རང་ལོ་༩ཅན་གྱི་རྒྱ་རིགས་བུ་མོ་ཞིག་གིས་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལ་སྤྲིངས་པའི་འཕྲིན།

རྩོམ་པ་བོ། ཧའོ་དབྱི་ཁྲིན།        བོད་འགྱུར་ལོ་ཙཱ། ཐེ་བྲག་བསྟན་པ།

གུས་པར་འོས་པའི་མཚོ་སྔོན་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་མཆོག་གི་སྙན་ལམ་དུ།

གུས་པར་འོས་པའི་མཚོ་སྔོན་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཁྱོད་བདེ་མོ། ང་ནི་མིང་ལ་ཧའོ་དབྱི་ཁྲིན་ཟེར་བའི་བུ་མོ་ཞིག་ཡིན། ང་རང་ད་ལོ་རང་ལོ་༩ཡིན་ལ། སློབ་ཆུང་ལོ་རིམ་གསུམ་པའི་སློབ་མ་ཡིན། ང་རང་རྒྱ་རིགས་ཡིན་ཞིང་། ངའི་ཁྱིམ་ཚང་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་གྲོང་ཁུལ་དུ་ཡོད། ང་རང་པེ་ཅིང་ནས་སྐྱེས་པ་ཡིན་ལ། ད་བར་དུ་པེ་ཅིང་ནས་འཚོ་བ་རོལ་བ་ཡིན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་དང་རོལ་དབྱངས་སློབ་གླིང་གི་༢༠༡༦ལོའི་ཕུལ་བྱུང་འཛིན་གྲྭའི་སློབ་མ་དང་། ང་ལ་བོད་ཀྱི་དམངས་གླུ་དང་བོད་ཡིག་ཁྲིད་མཁན་གྱི་ཨ་ཇོ་སྟོབས་ལྡན་ཚེ་རིང་བརྒྱུད་ནས་རྒྱུས་ལོན་བྱུང་བ་ལྟར་ན། མི་འགའ་རེས་ཁྱོད་ལ་འཕྲིན་ཡིག་བསྐུར་འདུག་ལ། རྒྱུ་མཚན་ནི། ཁྱོད་ཀྱིས་མཚོ་ལྷོ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་བོད་སྐད་ཡིག་སློབ་ཁྲིད་མེད་པར་བཟོ་བའི་འདོད་ཚུལ་བཏོན་པའི་རྐྱེན་གྱིས་ཡིན་འདུག དེ་བས་ངས་ཁྱེད་ལ་འཕྲིན་ཡིག་ཅིག་མི་འབྲི་ག་མེད་བྱུང་།

ངའི་འདོད་ཚུལ་ནི། བོད་མི་རིགས་ཀྱི་སྐད་ཡིག་སློབ་ཁྲིད་མེད་པར་མི་བཟོ་རྒྱུ་དེ་ཡིན།

ངས་ཐོག་མར། ནང་ལོགས་སུ་རྒྱ་རིགས་གྲོགས་པོ་ཆུང་ཆུང་ཚོས། བོད་མི་རིགས་ཀྱི་རིག་གནས་དང་། བོད་མི་རིགས་ཀྱི་གླུ་གར་ཐད་ལ་ལྟ་ཚུལ་ཅི་འདྲ་བཟུང་ཡོད་སྐོར་ཐད་སྐད་ཆ་བཤད་འདོད། ང་རང་ཉིད་བོད་མི་རིགས་ཀྱི་གླུ་གར་ལ་ཧ་ཅང་དགའ། ཆ་སྙོམས་རང་ལོ་༤ནས་བཟུང་། ང་ཚོ་གྲོང་ཁྱེར་ཆེན་པོའི་ནང་གི་བྱིས་པ་ཚོས་ཀྲུང་གོའི་ཞབས་བྲོ་སྦྱོང་གི་ཡོད་ལ། ཀྲུང་གོའི་ཞབས་བྲོ་ལས་གཙོ་བོ་བོད་དང་སོག་པོ། ཡུ་གུར་དང་ཁྲའོ་ཞན་སོགས་ཀྱི་ཞབས་བྲོ་སྦྱོང་གི་ཡོད། ང་ཚོ་ད་དུང་ལོ་ན་ཆུང་རུང་། ཧ་ཅང་ལྐོག་ཏུ་གྱུར་བའི་བོད་སྐད་ཀྱི་ཐོག་ནས་བླངས་པའི་བོད་ཀྱི་དམངས་གླུ་ཐོས་ཤིང་། དེའི་དགའ་སྤྲོ་དང་བརྩེ་སེམས་ཀྱིས་ཕྱུག་པའི་དབྱངས་རྟ་ལ་ཉན་ཚེ། ཚོན་མདོག་རྣམ་པར་བཀྲ་བའི་བོད་རིགས་ཀྱི་བྲོ་ལྭ་གྱོན་ཚེ། ང་ཚོའི་སེམས་པ་ནི་ཅི་འདྲའི་དགའ་སྤྲོ་དང་། ཅི་འདྲའི་གཟི་བརྗིད་ཀྱིས་གང་ཡོད་ཨང་། དེ་ལྟར། སེམས་པ་རེ་རེ། སྙན་འཇེབས་ཀྱི་རོལ་དབྱངས་དང་འགྲོགས་ནས་མདོ་དབུས་མཐོ་སྒང་དུ་འཕུར་བཞིན་ཡོད།

