སློབ་ཆུང་སྐབས་སུ་སྐར་གྲངས་ལས་དཔེ་ཀློག་གལ་ཆེ།

 

སྤེལ་དུས། ༢༠༡༤-༡༡-༠༩ ཡོང་ཁུངས། བོད་ལྗོངས་དྲ་བ། རྩོམ་པ་པོ། སྒྲོལ་མ།

tib-art1སྤྱིར་ན། ལོ ༠ ནས ༦ བར་ནི་བྱིས་པའི་གོམས་གཤིས་ལེགས་པོ(བསམ་པ་དང་བྱ་བའི་ཀུན་སྤྱོད)ཆགས་པའི་གནད་འགག་གི་དུས་སྐབས་ཤིག་དང་། ཕྱོགས་གང་ཐད་ཀྱི་ནུས་པ་འཕེལ་རྒྱས་འབྱུང་བའི་གོ་སྐབས་ཡག་ཤོས་ཤིག་ཡིན་ལ། འདིའི་སྐབས་སློབ་སྦྱོང་གི་ནུས་པ་འཕེལ་རྒྱས་གཏོང་རྒྱུ་ནི་ཆེས་གལ་ཆེ་བའི་དོན་དག་ཅིག་ཡིན། དེ་ནི་དཔེ་ཀློག་གི་ནུས་པ་སྐྱེད་སྲིང་བྱེད་པ་བརྒྱུད་ནས་བརྒྱ་ཆའི ༩༠ དང་ཡང་ན་དེ་ལས་ལྷག་པ་འཕེལ་བར་བྱེད་ཐུབ།

འོན་ཀྱང་དཔེ་ཀློག་གི་ནུས་པ་ནི་ཆ་རྐྱེན་གཉིས་ཚང་བའི་འོག་འཕེལ་རྒྱས་སུ་གཏོང་ཐུབ། གཅིག་ནི་རྒྱུན་འཁྱོངས་བྱེད་པ་དེ་ཡིན་པ་དང་། ཉིན་རེར་དཔེ་ཀློག་གི་དུས་ཚོད་ངེས་ཅན་ཞིག་གཏན་ཁེལ་བྱེད་དགོས་ཤིང་། ཀློག་འདོད་ཡོད་དུས་ཀློག་པ་དང་ཀློག་འདོད་མེད་དུས་མི་ཀློག་པ་ཙམ་གྱིས་གོམས་གཤིས་ལེགས་པོ་དེ་ཆགས་མི་ཐུབ། གཞན་ཞིག་ནི་དཔེ་ཀློག་ཚད་ངེས་ཅན་ཞིག་བྱེད་དགོས་ལ། སྤྱིར་བཏང་དུ་བྱིས་པ་ཞིག་གི་དཔེ་ཀློག་གི་ཚད་ལ་ཡིག་འབྲུ་ཁྲི་ཚོ ༥༠ནས ༡༠༠ཡོད་ཚེ་ཆེས་ཐོག་མའི་དཔེ་ཀློག་གི་ནུས་པ་འབྱུང་སྲིད།

tib-art2

ལོ ༦ དང་ ༡༢ བར་ནི་དཔེ་ཀློག་གི་ནུས་པ(སློབ་སྦྱོང་གི་ནུས་པའི་རྨང་གཞི)འཕེལ་རྒྱས་ཆེན་པོ་འབྱུང་བའི་གོ་སྐབས་ཡག་ཤོས་ཤིག་ཡིན། ལོ་དྲུག་པོ་འདིའི་ནང་དཔེ་ཀློག་གང་མང་བྱས་ཏེ་དཔེ་ཀློག་གི་ནུས་པ་མཐོར་འདེགས་གཏོང་བ་ལས་གལ་ཆེ་བ་ཞིག་མེད། བྱིས་པ་ཞིག་གི་བློ་དང་རིག་པ་ནི་ས་བོན་དང་འདྲ་བར། ཆ་རྐྱེན་ངེས་ཅན་དང་ལྡན་ཚེ་ད་གཟོད་མྱུ་གུ་འབུས་ནས་ལེགས་པར་སྐྱེ་བར་བྱེད་ལ། དེ་ནི་དཔེ་ཀློག་རིགས་གང་མང་བྱེད་པ་དང་བསམ་གཞིགས་མང་པོ་བྱེད་པ་དེ་ཡིན།

