རྗེས་དྲན་དད་པའི་མེ་ཏོག

༄༅། །རྟེན་འབྱུང་རིགས་པས་སྲིད་ཞིའི་ཚོས་ཚུལ་ཀུན། །ཀུན་ཏུ་སྟོན་མཛད་རྒྱལ་བ་སྲས་བཅས་གང་། །གང་དག་སྐྱབས་ཀྱི་དམ་པར་ངེས་པའི་ལྷ། །ལྷར་བཅས་སྐྱེ་དགུའི་མགོན་པོ་རྣམས་ལ་འདུད། བློ་རིག་དམན་ཡང་དད་པའི་ས་བོན་དུ། །བཟང་པོའི་ཡོན་ཏན་བགྲང་བའི་བསྟོད་ཚིག་གིས། །ཚུལ་བཞིན་བརྗོད་པ་བསོད་ནམས་ཞིང་ཡིན་པས། །ཁྲིམས་གཙང་དམ་པའི་རྣམ་ཐར་གླེང་ལ་སྤྲོ། །གཞོན་ནུ་བློ་རིག་གསལ་བའི་དམ་པ་དེས། །འཕགས་ཡུལ་ལྷོ་རྒྱུད་ཆོས་གྲྭའི་དགའ་ཚལ་ཆེ། །དཔལ་ལྡན་འབྲས་དཀར་སྤུངས་པའི་བཀྲ་ཤིས་གླིང་། །ཐོག་མར་འཇུག་སྒོའི་མཁས་མང་གྲོགས་སུ་བསྟེན། །མཚན་ལྡན་བཤེས་གཉེན་དུ་མས་མགོན་མཛད་ཅིང་། །ཚངས་པར་སྤྱོད་པའི་སྡེ་དང་ལྷན་ཅིག་ཏུ། །རིགས་ལམ་མེ་ཏོག་བཞད་པའི་སྟ་གོན་ལ། །ཞུགས་པའི་དུས་ཀྱིས་དགེ་ལེགས་མཁའ་ལ་ཤར། །རྒྱལ་བསྟན་ཉམས་པ་འཆི་བདག་ཁར་ཆུད་ཀྱང་། །སླར་ཡང་ལེན་ལ་ཟླ་བྲལ་ཐུགས་བསྐྱེད་ཅན། །བསྟན་པའི་ཁུར་ཆེན་འདེགས་པའི་སྐྱེས་བུ་ཞིག །རིག་སྨྲ་ཁྲི་ཕྲག་དུ་མའི་རྒྱན་ཏུ་གྱུར། །རྨད་བྱུང་ཐུགས་བསྐྱེད་ཟབ་མོའི་མཐུ་སྟོབས་དང་། །ཚུལ་བསྟན་བརྩོན་པ་ཆེན་པོའི་ཉེར་ལེན་གྱིས། །གང་གི་བློ་གྲོས་རབ་ཡངས་པདྨོའི་ལྗོན། །ལུང་རིགས་དྲི་བསུང་འབྲས་བུའི་ཁུར་གྱིས་དུད། །དེ་ཚེ་བུང་བ་སྤྲིན་གྱིས་འདུ་བ་བཞིན། །ཕྱོགས་དང་མཐའ་ནས་འབྱོར་བའི་སློབ་མའི་ཚོགས། །གང་གིས་ཐུགས་བརྩེ་ཆེན་པོས་ཉེར་བཟུང་བས། །དམ་པའི་ལེགས་བཤད་ལེན་པའི་གླིང་བཞིར་ཁྱབ། །རང་དོན་སྒྲུབ་པའི་བློ་ལ་གྱོང་སྤྲད་དེ། །གཞན་དོན་འབའ་ཞིག་གཞོལ་ལ་ཆེས་བརྩོན་པས། །ཉིན་རེའི་གཉིད་དང་ལྟོ་ཡང་ཉུང་ཟད་ལས། །ཡལ་བར་དོར་བའི་རྒྱལ་སྲས་ཆེན་པོར་གྱུར། །མཚན་གྱི་སྙན་པ་བླ་ནས་བླར་འཕེར་བས། །སྐྱེས་དང་གདན་ཞུས་འཚང་ཁ་བྱུང་བ་ན། །འཇིག་རྟེན་འདུ་འཛི་དག་གིས་ཐུགས་སུན་ནམ། །གསང་བའི་སྟབས་ཀྱིས་བཞུད་པ་ལན་གཅིག་མིན། །སེམས་དཔའ་ཆེན་པོའི་རྣམ་པར་ཐར་བའི་གནས། །མ་བཅོས་དད་པའི་སོར་རྩེར་བཞད་པའི་གདངས། །འཇིག་རྟེན་འདི་ན་གྲགས་པའི་དབྱངས་སྙན་པོ། །རྒྱལ་བས་ལུང་གིས་བསྔགས་པ་གྲངས་མི་མངོན། །ལུང་བསྟན་ཆེན་པོའི་དབུགས་དབྱུང་ལ་བརྟེན་ནས། །གསང་ཆེན་སྨད་རྒྱུད་ཆོས་ཀྱི་ཁྲི་འཕང་ལ། །ཞབས་སེན་འོད་ཆགས་རྡུལ་གྱིས་ཉེར་རེག་ཚེ། །སྐྱེ་དགུ་དགའ་བ་འབུམ་གྱིས་ཡིད་རབ་ཁེངས། །འོན་ཀྱང་བདག་ཅག་བསོད་ནམས་མཐུ་དམན་པས། །རིང་མིན་དམ་པའི་མཛད་ཆེན་གང་མང་ཞིག །གློ་བུར་བཞག་ནས་བསྐྱོད་པ་འུག་པའི་སྐད། །རྣ་བར་ཞུགས་པའི་གཏམ་དེས་སེམས་ཁམས་གཙེས། །ཀྱེ་མ་གདུལ་བྱའི་རེ་བ་མ་རྫོགས་གོང་། །གསང་ཆེན་བསྟན་པའི་འཆད་ཉན་མ་ཚར་གོང་། །དགུང་ལོ་མཐོན་པོའི་ན་སོ་མ་བརྩེགས་གོང་། །དག་པའི་ཞིང་དུ་གཤེགས་པ་ཅང་ཕོད་དམ། །གསུང་རབ་སྤྲུལ་བའི་གླེགས་བམ་མ་བཞེངས་གོང་། །སྐུ་མཆོག་བགྲེས་པའི་རྣམ་འགྱུར་མ་བསྟེན་གོང་། །ཐུགས་བསྐྱེད་ཟམ་མོའི་སྨོན་ལམ་མ་རྫོགས་གོང་། །དག་པའི་ཞིང་དུ་གཤེགས་པ་ཅང་ཕོད་དམ། །རྒྱལ་བས་ལུང་གིས་གནང་བ་མ་ཐོབ་གོང་། །གསེར་གྱི་ཅོད་པཎ་དབུ་ནས་མ་ཕུད་གོང་། །ཕྱག་གིས་ལྷུང་བཟེད་ས་ལ་མ་བཞག་གོང་། །དག་པའི་ཞིང་དུ་གཤེགས་པ་ཅང་ཕོད་དམ། །འཇིག་རྟེན་ཆོས་ལ་འགོད་འཕྲོ་ད་དུང་འདུག །ཆོས་ཚུལ་ངོ་སྤྲོད་དགོས་པ་ད་དུང་འདུག །གནས་ལུགས་རྗེན་པར་སྟོན་པ་ད་དུང་འདུག །མཁའ་འགྲོ་སྡེ་ལྔས་བསུ་བ་སྔ་དྲགས་སོང་། །རྒྱལ་བའི་བསྟན་པ་སྐྱོང་བར་ཞལ་བཞེས་པས། །འཇམ་མགོན་བླ་མས་གནང་བ་ཅིའི་ཕྱིར་བསྩལ། །ཀུན་མཁྱེན་བླ་མས་བཀའ་ལུང་ནམ་ཞིག་ཐོབ། །མཁའ་འགྲོ་སྡེ་ལྔས་བསུ་བ་སྔ་དྲགས་སོང་། །རྨད་བྱུང་དམ་པའི་མཛད་འཕྲོ་ལྷག་ནས་འདུག །འཕྲིན་ལས་དཔལ་གྱི་བགྱི་བ་བསྐྱངས་ནས་འདུག །རེ་བའི་སྨོན་པ་ཁྲི་ཕྲག་བཏབ་ནས་འདུག མཁའ་འགྲོ་སྡེ་ལྔས་བསུ་བ་སྔ་དྲགས་སོང་། །ཆོས་དབྱངས་ངང་ནས་མ་བཞུགས་ཕྱིར་ལ་གཟིགས། །བསྟན་པའི་སྙིང་པོ་མ་བརྗེད་ཕྱིར་ལ་གཟིགས། །རྒྱུད་ཀྱི་འཆད་ཉན་མ་བརྗེད་ཕྱིར་ལ་གཟིགས། །གླིང་འདི་ཐུགས་ཀྱིས་མ་འདོར་ཕྱིར་ལ་གཟིགས། །བུ་སློབ་དད་འདུན་མ་བརྗེད་ཕྱིར་ལ་གཟིགས། །བླ་མའི་བཀའ་ལུང་མ་བརྗེད་ཕྱིར་ལ་གཟིགས། །ཆོས་ཀྱི་སྡེ་འདི་མ་བརྗེད་ཕྱིར་ལ་གཟིགས། །གླིང་འདི་ཐུགས་ཀྱིས་མ་འདོར་ཕྱིར་ལ་གཟིགས། །ཁྱེད་ཉིད་བཞུགས་སའི་གསེར་ཁྲི་བརྡུངས་ནས་འདུག ཁྱེད་ཉིད་བྱོན་སའི་ཆོས་ར་བཞེང་གིན་ཡོད། །ཁྱེད་ཀྱི་གཟིམ་མལ་དར་གྱིས་བསྟད་ནས་ཡོད། །གླིང་འདི་ཐུགས་ཀྱི་མ་འདོར་ཕྱིར་ལ་གཟིགས། །

བློ་གྲོས་རིན་ཆེན་ནོར་བུས་ཡོངས་གཏམས་ལེགས་བཤད་མཚན་དཔེ་འབར་བའི་སྐུ། །
བཟང་པོའི་འཕྲིན་ལས་འོད་ཀྱི་ཞགས་པས་སྐྱེ་དགུའི་རྨོངས་པ་འཇོམས་པའི་གསུང་། །
ཚུལ་བཞིན་སྟོན་མཁས་ཡོན་ཏན་རྒྱ་མཚོའི་མཁྱེན་རབ་རླབས་ཕྲེང་འཕྱོ་བའི་ཐུགས། །
ཁྲིམས་ལྡན་རྒྱལ་སྲས་ཆུ་གཏེར་ཆེན་པོས་ས་ཆེན་ཁྱོན་འདི་སྐྱོངས་གྱུར་ཅིག །

ཅེས་པ་འདི་ནི་ལུང་རིགས་སྨྲ་བའི་ཁྱུ་མཆོག་མཚུངས་མེད་བསྟན་པའི་གསལ་བྱེད་ཀུན་གླིང་ཡོངས་འཛིན་༸རྗེ་བཙུན་བློ་བཟང་ཚུལ་ཁྲིམས་དཔལ་བཟང་པོ་མཆོག་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད་པའི་རྗེས་དྲན་དུ་གིང་གིས་ཐུགས་བརྩེས་ཉེ་བར་བཟུང་ཞིང་། སློབ་མའི་གྲལ་མཐར་གཏོགས་པ་དགེ་མིང་པ་གསེར་རྟ་བློ་བཟང་གིས་ཕྱི་ལོ་༢༠༡༦ ཟླ་ ༥ཚེས་༡༠ ཉིན། གླེ་གྲོང་ཁྱེར་གྱི་ཉེ་འདབས་རང་ཤག་སྨོན་ལམ་ཐེབས་པའི་ལྡིང་ཁང་ནས་དད་གུས་ཆེན་པོས་རྗེས་དྲན་མཚོན་བྱེད་དུ་བྲིས་སོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།