མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད།

༄༅། །ཨོཾ་ན་མོ་གུ་རུ་མཉྫུ་ཤྲི་ཡེ།
བགྲང་ཡས་སྔོན་ནས་རྫོགས་སངས་རྒྱས་ཀྱང་ལྔ་བདོའི་མ་རུང་གདུལ་དཀའི་འགྲོར། །
བརྩེ་ཆེན་ཉིན་བྱེད་བྱེ་བས་རབ་འཁྱུད་རྣམ་ལྔས་གཟིགས་པའི་ལྷོ་གླིང་འདིར། །
རྨད་བྱུང་མཛད་ཆེན་བཅུ་གཉིས་ཚུལ་མཛད་སྐྱེ་རྒུའི་རེ་སྐོང་ཟས་གཙང་སྲས། །
འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་ཚེ་རབས་ཀུན་ཏུ་རྗེས་འཛིན་གསོལ། །

གང་སྐུ་མཚན་དཔེའི་གཟི་བྱིན་རབ་འབར་མཐོང་གྲོལ་བྱིན་རླབས་གཏེར་ཆེན་སྐུ། །
གང་གསུང་ཚངས་དབྱངས་ལེགས་བཤད་རབ་སྙན་རིགས་ལམ་སྒོ་བརྒྱ་འབྱེད་པའི་གསུང་། །
གང་ཐུགས་མཁྱེན་བརྩེའི་དཀྱིལ་འཁོར་རབ་རྫོགས་བདེན་གཉིས་ཅིག་ཆར་གཟིགས་པའི་ཐུགས། །
གང་ལ་མངའ་བའི་ལྷག་པའི་ལྷ་མཆོག་འཇམ་དཔལ་དབྱངས་ཀྱིས་དགེ་ལེགས་སྩོལ། །

རབ་འབྱམས་རྒྱལ་བའི་བརྩེ་ཆེན་རང་གཟུགས་འཕགས་མཆོག་མིག་མི་འཛུམ་པའི་གར། །
ཐོས་བསམ་སྒོམ་པས་སྤང་རྟོགས་མཐར་ཕྱིན་རླབས་ཆེན་མཛད་བཟང་ས་གསུམ་ཁྱབ། །
མཁས་བཙུན་བཟང་པོའི་གྲགས་སྙན་ཀུན་ཁྱབ་རིས་མེད་སྐྱེ་འགྲོ་ཡོངས་ཀྱི་མགོན། །
འཛམ་གླིང་ཐུབ་པའི་རྒྱལ་ཚབ་ཆེན་མོ་༸གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ། །

སྔོན་ཞིག་སྡེ་བཞིའི་ལང་ཚོའི་དཔལ་རྫོགས་པས། །
སུམ་གཉིས་ས་ལ་དབང་བསྒྱུར་བྷོ་ཊའི་ལྗོངས། །
མི་འདོད་རྐྱེན་བརྒྱས་རབ་མནར་དེང་གི་དུས། །
གངས་ཅན་སྣོད་བཅུད་གཏན་བརླགས་འགྲོ་ཉེར་ན། །

སྔོན་བྱོན་དམ་པའི་བཀའ་དྲིན་གསོབ་ཕྱིར་དང་། །
ཕྱི་རབས་རང་རིགས་ལོ་རྒྱུས་མི་རྨོངས་ཕྱིར། །
མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ལྗོངས། །
ངོ་སྤྲོད་སྙིང་བསྡུས་འབྲི་འོ་གཟུར་གནས་ཉོན། །

ཞེས་ཞིང་ཁྱད་པར་ཅན་ལ་ཤིས་ཚིག་པདྨ་དཀར་པོའི་མཆོད་སྤྲིན་གྱིས་ལུགས་གཉིས་ཀྱི་རྣམ་གཞག་སྨྲ་བའི་སྒོ་ཡངས་པོར་ཕྱེས་སོ། །

  མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅས་པ་དང་འབྲེལ་མཚམས་སྦྱར་བ་ནི།