སློབ་ཆུང་སྐབས་སུ་དཔེ་ཀློག་བྱས་པ་ལས་བྱིས་པའི་ལྷན་སྐྱེས་ཀྱི་ནུས་པ་དེ་འབྱེད་ཐུབ།

གལ་ཏེ་བྱིས་པ་ཞིག་གིས་དཔེ་ཆ་ལེགས་པོ་གཅིག་དང་། ཐ་ན་ཡིག་འབྲུ་ཁྲི་ཚོ ༡༠ ལས་བརྒལ་བའི་དཔེ་ཆ་ཞིག་ཀྱང་བཀླགས་མ་མྱོང་བར། དུས་ཚོད་མང་ཆེ་བ་ནི་སློབ་གྲྭའི་ཁྲིད་བྱ་དང་ལས་བྱ་མང་པོའི་ཐོག་ཏུ་བཏང་ཚེ། བྱིས་པ་དིའི་ལྷན་སྐྱེས་ཀྱི་བློ་དང་རིག་པ་ནི་ཆུད་ཟོས་སུ་བཏང་བ་ཁོ་ན་ལས་མ་འདས།

སྤྱིར་ན། ལོ་རིམ་དང་པོ་དང་གཉིས་པའི་སློབ་མའི་ལོ་གཅིག་གི་དཔེ་ཀློག་ཚད་ཡིག་འབྲུ་ཁྲི་ཚོ ༡༠༠ (སྤྱིར་བཏང་དུ་ཁྲི་ཚོ ༡༠༠ དང ༢༠༠ བར) ལས་ཉུང་མི་རུང་བ་དང་། གཉིས་པ་དང་གསུམ་པ་ནི་ལོ་རེར་ཡིག་འབྲུ་ཁྲི་ཚོ ༢༠༠ (སྤྱིར་བཏང་དུ་ཁྲི་ཚོ ༢༠༠ དང ༣༠༠ བར) ལས་ཉུང་མི་རུང་། བཞི་བ་དང་ལྔ་བ། དྲུག་པ་ནི་ལོ་རེར་ཡིག་འབྲུ་ཁྲི་ཚོ ༣༠༠ ལས་ཉུང་མི་རུང་། (སྤྱིར་བཏང་དུ་ཁྲི་ཚོ ༣༠༠ དང ༥༠༠ བར། དཔེ་ཀློག་ཚད་མང་པའི་བྱིས་པ་ལ་ལ་ཡིག་འབྲུ་ཁྲི་ཚོ ༡༠༠༠ གྱི་ཡན་ཆད་ལ་ཐོན་ཐུབ།)

ལོ ༦ ནས ༡༢ བར་གྱི་སློབ་ཆུང་སློབ་མས་སེམས་ཤུགས་གཙོ་བོ་སློབ་དེབ་དང་ལས་བྱའི་ཐོག་ཏུ་གཏོང་མི་རུང་། རྒྱུ་མཚན་ནི་སློབ་ཆུང་སློབ་དེབ་ཀྱི་ནང་དོན་རྐྱང་བ་དང་ཟབ་མོ་མེད་པ་དེས་བྱིས་པ་ཞིག་གི་བློ་རིག་འཕེལ་བར་ཕན་མི་ཐོག དཔེ་ཀློག་རིགས་གང་མང་བྱེད་པ་དང་། གནའ་དེང་རྒྱལ་ཁབ་ཕྱི་ནང་གི་བརྩམས་ཆོས་གྲགས་ཅན། རིག་གནས་ཤེས་བྱ་མང་པོ (སྐར་རྩིས་དང་། ས་ཁམས། ལོ་རྒྱུས། དངོས་ལུགས། རྫས་འགྱུར། སྐྱེ་དངོས། མཚན་ཉིད་རིག་པ། སྒྱུ་རྩལ་བཅས་ཀྱི་ཤེས་བྱ་ལྟ་བུ) སྦྱངས་ན་ད་གཟོད་བྱིས་པའི་བློ་རིག་དེ་མུ་མཐུད་དུ་བསྐྱེད་པར་བྱེད་ཐུབ་ལ། མཐར་འཕེལ་རྒྱས་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཞིག་ཐོབ་ཐུབ།

