འཁོར་བ་མགུར་ལ་འདྲེན་པ།

གཉིད་བཤད།   གཅིག
ངས་དབྱངས་ཀྱི་གྲུ་ཁེམ་ཐོགས་པའི་ཚེ། །
ཆ་ཡོད་མེད་ཀུན་པོར་ཅོ་འདྲི་བྱེད། །
ངག་བདེ་སྟོང་ནང་ལ་འཁོར་ནས་ཡོང་། །
ཉམས་འུར་ཞིང་སྒྱུ་མའི་གྲོང་ལ་ལྟ། །
སྨད་དར་གྱིས་དཀྲིས་པའི་སྒྲོལ་མ་དང་། །
རྒྱབ་སྤྲིན་པའི་ཡོལ་བ་ཅན་པོ་དང་། །
མགོ་རླུང་གིས་བསྐྱོད་པའི་འཇག་མ་དག །
ཀྱེ་རྨི་ལམ་ཟེར་ནས་ཤོག་ངོར་འབྲི། །    གཉིད་བཤད།    གཉིས།
རོ་ལག་པའི་མཐིལ་ལ་མ་འཇོག་ཨང་། །
ཞེ་འཛུམ་གྱི་གོང་བུར་མ་འཛུལ་རོགས། །
ང་ཟེར་ན་རླུང་ཁའི་མར་མེ་ཡིན། །
ང་ཟེར་ན་རྡོག་མགོའི་ཆུ་ཐིགས་ཡིན། །
ལས་ཨེ་ཡིན་ཅན་པོ་མ་བཤད་དང་། །
མགོ་མིག་ཆུ་ཅན་པོ་མི་སྟོན་རོགས། །
ངའི་དྲན་པ་རི་སུལ་སྨུག་པ་ཡིན། །
འདི་བསྒུལ་ན་ཅི་ཡོང་ཅི་ཤེས་ཨང་། །
གཉིད་བཤད།    གསུམ།
ང་རིག་པའི་གདངས་ལ་སོན་པའི་དུས། །
འབུ་གྲོག་མ་ལྟ་བུའི་ལང་ཚོ་རུ །།
ལྷ་དབྱངས་ཅན་མ་ཡི་ཅོད་པན་འདོགས། །
འགྲིག་མེད་ཀྱང་སྣང་བ་ཨ་སྔོན་ཡིན། །
ལས་དེ་བྱས་དོན་ལ་སྙན་ངག་ཡིན། །
ལས་དེ་བྱས་དོན་ལ་འཆར་ཡན་ཡིན། །
ད་སྨྲ་བསམ་བརྗོད་མེད་མཐར་ཐུག་ཅིག །
འཁྱོངས་མེད་ཀྱང་ཡོད་པའི་ཚུགས་ཀ་འཛིན། །

གསེར་རྟའི་འབྲོག་རེ་ལྡེ། 2015   6  2

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།