རྨི་ལམ་ནང་གི་མི་དེ།

__མི་རྐྱང་བསེ་རུ། མི་ལོ་ཁ་ཤས་ཀྱི་བརྩེ་བ་སྙིང་ལ་ཉལ་ཡོད། །
ཟླ་ངོ་གྲངས་མེད་ཀྱི་དུང་བ་ཡིད་ལ་སྒོམ་ཡོད། །
མི་འགྱུར་བརྩེ་དུང་གི་བྲག་ཆ་དབྱིངས་ལ་འཁོར་བའི། །
རྨི་ལམ་རབ་རིབ་ཀྱི་ནང་གི་མི་དེ་ཁྱོད་ཡིན། །

ཁོག་པའི་ནང་སྙིང་གི་གློ་མཆིན་ཁྱོད་ལ་བསྟན་ཆོག །
ཀླད་པའི་རྩ་ཕྲན་གྱི་རི་མོ་ཁྱོད་ལ་བརྒྱུས་ཆོག །
དུང་བ་གནམ་ལྕག་གི་ཐོག་གྲི་ངར་གྱིས་བཞེངས་བ། །
རྨི་ལམ་མག་མོག་གི་ནང་མི་དེ་ཁྱོད་ཡིན། །

འདང་ཅན་ཕ་ལོ་ལ་མ་བཤད་སྙིང་གི་སྐད་ཆ། །
དྲིན་ཆེན་ཨ་མ་ལ་མ་གླེང་སེམས་ཀྱི་རུས་པ། །
ལས་དབང་ཟུར་མེད་ཀྱིས་འཕྲད་པ་དྲོད་ཀྱི་དུམ་བུ། །
རྨི་ལམ་ཐན་ཐུན་གྱི་ནང་གི་མི་དེ་ཁྱོད་ཡིན། །

ལང་ཚོའི་ཁ་དོག་གིས་བསླུ་བྲིད་བཏང་བ་མིན་འདུག །
ནོར་གྱི་སྒྱུ་འཕྲུལ་གྱི་རོ་ལ་ཆགས་པ་མིན་འདུག །
ཞིམ་མངར་འོ་དྲི་ཞིག་བྲང་ལ་བཞག་པ་དེ་གའི། །
རྨི་ལམ་བན་བུན་གྱི་ནང་གི་མི་དེ་ཁྱོད་ཡིན། །

སྐྲ་ལོ་སྤར་གང་གི་ལོ་མ་མཚོན་ལ་མི་སྦྱིན། །
རྣམ་ཤེས་རྟ་རྒོད་ཀྱི་བང་ཁ་རི་ལ་མི་བཏང༌། །
རང་དབང་རྒྱ་ཡན་གྱི་དུང་ཀའི་གཤོག་སྣེར་ཐོགས་པ། །
རྨི་ལམ་ཟ་ཟི་ཡི་ནང་གི་མི་དེ་ཁྱོད་ཡིན། །

ལྷ་ཡི་མདུན་སྟེགས་ནས་ལྷུང་བའི་མེ་ཏོག་དམར་པོ། །
བུ་ཆུང་ངའི་ལག་ནས་བཟུང་བར་མི་ཕོད་མ་གསུངས། །
ལས་དབང་དར་དཀར་གྱི་ཁུག་པས་གཏན་གྱི་མདུད་པ། །
རྨི་ལམ་ལང་ལོང་གི་ནང་གི་མི་དེ་ཁྱོད་ཡིན། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།