  དེ་ཡང་དེང་བསྟན་གཤེད་ནག་ཕྱོགས་རྒྱ་དམར་སྲིད་གཞུང་གི་གདུག་རྩུབ་བསམ་སྦྱོར་ངན་པས་རྐྱེན་བྱས། བོད་ཡུལ་སྣོད་བཅུད་མི་རིགས་རིག་གཞུང་བཅས་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཕྱོགས་ཀུན་ནས་མངོན་དུ་འགྱུར་བཞིན་པའི་སྐབས་འདིར་ཕ་རོལ་པོས་ཆེད་དུ་བོད་མི་རིགས་སྤྱིའི་དངོས་བྱུང་ལོ་རྒྱུས་དང་། བྱེ་བྲག་ཏུ་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ས་ཁུལ་ཡོངས་རྫོགས་བཅད་བགོས་འདྲ་མིན་བྱས་ཏེ། ས་ཁུལ་སོ་སོའི་དངོས་བྱུང་ལོ་རྒྱུས་ནག་བསུབ་གཏོང་ཐབས་སུ་བརྩོན་བཞིན་པའི་སྐབས་འདིར་ཆེས་གལ་ཆེའི་རང་བཞིན་དུ་མཐོང་ནས་འདིར་གངས་ཅན་ས་ལའི་སྨན་ལྗོངས་ལ་སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཏུ་གྲགས་པའི་ཕྱི་མ་དང་། བོད་ཡུལ་ཆོལ་ཁ་གསུམ་སྟེ། དམ་པ་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མིའི་ཆོལ་ཁ། མདོ་སྨད་རྟའི་ཆོལ་ཁ་གསུམ་ཡོད་པ་རྣམས་ལས་ཀྱང་མདོ་སྨད་རྟའི་ཆོལ་ཁའི་ཆར་གཏོགས་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་སྔོན་བྱུང་ལོ་རྒྱུས་ངོ་སྤྲོད་སྙིང་བསྡུས་འབྲི་བའི་ལས་སུ་འཇུག་པར་བྱའོ། །

     བོད་གངས་ཅན་གྱི་བྱུང་རབས་རགས་བསྡུས་ངོ་སྤྲོད།

དེ་ཡང་ཇི་སྐད་དུ། བཀའ་གདམས་གླེགས་བམ་ལས།
ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །
གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། །
རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །
མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད། །

གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །
སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། །
དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །
སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །

དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། །
ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །
གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །
ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །

ཅེས་གསུངས་པ་ལྟར། མདོ་རྒྱུད་རྒྱ་མཚོའི་གཞུང་ནས་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་དུ་ཡང་ཡང་བསྔགས་པའི་བསིལ་ལྡན་གངས་ཅན་སཱ་ལའི་སྨན་ལྗོངས་འདིའི་སྣོད་བཅུད་གཉིས་ལས། དང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་ནི། ཐོག་མར་ཡུལ་གྲུ་ཡོངས་རྫོགས་ཆུས་གང་བ་རིམ་གྱིས་ཆུ་བྲི་ཤུལ་སྟོད་མངའ་རིས་སྐོར་གསུམ་གངས་དང༌གཡའ་ཡི་ར་བ་མང་བས་ཆ་ནས་རྫིང་དང་། བར་དབུས་གཙང་རུ་བཞིའི་ཡུལ། བྲག་དང་ཆུ་མང་བས་ཆ་ནས་ཡུར་བ་དང༌། སྨད་མདོ་ཁམས་སྒང་དྲུག་ནགས་དང་ནེའུ་གསིང་མང་བས་ཆ་ནས་ཞིང་དང་འདྲ་བར་བཤད། གཉིས་པ་ནང་བཅུད་འགྲོ་བ་མིའི་བྱུང་རབས་ཀྱང་སྤྲེའུ་དང་བྲག་སྲིན་འདུས་པ་ལས་བྱུང་རབས་དང་། རྒྱ་གར་གྱི་རྒྱལ་བོ་རུ་པ་ཏི་བྱ་བའི་དཔུང་ཁག་གི་རིགས་རྒྱུད་བོད་དུ་མཆེད་རབས་སོགས་དང༌། ད་དུང་ཡུལ་ལ་སྔ་བ་ཡར་ལུང་སོག་ཁ། ཞིང་ལ་སྔ་བ་ཟོ་དང་ཞིང༌། རྒྱལ་པོ་ལསྔ་བ་གཉའ་ཁྲི་བཙན་པོ། མཁར་ལ་སྔ་བ་ཡུམ་བུ་བླ་མཁར་། གྲོང་ལ་སྔ་བ་འཕྱང་བ་སྟག་རྩེ་ཞེས་སོགས་རང་རེའི་སྔོན་བྱུང་ཡིག་ཚང་ཕལ་ཆེར་རྩེ་མཐུན་ལྟར་ལགས་ཤིང༌། རྗེ་གཉའ་ཁྲི་ནས་གླང་དར་བར་རྒྱལ་རབས་འདྲེན་སྐབས་བཞེད་ཚུལ་མཐུན་མིན་དང༌། མིང་གི་དག་ཆའི་ཁྱད་པར་སོགས་མི་འདྲ་བ་ཅུང་རེ་བྱུང་ཡང་གཙོ་བོ་༸གོང་ས་ལྔ་བ་ཆེན་པོའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་བཞེད་པ་དེ་སྤྱི་ཡོངས་ནས་གྲགས་ཆེ་ཞིང་། ཁུངས་བཙུན་པས་དེ་ཉིད་གཞིར་བཞག་ལོ་ངོ་སྟོང་ཕྲག་ཡར་སྔོན་ནས་རང་ཅག་མཐོ་སྒང་གི་བོད་མི་རིགས་འདི་ནི་ཚད་ལྡན་ལོ་རྒྱུས་ལྡན་པའི་མི་རིགས་ཤིག་ཡིན་པར་ཕྱི་རབས་ན་གཞོན་རྣམས་སོགས་ལ་ངོ་འཕྲོད་སླ་ཕྱིར་དང༌། མི་རིགས་ཀྱི་རྒྱབ་ལྗོངས་སོགས་ལ་རྒྱུ་མཚན་ལྡན་པའི་སྤོབས་པ་སོགས་བསླེབ་ཕྱིར་འདིར་རང་རེ་བོད་ཀྱི་རྒྱལ་རབས་རིམ་བྱོན་གྱི་མཚན་ཙམ་གྱིས་མཚམས་སྦྱོར་བྱེད་པར་བྱའོ། །

