མཚན་མོའི་རླུང་།

དུར་བྱང་། (མགོ་ལོག)

ཚན་པ་དང་བོ། ཉིན་འདི་དག་ལ་གནམ་ངོ་རུབ་སྟེ། ཁ་བ་འབབ་པའི་ཚུལ་སྟོན། དེ་ནི་ཡིན་པར་སྣང་སྟེ། གནམ་ལོ་སར་བའི་ཚེས་གཅིག་ཐོན་ལ་ཉེ། གློ་རྡེག་ཏུ། སྔོན་ཆད་སེམས་སོང་བའི་བུ་མོ་ཞིག་དྲན་ཡོང་། མོ་ངའི་སླད་དུ་མཚན་སྨག་གྲངས་མང་བསྐྱལ་ནས་ངུས་པ་དྲན་ཡོང་། མནར་གཅོད་མི་ཐེག་པས་སེམས་རྙི་མོ་འདི། སེམས་པ་སྔོན་ཆད་ཀྱི་མི་ལ་ཕྱོགས་ནས་ལྷོད་ལ་བབས་ཐབས་བྲལ། ངས་མོ་ལ་ལེགས་སྐྱེས་ཅི་ཡང་སྟེར་མ་མྱོང་མོད། སེམས་སུ་ཕོན་ཆེ་བའི་མེ་ཏོག་ཚོམ་བུ་ཞིག་བཞད་ཡོད།  བརྩེ་དུང་ལ་རྒས་པའི་གོ་རིམ་ཡོད་སྲིད་པས། ད་བར་རྒས་འདུག སྐྱེ་བ་ནས་འཆི་བའི་མཐའ་ལ་ཕེབས་ཟིན།

ཚན་པ་གཉིས་པ། སྐབས་རེ་ཕ་ཡུལ་ལ་གནས་སྐབས་ཙམ་མ་གཏོགས་མི་བསྡད་པའི་ཡུལ་གྱར་བ་ཞིག་ཡིན་ན་བསམ། ང་རང་སྙིང་ཉེ་བའི་ངང་ཁྱོད་ཀྱི་པང་ཁུག་ཏུ་གཉིད་དུ་ཡུར་ན་འདོད། དམིགས་འབེན་གང་ཡང་མེད་པར་འགྱུར་བ་མེད་པའི་དམ་ཚིག་གི་རི་མོ་ཞིག་བྲིས་ན་འདོད། ན་ཚོད་ནི་ཕྱིར་ཡོང་མེད་པར་ཤེས་ན་ཡང་། སྐྱོ་གདུང་གི་རོལ་མོ་གང་མང་ཞིག་དཀྲོལ་དགོས་བྱུང་། ངས་ཁྱོད་ལ་བདེ་སྐྱིད་ཀྱི་ལྭ་བ་ཅིག་བཟོ་བཞིན་ཡོད།  ངའི་ནམ་ཞིག་གི་ཚེ་འུ་གཉིས་ཀྱི་ཐུགས་འཕྲད་ལ་རེ་ཞིང་སྒུག ཆེས་འདང་ཆེ་བའི་མི་ཞིག་ལ་གྱེས་བྲལ་དགོས་པ་ནི་སྐྱ་ཆད་སྔོ་སྡུག་གི་རྣམ་པ་ཞིག་ཡིན་ན་ཡང་། ཡུལ་དུས་ག་ཤེད་ཅིག་ལ། འབྲེལ་བྱེད་འོས་མོ་ཞིག་བྱེད་ནས། ང་ཚོ་དང་གྱེས་རྗེས་ལེ་དབར་སྟོང་ཕྲག་དུ་མར་བསྐྱོད་ཀྱིན་ཡོད།

ཚན་པ་གསུམ་པ། མཚན་མོ་དེ་ལ། སྐར་མས་མིག་ཟུང་འབྱེད་འཛུམ་གྱིས། དྲན་ངོགས་ལ་ཕྱིར་དྲན་འཇོག ཁྱོད་རང་ཕ་ཡུལ་ནས་སྐྱེས་ལ  ཕ་ཡུལ་ནས་འཆི་ན་འདོད་དམ། ང་སྐྱེས་ནས་ད་ལྟའི་བར་ཏུ་བཞུར་བའི་ཆུ་མོ་དེ།  དགུན་ཟླ་བཅུ་བའི་ནང་། རིམ་བཞིན་དུ་འཁེངས་པར་གྱུར། སྐབས་རེར་མགོ་སྒུར་ནས་ཅི་ཞིག་ལ་བསམ་གཞིགས་གཏོང་གིན་ཡོད། གསལ་ལ་མི་གསལ་བའི་ངོ་གདོང་ནི་ཧ་ཅང་ཡིད་དུ་འོང་།  མོའི་མིག་ཟུང་ནང་དུ་ངའི་གཟུགས་བརྙན་འདུག ད་ལྟ་ངའི་ཁོར་ཡུག་ན་ཁྱོད་ཀྱི་གྲིབ་མ་ཡང་ཡལ་ཟིན། དེ་བཞིན་དུ་ངའི་སྔོན་ཆད་ཀྱི་བརྩེ་དུང་གི་ཕྲ་ཕུང་དེ། འགྲོས་དལ་མོས་སྒོ་ནས་རྒྱུན་ཆད་ནས་ཡུན་རིང་འགོར། ད་ལྟ་ངས་ཁྱོད་ཀྱི་འཚོ་བ་ཅི་འདྲ་རོལ་གི་ཡོད་པ་བལྟས་ན་མི་འདོད། སེམས་ཚེགས་དེ་བས་ཀྱང་བྱས་ན་མི་འདོད། ཁྱོད་ཀྱི་ཕྱོགས་ནས་སྙན་ངག་གི་རྣམ་ཤེས་ཆད་ཚུལ་ནི། ཁྱོད་རང་བློས་བཏང་བའི་ཡིན་པ་ངས་ཤེས་ཡོད།

2019/2/8 ཉིན་ལ་སྦྱར། 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།