ལ་ནི།།
རླུང་གི་འཇིག་པས་མི་སྐྱོན་ཏེ།།
ངེས་དོན་མཁས་པའི་གསུང་རབ་ལ།།
ལྟག་ཆོད་ཚིག་གིས་གནོད་ལྟ་ཅི།།
སྟག་སེང་ཁྱུང་འབྲུག་རླུང་རྟ་དེ།།
རླུང་ལ་བསྟེན་ན་ཇེ་མཐོ་སྟེ།།
རྣམ་དཔྱོད་ཅན་གྱི་མཁས་པ་འང་།།
བླ་མར་བསྟེན་ན་རིག་ཀློང་བརྡོལ།།
སྐྱི་བསེར་རླུང་དང་སྦྱར་བའི་གཏམ།།
ཀུན་གྱི་སྣང་ངོར་ཆོས་བཞིན་དུ།།
རྩ་གསུམ་བླ་མའི་བྱིན་རླབས་ཀྱིས།།
འགྲོ་ཀུན་སེམས་རྒྱུད་བརླན་པར་ཤོག།