སེམས་ཁོང་གི་ཉི་མ།

__མི་རྐྱང་བསེ་རུ། རྨོངས་པའི་མུན་པ་སེལ་བའི་རྟ་བདུན་ཁྱེད། །
སྒང་བ་བོད་པའི་སེམས་ཀྱི་དྲོད་ཐིག་ཡིན། །
བྱམས་དང་སྙིང་རྗེས་ཕྱུག་པའི་རྒྱལ་སྲས་ཁྱེད། །
ཐུབ་པའི་བསྟན་པ་འཛིན་པའི་གཙུག་རྒྱན་ཡིན། །

རྟེན་འབྱུང་ལྟོས་གྲུབ་སྨྲ་བའི་སློབ་དཔོན་ཁྱེད། །
གནའ་དེང་རིགས་པ་ཀུན་གྱི་གཏེར་མཛོད་ཡིན། །
ཞི་བདེའི་གསུང་སྙན་སྒྲོགས་པའི་ལྷ་བྱ་ཁྱེད། །
འཛམ་གླིང་ཤར་ནུབ་མཁས་པའི་དྲན་ཤིང་ཡིན། །

རང་གཞན་དབྱེར་མེད་མཛད་པའི་མགོན་པོ་ཁྱེད། །
གཉིས་སྨན་དབུ་མའི་ལམ་གྱི་སྲོལ་འབྱེད་ཡིན། །
གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཁྱེད། །
སྨྲ་བའི་དྲང་སྲོང་རྣམས་ཀྱི་ཁྱུ་མཆོག་ཡིན། །

རྨད་བྱུང་མཁྱེན་དཔྱོད་ཡངས་པའི་དུང་ཟླ་ཁྱེད། །
རིག་སྨྲ་ཡོངས་ཀྱི་གཙུག་གི་རྒྱན་གཅིག་ཡིན། །
རླབས་ཆེན་སྙིང་སྟོབས་ལྡན་པའི་ སྐྱེས་བུ་ཁྱེད། །
འགྲོ་བའི་སྡུག་བསྔལ་སེལ་བའི་བདུད་རྩི་ཡིན། །

རིས་མེད་འགྲོ་བའི་ས་མཁན་ཆེན་མོ་ཁྱེད། །
སྒང་བ་བོད་པའི་མཐུན་སྒྲིལ་གསེར་ཟམ་ཡིན། །
སྙིགས་དུས་ཐུབ་པའི་རྒྱལ་ཚབ་གཅིག་པུ་ཁྱེད། །
ཉམས་ཐག་སྒང་བ་བོད་པའི་སྐྱབས་གཅིག་ཡིན། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།