ཤིས་ཚིག


༄༅། །འཕགས་མཆོག་སྤྱན་རས་གཟིགས་དབང་འཇིག་རྟེན་སྤྱི་དང་། བྱེ་བྲག་གངས་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་དུ་གསུམ་ལྡན་རྡོ་རྗེ་འཆང་གི་སྐུར་དངོས་སུ་བཞེངས་པ་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུའི་སྡེའི་ཞབས་ཟུང་དགེ་ལེགས་གཟི་བྱིན་འབུམ་ཕྲག་ཕྱོགས་བརྒྱར་འབར་བའི་འཇིགས་མེད་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མངོན་པར་མཐོ་བའི་ཉེ་དྲུང་གང་དེར།


སྒོ་གསུམ་རབ་གུས་ཀྱིས་དད་ཕྱག་འབུམ་ཕྲག་གྲངས་མེད་དང་བཅས་བོད་རྒྱལ་ལོ་༢༡༤༦་སྟེ། བོད་རབ་གནས་ས་ཕག་ལོའི་བཀྲ་ཤིས་རྫོགས་ལྡན་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་རྟེན་འབྲེལ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་། སྐྱེ་འགྲོ་ཡོངས་ཀྱི་མ་འགྲས་པའི་མཛའ་བཤེས་ཆེན་པོ། བསླུ་མེད་གཏན་གྱི་སྐྱབས་མགོན་༧རྒྱལ་དབང་ཡིད་བཞིན་ནོར་བུའི་སྡེ་མཆོག་གི་གསང་གསུམ་ཉེར་འཚེ་མཐའ་དག་རང་སར་ཞི་ནས། ཞབས་པད་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་སྲིད་མཐའི་བར་དུ་བརྟན་ཞིང་། ཀུན་ཕན་རླབས་ཆེན་ཐུགས་ཀྱི་བཞེད་དོན་ཕྲ་རགས་མཐའ་དག་གེགས་མེད་བདེ་བླག་མྱུར་འགྲུབ་འབྱུང་བར་སྨོན་འདུན་ཤུགས་དྲག་ཞུ་ཞུ་ཞུ། །

༼༼ ཤིས་ཚིགས། ༽༽
ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ས་གསུམ་རེ་སྐོང་༧རྒྱལ་མཆོག་བཅུ་བཞི་བ། །
ས་ཆེན་ཡོངས་ཁྱབ་རྨད་བྱུང་མཛད་འཕྲིན་ས་ཡ་དྲུག་གི་དབུགས་ཀྱི་རྒྱུ་བ་ཉིད། །
ས་ལའི་ལྗོངས་ཀྱི་སྐྱེ་འགྲོས་གཙོས་པའི་ས་འདིའི་གྲངས་མེད་སྐྱེ་རྒུའི་མགོན་སྐྱབས་སུ། །
ས་གནས་སེམས་དཔའི་ཐུགས་བཞེད་ལྷུན་འགྲུབ་ས་ཕག་གནམ་ལོ་གསར་བཞད་ཤིས་སྨོན་ཞུ། །

བསྟན་འགྲོའི་དཔལ་མགོན་མཚུངས་མེད་༧རྒྱལ་བའི་དབང་། །
ཞབས་པད་རྟག་བརྟན་བཞེད་དོན་མྱུར་འགྲུབ་ཕྱིར། །
རབ་གནས་ས་ཕག་གནམ་ལོ་གསར་བཞད་འདིར། །
རྒྱན་འཇུག་བརྒྱ་ཚར་རེ་འདོན་དམ་བཅའ་འབུལ། །

གྲངས་མེད་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་། །
བསིལ་ལྗོངས་སྐྱེ་རྒུའི་དད་དམ་གཙང་མའི་མཐུས། །
གངས་ཅན་ལྷ་གཅིག་ཕྱག་ན་པད་དཀར་འཆང་། །
ཞབས་པད་རྟག་བརྟན་བཞེད་དོན་མྱུར་འགྲུབ་ཤོག །

སྙིང་རྗེའི་ལྷ་ཡིས་ཐུགས་བསྐྱེད་བདེན་སྟོབས་དང་།
།གངས་ལྗོངས་སྐྱེ་འགྲོའི་ལས་སྨོན་རྟེན་འབྲེལ་མཐུས། །
སྟོན་མཆོག་ཐུབ་པའི་རྒྱལ་ཚབ་ཆེན་པོ་མཆོག  །
ཞབས་པད་རྟག་བརྟན་བཞེད་དོན་མྱུར་འགྲུབ་ཤོག །

ལུང་རྟོགས་དམ་ཆོས་གདམས་པའི་ཡོན་ཏན་དང་། །
རིག་གྲོལ་འཕགས་ཚོགས་འདུས་སྡེའི་བདེན་སྟོབས་ཀྱིས། །
འཇིག་རྟེན་ཞི་བདེའི་དེད་དཔོན་ཡིད་བཞིན་ནོར། །
ཞབས་པད་རྟག་བརྟན་བཞེད་དོན་མྱུར་འགྲུབ་ཤོག །

