འདོ་བའི་བཤད་པ་དར་དཀར་མདུད་པ།

ཁ་བ། གསེར་རྟ།

སྔ་རུ་གསེར་གྱི་ནམ་མཁའ།།

ཕྱི་རུ་དངུལ་གྱི་ས་གཞི།།

ཡོབ་ཆེན་ཉི་ཟླ་ཁ་སྤྲོད་།།

ཡོབ་ཐག་ཉི་ཟེར་རྒྱས་འདྲ།།

གློ་ལེན་དགུ་ཚིགས་རང་ཤར།།

རྨེད་སྐོར་སྨེ་བདུན་རང་ཚེས།།

སྒ་སྟན་སྨིན་དྲུག་ཁྲ་མོ།།

སྲབ་མཐུར་འཇའ་ཚོན་རང་བཀྲག།

སྲབ་སྐྱོགས་ནོར་བུ་རང་འགུག།

སྲབ་མདའ་ལྷ་ཞགས་ཀླུ་ཞགས།།

ཁ་རུ་རྡོ་རྗེ་ཕ་ལམ།།

ལྕེ་མདུད་ཆུ་རིས་ཤིག་སེ།།

ཕ་རྟ་གནམ་ནས་ཆད་ཅིང་།།

མ་རྟ་ས་གཞིའི་སྲིང་མོ།།

གནམ་ས་ཁ་སྤྲོད་བྱས་པའི།།

རྟ་ཕོ་གྱི་ལིང་གནམ་མཆོང་།།

མགོ་རྣ་དགེ་མཚན་དགུ་གྲུབ།།

རྔ་རྔོག་ཆར་སྤྲིན་ལང་ལོང་།།

སྤུ་ཁ་མར་ཁུའི་མཚོ་མོ།།

གཟུགས་ཕུང་གསེར་ནག་ལུམ་བརྡུང་།།

རྐང་ལག་རྒྱལ་ཆེན་སྡེ་བཞི།།

རྨིག་བཞི་རླུང་གི་འཁོར་ལོ།།

བརྒྱུག་ན་བསེར་བུ་རྗེས་མེད།།

བསྡད་ན་མཎྜལ་བཤམས་ཡག།།

སྡེ་ཆེན་གཡས་ནས་སྐོར་དུས།།

ལ་ཆེན་ཆེན་གྲུ་གུ་སྒྲིལ་སྒྲིལ།།

ལ་ཆུང་ཆུང་རྒུ་འབུ་འཐུ་འཐུ།།

སྡེ་ཆུང་གཡོན་ནས་སྐོར་དུས།།

ཐང་ཆེན་ཤོག་སྐྱ་ལྟེབ་ལྟེབ།།

ཆུ་ཆེན་ཕྱེ་མར་གཏུབ་གཏུབ།།

བཀྲ་ཤིས་རྒྱ་གྲོང་གཤགས་དུས།།

ལྟད་མོ་གྲོག་ཚང་བརྡོལ་བརྡོལ།།

བསྟོད་པ་ཁ་བ་འབབ་འབབ།།

རྟ་འཛོམས་སྒ་འཛོམས་ཡིན་ན།།

མི་ཕོའི་སྣང་བ་གནམ་ཡིན།།

རྟ་དེ་ལྷ་ཡི་རྟ་རེད།།

ལྷ་རྟ་རྐྱང་རྒོད་འཕེར་བ།།

སྒ་དེ་གསེར་གྱི་ཁྲི་རེད།།

གསེར་ཁྲི་ཁམས་གསུམ་ཟིལ་གནོན།།

མི་ཡང་གེ་སར་ལྟ་བུའི།།

དཔའ་སྙིང་དགུ་འགྱུར་ལྡན་ཞིང་།།

ཐེབས་ཤེས་ཁོག་ཏུ་འཛོམས་པའི།།

གནམ་འདེགས་ཀ་བ་ཡིན་དགོས།།

ས་གནོན་ཁྲོ་ཕུར་ཡིན་དགོས།།

ཕ་ས་མཆིན་པ་འདྲ་བོ།།

སྙིམས་པད་བར་ནས་སྐྱོར་དགོས།།

ཕུ་ནུ་སྐར་ཚོམ་འདྲ་བོ།།

བྱང་ཁོག་སྟོད་ན་རུམ་རིམ་དགོས།།

འགྲོ་བ་རྒྱ་མཚོ་ཆེན་མོ།།

དུས་གསུམ་སེམས་ཀྱིས་བསྲོ་དགོས།།

“མགོ་རྣ་དགེ་མཚན་དགུ་གྲུབ།།”ཟེར་བ་ནི། དམངས་ཁྲོད་ཀྱི་རྟ་བཤད་ལས། “རྟ་འདོ་བ་ཞིག་གི་མགོ་བོ་ལ།། སྲོག་ཆགས་དགུ་ཡི་རྣམ་པ་ཚང་།། ”ཞེས་པ་དེའོ།།

གསལ་བཤད་ཐུང་ངུ་།

༡རྩོམ་འདིར་མར་དྲི་དང་རྩམ་འདི་འཐུལ་བའི་བོད་དམངས་ཁྲོད་ཀྱི་སྐད་ཆ་བཀོལ་ཅི་ཐུབ་བྱས་ཡོད་པ་ལས།དམངས་ཁྲོད་ཀྱི<<བཤད་པ་རྣམ་གསུམ>>ལྟ་བུའི་བརྩམས་ཆོས་དག་ལས་དཔེ་ཚིག་ཅིའང་བཀོལ་མེད།

༢རྩོམ་འདི་བྲིས་ནས་ལོ་གཉིས་ཙམ་འགོར་ཡང་དུས་དེབ་གཞན་པ་དང་དྲ་ཐོག་ཏུ་བཀོད་མེད་ལ། ཡང་བསྐྱར་བཅོས་འཕྲི་དང་ཁ་སྣོན་གང་ལེགས་བྱས་པ་ཡིན།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།