བྱིས་པས་ཉིན་གང་བོར་སློབ་གྲྭ་ནས་སློབ་ཁྲིད་ཉན་པ་དང་། སྦྱངས་གཞི་འབྲི་བ། དགོང་མོའི་དུས་སུ་ད་དུང་ཡུན་རིང་ལ་ལས་བྱ་འབྲི་བ་བཅས་དུས་ཚོད་དང་སེམས་ཤུགས་མང་པོ་དེའི་རིགས་ལ་བཏང་བ་ནི་སློབ་མ་རང་ཉིད་ཀྱི་ནུས་པ་བསྐྱེད་པའི་ཐབས་ལམ་ལེགས་པོ་ཞིག་གཏན་ནས་མིན། དེ་ལས་དཔེ་ཀློག་རིགས་གང་མང་བྱས་ན་བཟང་།   བརྩམས་ཆོས་གྲགས་ཅན་སོགས་བཀླག་ཚེ་མཐར་ཆུ་ཐིགས་བསགས་ནས་རྒྱ་མཚོ་བཞིན་རང་རྒྱུད་ལ་ཤེས་ཡོན་རྒྱ་ཆེན་པོ་འབྱོར་ཐུབ།

སློབ་ཆུང་སྐབས་ཀྱི་སྐར་གྲངས་ཀྱིས་སློབ་མ་ཞིག་གི་ཆུ་ཚད་མཚོན་མི་ཐུབ་ཟེར་དོན་ནི། བྱིས་པ་རྣམས་ཀྱིས་དུས་ཚོད་ཐམས་ཅད་སློབ་དེབ་དང་ལས་བྱའི་ཐོག་བཏང་ནས་དཔེ་ཀློག་མ་བྱས་པའི་རྐྱེན་ཡིན་ལ། སྐར་གྲངས་མཐོན་པོ་ཇི་འདྲ་བླངས་རུང་དཔེ་ཀློག་བྱས་པ་ཉུང་ཚེ་མ་འོངས་པའི་འཕེལ་རྒྱས་ལ་བགེགས་ངེས་ཅན་ཡོད་ངེས་རེད།

དཔེ་ཀློག་གི་ནུས་པས་མདུན་ལམ་ཐག་གཅོད་བྱེད་ཐུབ།

tib-art3དཔེ་ཀློག་བྱས་པ་ཉུང་བའི་སྐྱོན་ཆ་དེ་དམའ་འབྲིང་སྐབས་ནས་ཕྱིར་མངོན་ཐུབ། དམའ་འབྲིང་གི་དགེ་རྒན་ཡོངས་ཀྱིས་སྣང་ཚུལ་ཡ་མཚར་བ་དེ་ཤེས་ལ།       སློབ་ཆུང་སྐབས་སུ་དུས་ཚོད་དང་སེམས་ཤུགས་ཚང་མ་བཏང་སྟེ་སྐར་གྲངས་མཐོན་པོ་ལེན་པར་བརྩོན་པའི་བྱིས་པ་དེ་དག་དམའ་འབྲིང་དུ་ཐོན་ཚེ་ཆུ་ཚད་མགྱོགས་མྱུར་སྒོས་ཞན་པར་འགྲོ་བ་དང་། སློབ་སྦྱོང་བྱེད་མི་ཤེས་པ། སུན་སྣང་སྐྱེས་པ་ཞིག་ཏུ་འགྱུར་འགྲོ། དེ་ལས་ལྡོག་སྟེ། དཔེ་ཀློག་མང་པོ་བྱས་ནས་ལྟ་རྒྱ་དང་ཐོས་རྒྱ་ཡངས་པའི་སློབ་མ་དེ་དག་གིས་སྐར་གྲངས་མཐོན་པོ་ལེན་པ་དང་། ནུས་པ་ལྷག་ཏུ་ལྡན་པ་ཞིག་ཏུ་འགྱུར་འགྲོ།   མཐོ་འབྲིང་དུ་སྣང་ཚུལ་འདི་དེ་བས་ཀྱང་ཚབས་ཆེན་ཡིན་ལ། སྐར་གྲངས་ཁོ་ན་མིན་པར་ལས་གང་ཞིག་བྱེད་ཐུབ་པའི་ནུས་པ་ལྡན་མིན་གྱི་ཐོག་ནས་བར་ཁྱད་ལྷག་པར་གསལ་བའི་སྒོ་ནས་མངོན་པ་རེད།