ལོ་ངོ་གཉིས་ཀྱི་སྔོན་ཏེ། ང་རང་རང་ལོ་༧ཡིན་པའི་སྐབས་སུ། ང་རང་ཕ་མ་དང་ལྷན་དུ། བོད་གླུ་དང་བོད་རིགས། ཨ་སྔོན་དང་སྤྲིན་དཀར་བཅས་ལ་བཅངས་པའི་ཡིད་སྨོན་འཁྱེར་ནས། མཚོ་སྔོན་ལ་ཡུལ་སྐོར་དུ་སོང་བ་ཡིན། མཚོ་ལྷོ་ནི་ཅི་འདྲའི་མཛེས་པ་ལ་ཨང་། མཚོ་སྔོན་པོ་ནི་བཀྲག་མདངས་འཚེར་བའི་གཡང་ཊི་ཞིག་དང་འདྲ་བར། གངས་འདབས་སུ་ཡིད་དུ་འོང་བའི་འོད་ཟེར་སྤྲོ་བཞིན་འདུག མཚོ་སྔོན་པོའི་འགྲམ་ངོགས་སུ། རི་སྐྱེས་མེ་ཏོག་གིས་ས་གཞི་གང་ཞིང་། དེ་ནི་ལྷ་ཡི་འཐག་མོས་དངོས་སུ་བཏགས་པའི་ས་གདན་ཞིག་དང་མཚུངས་ལ། ནོར་ལུག་རྣམས་རང་བྱུང་གི་ས་གདན་འདིའི་སྟེང་དུ། སེམས་བདེ་བག་ཕེབས་ངང་རྒྱུ་བཞིན་འདུག ངའི་ཕ་མ་གཉིས་ཀ་མགྱོགས་པོར་ཕར་ཕྱོགས་སུ་བརྒྱུགས་ནས། ཨ་ཇོ་རྫི་བོར་གླུ་ཞིག་ལེན་པའི་རེ་བ་བཅོལ། བོད་སྐད་ནི་ང་ལ་མཚོན་ན་ཅི་འདྲའི་གསང་བ་ལྐོག་གྱུར་ཞིག་རེད་ཨང་། ཨ་ཇོའི་གླུ་སྐད་ནི་རྒྱང་ཐག་རིང་བའི་གནའ་བོའི་འཇིག་རྟེན་ཞིག་ནས་སླེབས་པ་དང་འདྲ་ལ། སྐད་ཅིག་དེ་ཉིད་ལ། ངས་རང་བྱུང་ཁམས་ཀྱི་སྐད་སྒྲ་ཟེར་བ་དེ་ཅི་འདྲ་ཞིག་ཡིན་པ་ཚོར་བྱུང་།