འཇིག་རྟེན་སྤྱི་དང་གངས་ཅན་བསྟན་འགྲོ་ལ། །
ཕན་བདེ་ཀུན་འབྱུང་བཀའ་དྲིན་མཚུངས་མེད་སྡེ། །
ཆོས་སྲིད་ལེགས་ཚོགས་ཀུན་སྩོལ་བསམ་འཕེལ་དབང་། །
ཞབས་པད་རྟག་བརྟན་བཞེད་དོན་མྱུར་འགྲུབ་ཤོག།

འགྲོ་རྒྱུད་ཀུན་རྨོངས་བསལ་ལ་ཉིན་བྱེད་དབང་། །
སྡུག་བསྔལ་ཚ་གདུང་སེལ་བྱེད་ཟླ་བའི་ཟེར། །
རིས་མེད་སྐྱེ་རྒུའི་མགོན་གཅིག་ཐབས་ཤེས་གཏེར། །
ཞབས་པད་རྟག་བརྟན་བཞེད་དོན་མྱུར་འགྲུབ་ཤོག །

ཉམ་ཐག་འགྲོ་ལ་བརྩེ་ཆེན་སྤྱན་རས་གཟིགས། །
ཤེས་བྱའི་གནས་ལ་ཐོགས་མེད་འཇམ་དཔལ་དབྱངས། །
གདུལ་དཀའི་ལོག་སྒྲུབ་འཇིགས་བྲལ་གསང་བདག་དངོས། །
ཞབས་པད་རྟག་བརྟན་བཞེད་དོན་མྱུར་འགྲུབ་ཤོག །

ཆོས་ཚན་སྦྲེལ་བས་རྒྱལ་བསྟན་གཟི་འོད་སྤྲོས། །
བྱམས་བརྩེ་སྤེལ་བས་འཇིག་རྟེན་ཞི་བདེར་བཀོད། །
དམ་པའི་ཚུལ་དགུས་ཕྱུག་པའི་གཏན་གྱི་སྐྱབས། །
ཞབས་པད་རྟག་བརྟན་བཞེད་དོན་མྱུར་འགྲུབ་ཤོག །

མང་གཙོ་སྤེལ་བས་གངས་ཅན་བདེ་ལམ་བཀོད། །
རིགས་ལམ་སྤེལ་བས་གདུལ་བྱའི་ལོག་རྟོག་བསལ། །
ཡང་དག་སྟོན་པ་ལྷ་མིའི་རྣམ་འདྲེན་མཆོག །
ཞབས་པད་རྟག་བརྟན་བཞེད་དོན་མྱུར་འགྲུབ་ཤོག །

རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པ་བཞིན། །
རྒྱལ་འགོང་བཀག་སོགས་རྒྱལ་བསྟན་དག་ཐེར་མཛད། །
རྒྱལ་བའི་དབང་པོ་རྒྱལ་མཆོག་བཅུ་བཞི་བ། །
རྒྱལ་སྤྱི་ཀུན་ལས་རྒྱལ་ཞིང་རྟག་བརྟན་ཤོག །

         ཅེས་རང་ཅག་སྙིགས་མའི་སྐྱེ་འགྲོ་སྤྱི་དང་། ལྷག་ཏུ་ཁ་བ་གངས་ཅན་པ་ཡོངས་ཀྱི་དཔྲལ་བའི་མིག་དང་། ཁོག་པའི་སྙིང་གཅིག་པུ། བཀའ་དྲིན་མཚུངས་མེད་ཀྱི་མངའ་བདག་གངས་ཅན་ལྷ་གཅིག་ཕྱག་ན་པདྨོ་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཡིད་བཞིན་ནོར་བུའི་སྡེའི་ཞལ་སྔ་ནས་ད་བར་འཇིག་རྟེན་སྤྱིའི་སྐྱེ་འགྲོའི་བདེ་སྐྱིད་དང་། ལྷག་པར་དུ་ཆེས་ཛ་དྲག་གི་སྐབས་འདིར་བོད་བསྟན་སྲིད་མི་རིགས་བཅས་ཀྱི་བདེ་དོན་ཆེད་སྐུ་ངལ་ཚད་མེད་པ་ལྷུར་བཞེས་ཀྱིས་བསམ་བརྗོད་ཀྱི་ཡུལ་ལས་ཆེས་ཆེར་འདས་པའི་ངོ་མཚར་འོད་སྣང་འབུམ་ལྡན་གྱི་རླབས་ཆེན་མཛད་འཕྲིན་མཐའ་ཡས་པ་བསྐྱངས་དང་། སྐྱོང་གནང་བཞིན་པའི་རི་རབ་ལས་དཔང་མཐོ་ཞིང་། རྒྱ་མཚོ་ལས་གཏིང་ཟབ་པའི་བཀའ་དྲིན་སྙིང་ནས་དྲན་ཏེ། འཕགས་ཡུལ་ལྷོ་ཕྱོགས་ཀྱི་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱར་དགའ་ཤར་སོག་པ་འཇམ་དབྱངས་ཁང་ཚན་གྱི་གྲྭལ་མཐར་འཁོད་པའི་སློབ་གཉེར་བ། དྲ་མིང་ལ་ཞི་བདེའི་ཚལ་དང་། མིང་དངོས་ལ་གསེར་རྟའི་ཚུལ་ཁྲིམས་འོད་ཟེར་དུ་འབོད་པ་དེས་སྤེལ་བ་དགེའོ།། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།