ཁྱིམ་བདག་མང་པོ་ཞིག་གིས་སློབ་ཆུང་སྐབས་སུ་བྱིས་པའི་སྐར་གྲངས་ལ་དོ་སྣང་ཆེན་པོ་བྱེད་པ་དང་། དགེ་རྒན་གྱིས་རྟག་ཏུ་གླེང་བའི་སྐར་གྲངས་དེ་དག་གིས་སེམས་རྨོངས་བར་བྱས་ནས། བྱིས་པས་དུས་ཚོད་ནི་དཔེ་ཀློག་དང་རྩེད་མོ་ནང་དུ་གཏོང་བར་འཐད་ཀྱིན་མེད་ལ། དེ་ནི་དུས་ཚོད་ཆུད་ཟོས་སུ་གཏོང་བ་ཡིན་པར་བསམ་ཡོད། རྗེས་སུ་བྱིས་པའི་འཚར་ལོངས་ཀྱི་གོ་རིམ་ཁྲོད་དུ་ནུས་པས་མི་འདང་བ་དང་། ལྷག་པར་དུ་སློབ་འབྲིང་འགྲིམ་སྐབས་ཡར་ཐོན་བྱུང་མ་ཐུབ་ཚེ། ཁོ་ཚོས་བྱིས་པ་ལ་འཁང་ར་གང་མང་བྱེད་པ་ལས། དེ་ནི་རང་གི་སྐྱེད་སྲིང་བྱེད་ཐབས་མ་འགྲིག་པའི་དབང་གིས་བྱིས་པའི་སྐར་གྲངས་དང་བློ་རིག་འཕེལ་བར་བཀག་འགོག་བཟོས་པ་ཡིན་པ་ནི་ཤེས་ཀྱིན་མེད།

སློབ་ཆུང་གི་སྐབས་སུ་ངེས་པར་དུ་བྱིས་པར་སྐར་གྲངས་ཁོ་ནར་བརྩོན་ལེན་བྱེད་དུ་མི་འཇུག་པར་བློ་བདེ་བག་ཕེབས་ངང་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་གལ་ཆེ་ལ། བྱིས་པའི་མ་འོངས་པའི་འདུན་ལམ་ཡག་པོ་ཞིག་གི་ཆེད་དུ་གྲ་སྒྲིག་གང་ལེགས་བྱེད་དགོས། དེ་ནི་མེ་ཏོག་དང་འདྲ་བར། སློབ་ཆུང་ནི་མེ་ཏོག་གི་གང་བུ་འཛུགས་པའི་དུས་སྐབས་དང(རྨང་གཞི་འདིང་བ)དམའ་འབྲིང་ནི་གང་བུ་བཞད་གྲབས་ཡོད་པའི་སྐབས། (འཕེལ་རྒྱས་ལ་བརྩོན་པ) མཐོ་འབྲིང་ནི་མེ་ཏོག་ལྷམ་མེར་བཞད་པའི་སྐབས (མཐོ་རྒྱུགས་ལ་བརྩོན་པ) དང་། སློབ་ཆེན་ནི་དེ་ལས་ཀྱང་ལྷག་པའི་འཕེལ་རྒྱས་ཀྱི་གོ་རིམ་གསར་བ་ཞིག་ཡིན། ཕ་མ་ཡིན་ཕྱིན་རྒྱང་རིང་ལ་དམིགས་ནས་བྱིས་པའི་མ་འོངས་པའི་འཕེལ་རྒྱས་ཆེན་པོ་དང་མདུན་ལམ་ཡག་པོའི་ཆེད་དུ། སློབ་ཆུང་གི་སྐབས་སུ་བྱིས་པའི་སྐར་གྲངས་ཁོ་ནར་བརྩོན་ལེན་མི་བྱེད་པར། གཞན་རྨང་གཞི་འདིང་བ་དང་ཕྱོགས་གང་ཐད་ཀྱི་ནུས་པ། གོམས་གཤིས་ལེགས་པོ་སྐྱེད་སྲིང་བྱེད་པར་འབད་ནས་བྱིས་པའི་མི་ཚེ་གང་བོར་ཕན་ཐོགས་པར་རོགས་བྱེད་དགོས།

ཁ་བྱང་ཕྱི་མོ། སློབ་ཆུང་སྐབས་སུ་སྐར་གྲངས་ལས་དཔེ་ཀློག་གལ་ཆེ།

(རྩོམ་འགན་པ། སྒྲོལ་ཚེ།)སྐར་མདས་ཕབ་བཤུ་བྱས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།