ཨ་ཇོ་རྫི་བོས་བླངས་པའི་གླུ་ཡི་ནང་དོན་ངས་མི་གོ་མོད། འོན་ཀྱང་། གླུ་སྐད་དེ་མཚོ་སྔོན་པོའི་འགྲམ་ངོགས་ཀྱི་མཛེས་ལྗོངས་དང་ཅི་འདྲའི་འཚམ་པ་ལ་ཨང་སྙམ་པའི་སྣང་བ་བྱིན། སྐབས་དེར་ཨ་མས་ང་ལ་བཤད་རྒྱུར། ཡུལ་ཕྱོགས་རེ་ལ་འཚོ་སྟངས་རེ་ཡོད་ལ། མཛེས་སྡུག་ལྡན་པའི་མཚོ་སྔོན་པོས། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་གསོ་སྐྱོང་བྱས་ཡོད་ཟེར་ལ། བོད་སྐད་ནི། ལོ་ངོ་སྟོང་ཕྲག་ལྷག་གི་རིག་གནས་རྒྱུན་འཛིན་བྱས་ནས་ཡོང་བའི་གནམ་སའི་བཀའ་ཐམ་ཡིན་ཟེར།

ཨ་ཅག་སྣེ་ཤན་པའི་འགྲོ་རོགས་འོག་ཏུ། མཛེས་སྡུག་ལྡན་པའི་བོད་རིགས་ཨ་ཅག་གིས་ང་ཚོར་བཤད་པ་ཆེས་མང་ཤོས་ནི། “བཀྲ་ཤིས་བདེ་ལེགས།” ཞེས་པ་ཡིན་ཞིང་། ཨ་ཅག་གིས་དེ་ནི། “བཀྲ་ཤིས་པའི་”དོན་ཡིན་ཟེར། མཚོ་སྔོན་དུ་ཡོང་ཚེ་ཉུང་མཐར་ཡང་སྐད་ཆ་འདི་སྦྱོང་དགོས།

བོད་རིགས་ཀྱིས་ང་ལ་བཞག་པའི་བག་ཆགས་ནི། ལྷད་མེད་ཀྱི་དགའ་སྤྲོ་དང་ཟོལ་མེད་ཀྱི་ལྷག་བསམ་རེད་ལ། བོད་སྐད་དེ་བཤད་ན་སྙན་འཇེབས་ལྡན་པའི་སྙན་ངག་གྱེར་འདོན་བྱེད་པ་དང་མཚུངས་ལ། བོད་ཡིག་ནི་ངག་རྒྱུན་ཁྲོད་ཀྱི་ལྷ་ཡིག་དང་འདྲ་བར། ལྐོག་གྱུར་དང་མཛེས་ཉམས་ལྷན་དུ་བསྡེབས་པ་ཞིག་རེད།

གནའ་བོའི་ལྐོག་གྱུར་གྱི་བོད་ཀྱི་རིག་གནས་འདིས་ངའི་ཡིད་སེམས་གཏིང་ནས་འཕྲོག་ཅིང་། ངས་ཀྱང་ཨ་ཅག་སྣེ་ཤན་པ་དེ་དང་འདྲ་བར། འཛམ་གླིང་མི་དམངས་ཡོངས་ལ། མཐོ་སྒང་ནས་ཡོང་བའི་“བཀྲ་ཤིས་བདེ་ལེགས་”ཀྱིས་འཚམས་འདྲི་བྱེད་ན་འདོད།

ཨ་ཁུ་འབྲོག་པའི་ཁྱིམ་ནས། ཞིམ་མངར་གྱི་དཀྲུག་ཇ་འཐུང་ཞོར། ཨ་ཇོ་དང་ཨ་ཅག་རྣམས་ཀྱི་གླུ་ལེན་གར་རྩེད་ལ་རོལ་སྐབས། བོད་སྐད་ནི་ཅི་འདྲའི་སྙན་ཞིང་འཇེབས་པ་ཞིག་རེད་ཨང་། འདི་ལྟ་བུའི་རྣམ་པའི་འོག་ཏུ། བོད་སྐད་ནི་ཆེས་མཛེས་ཤིང་། ཆེས་སྙན་པའི་སྐད་རིགས་ཤིག་རེད། ངས་ཀྱང་ཨ་ཇོ་དང་ཨ་ཅག་རྣམས་དང་ལྷན་དུ་ཞབས་བྲོ་འཁྲབ་ཅིང་། གླུ་དབྱངས་བླངས་ཡོད་ལ། དུས་ད་ལྟའང་སྐབས་དེ་དུས་ཀྱི་སྣང་བ་དེ་ཡང་དང་ཡང་དུ་དྲན་ཡོང་།

དེང་སང་། ངས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཨ་ཇོ་དང་ཨ་ཅག་རྣམ་པ་དང་ལྷན་དུ། བོད་སྐད་སྦྱོང་ཞིང་བོད་གླུ་ལེན་པ་དང་། བོད་བྲོ་འཁྲབ་བཞིན་ཡོད། མཆོར་ཉམས་ལྡན་པའི་བོད་ལྭ་གྱོན་ནས། བྲོ་གར་གྱི་འགྲོས་དང་བསྟུན་ནས་ཞབས་བྲོ་འཁྲབ་ཡོང་དུས། ང་རང་ཡང་བསྐྱར་མཚོ་སྔོན་པོའི་འགྲམ་ངོགས་སུ་ཕྱིར་སླེབས་པའི་སྣང་བ་སྐྱེ་ལ། རང་ཉིད་བསིལ་རླུང་དང་འགྲོགས་ནས། རྒྱང་རིང་གི་རྔམ་བརྗིད་ལྡན་པའི་གངས་རིའི་འདབས་སུ། སྐལ་བཟང་མེ་ཏོག་རྐང་ཅིག་ཏུ་གྱུར་ཏེ། གནམ་སྔོན་གྱི་སྤྲིན་པའི་གྲིབ་གཟུགས་དང་བསྡོངས་ནས་གཏན་དུ་གནས་ན་འདོད་ཨང་།

ངའི་བོད་སྐད་ཀྱི་ཆུ་ཚད་གོང་མཐོར་སོང་ཡོད་ལ། ངས་བོད་གླུ་དང་བོད་བྲོ་ཡང་གང་འཚམས་ཤེས། ད་དུང་ངས་རྒྱུན་དུ་བརྙན་འཕྲིན་དང་དགོང་ཚོགས་སྣ་ཚོགས་སྟེང་དུ། བོད་ཀྱི་དམངས་གླུ་བླངས་ནས་མཐའ་འཁོར་གྱི་མི་རྣམས་ལ་ཉན་དུ་འཇུག་གི་ཡོད། སྐབས་དེ་དག་ཏུ། ང་ལ་སྐུལ་ལྕག་དང་བསྟོད་བསྔགས་མང་བོ་ཐོབ། རྒྱུན་པར་མི་རྣམས་ཀྱིས། བོད་ཀྱི་དམངས་གླུ་ནི་ཅི་འདྲའི་སྙན་པ་ལ་ཨང་། མིང་ལ་ཅི་ཟེར་གྱི་ཡོད་སོགས་ཟེར་ལ། ད་དུང་རྒྱུན་དུ། ཁོ་མོ་ནི་རྒྱ་རིགས་གྲོགས་པོ་ཆུང་ཆུང་ཞིག་ཡིན་མོད། བོད་གླུ་བླངས་པ་འདི་འདྲ་ལེགས་ལ། ད་དུང་བོད་སྐད་ཀྱང་བཤད་ཤེས་ཞེས་བསྟོད་བསྔགས་གནང་གི་ཡོད། དངོས་གནས་ལས་སླ་བོ་མ་རེད། གང་ནས་སྦྱངས་པ་ཡིན། ང་ཚོས་ཀྱང་སྦྱོང་འདོད།

རེད་ཡ། པེ་ཅིང་དུ་དབྱིན་སྐད་དང་འཇར་སྐད། ཧྥ་སྐད་སོགས་སྦྱོང་འདོད་ན། གསོ་སྦྱོང་འཛིན་གྲྭ་ག་ས་གང་དུ་ཡོད་པས་ལས་སླ་བོ་རེད། འོན་ཀྱང་། བོད་སྐད་སྦྱོང་འདོད་ན་དེ་འདྲ་ལས་སླ་བོ་མ་རེད། གསོ་སྦྱོང་འཛིན་གྲྭ་མེད།

ངའི་སེམས་སུ། བོད་སྐད་བཤད་ཤེས་མཁན་གྱི་མི་ཧ་ཅང་ཉུང་བའི་སྣང་བ་སྐྱེ།

ད་སྐབས་ཀྱི་ངས་ཀྱང་རྒྱུན་དུ། གལ་སྲིད་གོ་སྐབས་ཡོད་ན་ད་དུང་ཡང་བསྐྱར་མཚོ་ལྷོ་ཁུལ་དུ་སོང་ནས། མཚོ་སྔོན་པོའི་འགྲམ་ངོགས་སུ་བོད་རིགས་གྲོགས་པོ་ཆུང་ཆུང་ཚོ་དང་ལྷན་དུ་རྩེད་མོ་རྩེ་ཞིང་། བོད་སྐད་ཀྱི་གླུ་དབྱངས་ལེན་བཞིན། རི་ཀླུང་ཡོངས་རྫོགས་མེ་ཏོག་གིས་ཁེབས་པའི་མེ་ཏོག་གི་མཚོ་མོའི་ཁྲོད་དུ་ཞབས་བྲོ་འཁྲབ་བསམ་གྱི་ཡོད།

སྐད་བརྡ་ནི་ཁྱད་མཚར་རེད། དཔེར་ན། ང་ནི་པེ་ཅིང་གི་མི་ཡིན་པས། ང་ས་ཆ་གཞན་དུ་འགྲོ་སྐབས། ངས་ཁ་ཞིག་གདངས་དུས་ཚང་མས་ང་པེ་ཅིང་གི་མི་ཡིན་པ་ཤེས་ཀྱི་ཡོད་ལ། རྒྱུ་མཚན་ནི། པེ་ཅིང་གི་ཅིང་ཡུན་སྐད་གདངས་ནི་གནའ་གྲོང་པེ་ཅིང་གྲོང་ཁྱེར་གྱིས་ང་ལ་གནང་བའི་རིག་གནས་ཀྱི་རྟགས་ཐེལ་ཡིན་ཞིང་། དེ་ནི་ངའི་མི་ཚེའི་ཆ་ཤས་ཤིག་ཀྱང་ཡིན་ལ། ངས་དེ་ཧ་ཅང་གཅེས་འཛིན་བྱེད་བཞིན་ཡོད། ང་ཚོའི་འཛིན་གྲྭའི་ནང་དུ་རྒྱལ་ཡོངས་ས་ཆ་སོ་སོ་ནས་ཡོང་བའི་སློབ་གྲོགས་ཡོད་ལ། ངའི་སློབ་གྲོགས་གཅིག་ནི་སི་ཁྲོན་ནས་ཡིན་ཞིང་། ཁོ་རང་གིས་པེ་ཅིང་ནས་འཚོ་བ་ཡུན་རིང་ལ་བསྐྱལ་མོད། འོན་ཀྱང་། ཁོས་སྐད་ཆ་བཤད་དུས་སྔར་བཞིན་སི་ཁྲོན་སྐད་ཀྱི་གདངས་འདྲེས་ཡོད། འདི་ནི་ཁོའི་ཕ་ཡུལ་གྱིས་ཁོ་རང་ལ་གནང་བའི་རིག་གནས་ཀྱི་རྟགས་ཐེལ་རེད་ལ། ཁོས་ཀྱང་དེ་བཞིན་གཅེས་འཛིན་བྱེད་བཞིན་ཡོད།

ཉིན་ཤས་གོང་ལ། ང་ཚོས་ཧོ་ཀྲི་ཀྲང་གི་སྙན་ངག《ཕ་ཕུལ་དུ་ལོག་པ།》ཞེས་པ་སློབ་སྦྱོང་བྱས་པ་ཡིན་ལ། སྙན་ངག་འདི་ཁྱོད་ཀྱིས་ཤེས་ངེས། “གཞོན་དུས་ཁྱིམ་བྲལ་རྒས་ཚེ་ཁྱིམ་དུ་ལོག། ཕ་སྐད་མ་འགྱུར་དབུ་སྐྲའི་ཁ་མདོག་འགྱུར།། གཞོན་ནུས་མཐོང་ཚེ་རྒན་པོ་ངོས་མ་ཟིན།། དགོད་བཞིན་སྐུ་ཉིད་གང་ནས་ཡིན་ཞེས་དྲིས།།” དགེ་རྒན་གྱིས་ཟེར་ན། ཕ་སྐད་ཀྱི་གདངས་ནི་ཕ་ཡུལ་གྱིས་ཧོ་ཀྲི་ཀྲང་ལ་ཕུལ་བའི་ལེགས་སྐྱེས་ཡིན་ཞིང་། ཁོ་རང་ཕ་ཡུལ་དང་ཁ་བྲལ་ནས་ཡུན་རིང་འགོར་ན་ཡང་། ཕ་སྐད་ཀྱི་གདངས་སྔར་བཞིན་མ་འགྱུར་བར་བསྡད་ཡོད་ལ། དེའི་རྒྱུ་མཚན་ནི་ཁོས་རང་ཉིད་ཀྱི་ཕ་ཡུལ་ལ་བརྩེ་བ་ཟབ་མོ་བཅངས་ཡོད་པས་ཡིན་ཟེར།

ངས་བལྟས་ན། མི་ཚང་མ་རང་ཉིད་ཀྱི་ཕ་ཡུལ་ལ་བརྩེ་བ་ཟབ་མོ་ཡོད་ལ། ཁྱོད་རང་ཡང་ཁྱོད་ཀྱི་ཕ་ཡུལ་ལ་བརྩེ་བ་ཡོད་རྒྱུ་རེད་སྙམ། གལ་སྲིད་མཚོ་ལྷོ་ཁུལ་གྱིས་བོད་སྐད་ཡིག་སློབ་ཁྲིད་མེད་པར་བཟོས་པ་ཡིན་ན། མཚོ་ལྷོ་ཁུལ་གྱི་གྲོགས་པོ་ཆུང་ཆུང་ཚོ་རང་ཉིད་ཀྱི་ཕ་ཡུལ་དུ་ཕྱིར་ལོག་དུས། ཁོང་ཚོའི་ཕ་སྐད་ཀྱི་གདངས་དེ་ཅི་འདྲ་ཞིག་ཡིན་ནམ། གལ་སྲིད་མི་ཞིག་གི་ཕ་སྐད་ཀྱི་གདངས་དེ་བཙན་གྱིས་ནག་བསུབ་བཏང་བ་ཡིན་ན། ཁོ་ནི་ཅི་འདྲའི་སྙིང་རྗེའི་ཡུལ་ཞིག་རེད་ཨང་།

ཡུལ་སྐད་དང་མི་རིགས་ཀྱི་སྐད་རིགས་བར་དུ་ངོ་བོའི་ཐོག་ནས་ཁྱད་པར་ཡོད་ཅིང་། རྒྱའི་ཡུལ་སྐད་ཁག་ནི་རྒྱ་སྐད་ཀྱི་ཆ་ཤས་ཙམ་ཞིག་ཡིན་མོད། བོད་སྐད་ནི་བོད་མི་རིགས་ཀྱི་རིག་གནས་ཀྱི་སྙིང་བཅུད་རེད་ཡ།

དགེ་རྒན་གྱིས་ཟེར་ན། དེང་སང་རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་གདལ་དུ་གཏོང་བཞིན་པ་བདེན་ཡང་། ཡུལ་སྐད་བཙན་གྱིས་མེད་པར་གཏོང་གི་མེད་ལ། དེ་ལས་ལྡོག་སྟེ། བློ་རིག་ལྡན་པའི་སྐྱེ་བོ་མང་བོས་ཡུལ་སྐད་སྲུང་སྐྱོབ་བྱེད་པའི་ཕྱོགས་སུ་ནུས་ཤུགས་གང་ཡོད་འདོན་གྱི་ཡོད། དཔེར་ན། <<ཉིན་རེར་ཡར་ཐོན་>> ལེ་ཚན་གྱི་རྒན་ཝང་ཧན་ལྟ་བུ་རེད། ཁོས་ཡུལ་སྐད་སྲུང་སྐྱོབ་བྱེད་པར་འབོད་སྐུལ་བྱེད་ཀྱི་ཡོད་ཟེར།

བོད་སྐད་ནི་ཀྲུང་གོའི་ལོ་ངོ་སྟོང་ཕྲག་མང་བོའི་རིག་གནས་ཁྲོད་ཀྱི་ལྟ་ན་སྡུག་པའི་གཅེས་ནོར་ཞིག་ཡིན་ཞིང་། རང་ཉིད་ཀྱི་སྐད་ཡིག་མེད་སོང་ན། དེ་ནི་བོད་མི་རིགས་ཀྱི་རིག་གནས་ཀྱི་རྟེན་གཞི་མེད་སོང་བ་རེད། ཁྱོད་ཀྱིས་བསམ་བློ་ཞིག་ཐོངས་དང་། དེང་སང་མཐའ་ན་ཡུལ་སྐད་ཚུན་ཆད་སྲུང་སྐྱོབ་ཤུགས་ཆེན་བྱེད་ཀྱི་ཡོད་དུས། ཁྱོད་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་མི་བྱེད་པའི་གནས་ལུགས་ཅི་ཞིག་ཡོད།

ང་ཚོས་རྒྱལ་ཁབ་ཀྱི་སྤྱི་སྐད་དང་དབྱིན་སྐད་སློབ་སྦྱོང་བྱེད་འོས་མོད། འོན་ཀྱང་། འདི་ལྟར་སློབ་སྦྱོང་བྱེད་པའི་རྒྱུ་མཚན་ནི་ང་ཚོ་ཕན་ཚུན་བར་དུ་འབྲེལ་འདྲིས་བྱེད་བདེ་བའི་ཆེད་དུ་རེད།

དཔེར་ན། དེང་སང་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་ཏུ་དབྱིན་ཡིག་སྦྱོང་གི་ཡོད་པ་རེད། འོན་ཀྱང་། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་རྒྱ་ཡིག་སྦྱོང་མཚམས་བཞག་པ་རེད་དམ།

རྒྱལ་ཁབ་མང་བོས་ཁུང་ཙི་སློབ་གླིང་བཙུགས་ནས་རྒྱ་ཡིག་སློབ་སྦྱོང་བྱེད་བཞིན་པ་རེད་མོད། དེ་སྦྱོང་མཁན་ཚོས་སོ་སོའི་མི་རིགས་ཀྱི་སྐད་ཡིག་བེད་མེད་དུ་བཞག་མེད།

དགེ་རྒན་གྱིས་ང་ལ་བཤད་རྒྱུར། སྐུ་ཞབས་ལུའུ་ཞུན་གྱིས་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་། “མི་རིགས་ཀྱི་ཅི་ཞིག་ཡིན་པ་དེ་ད་གཟོད་འཛམ་གླིང་གི་ཡིན།” ངས་བལྟས་ན་སྐད་ཆ་འདིར་གནས་ལུགས་ཧ་ཅང་འདུག འཛམ་གླིང་འདི་འདི་འདྲའི་མཛེས་སྡུག་ལྡན་ཞིང་ཡིད་དབང་འཕྲོག་པ་ཞིག་ཡིན་པའི་རྒྱུ་མཚན་ནི། འཛམ་གླིང་འདི་སྣ་མང་རང་བཞིན་ཅན་ཡིན་པའི་རྐྱེན་གྱིས་ཡིན། ང་ཚོ་ཀྲུང་གོ་ལ་མི་རིགས་ལྔ་བཅུ་ང་དྲུག་ཡོད་ཅིང་། མི་རིགས་ལྔ་བཅུ་ང་དྲུག་པོ་འདིས་ང་ཚོའི་མེས་རྒྱལ་འདི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཏུ་འགྱུར་དུ་བཅུག་ཡོད། གལ་སྲིད་བོད་ཀྱི་སྐད་ཡིག་མེད་པར་གྱུར་ནས། བོད་མི་རིགས་འདི་མི་རིགས་གཞན་པ་ཞིག་དང་ལྷན་དུ་ཟླ་བསྒྲིལ་བྱས་པ་ཡིན་ན། འཛམ་བུ་གླིང་འདི་ཅི་འདྲའི་ཆིག་རྐྱང་ཅན་དུ་འགྱུར་ཨང་།

མི་རིགས་འདིའི་ཆེད་དང་། ལྷག་པར་དུ་རྒྱལ་ཁབ་འདིའི་བྱིས་པ་ཚོའི་ཆེད་དུ། བོད་སྐད་ཡིག་སློབ་གསོ་སྲུང་སྐྱོབ་གནང་རོགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།