དེ་ཡང་ཡོངས་གྲགས་བཤད་རྒྱུན་ལྟར་བོད་ཀྱི་རྒྱལ་བོའི་ཐོག་མ་གཉའ་ཁྲི་བཙན་པོ་དང༌། དེ་དང་གནམ་མུག་མུག་གི་སྲས་མུ་ཁྲི་བཙན་པོ། དེ་དང་ས་དིང་དིང་གི་སྲས་དིང་ཁྲི་བཙན་པོ། དེ་དང་སོ་ཐམ་ཐམ་གྱི་སྲས་སོ་ཁྲི་བཙན་པོ། དེ་དང་དོག་མེར་མེར་གྱི་སྲས་མེ་ཁྲི་བཙན་པོ། དེ་དང་གདགས་ཀྱི་ལྷ་མོ་དཀར་མོའི་སྲས་གདགས་ཁྲི་བཙན་པོ། དེ་དང་སྲིབ་ཀྱི་ལྷ་མོའི་སྲས་སྲིབ་ཁྲི་བཙན་པོ་བཅས་གནམ་གྱི་ཁྲི་བདུན་དུ་གྲགས།

སྲིབ་ཁྲི་བཙན་པོ་དང་ས་བཙུན་རླུང་རྗེའི་སྲས་གྲི་གུམ་བཙན་པོ་དང་། དེ་དང་ཀླུ་བཙན་མེར་ལྕམ་ལ་སྲས་གསུམ་བྱུང་བའི་སྲིད་དབང་འཛིན་མཁན་སྤུ་དེ་གུང་རྒྱལ་ཡིན་ལ། རྒྱལ་པོ་གྲི་གུམ་བཙན་པོ་དང༌། སྤུ་དེ་གུང་རྒྱལ་གཉིས་ལ་བར་གྱི་སྟེང་གཉིས་ཞེས་སོ། །

སྤུ་དེ་གུང་རྒྱལ་དང་བོམ་ཐང་རྨང་མཉའི་སྲས་ཨེ་ཤོ་ལེགས། དེ་དང་རྨུ་ལྕམ་བྲ་མ་ནའི་སྲས་དེ་ཤོ་ལེགས། དེ་དང་ཀླུ་སྨན་མེར་མོའི་སྲས་ཐི་ཤོ་ལེགས། དེ་དང་བཙན་མོ་གུར་སྨན་གྱི་སྲས་གུ་རུ་ལེགས། དེ་དང་མཚོ་སྨན་འབྲང་མའི་སྲས་འབྲོང་ཞི་ལེགས། དེ་དང་སྨན་བུ་མོའི་སྲས་ཨི་ཤོ་ལེགས་དྲུག་ནི་སའི་ལེགས་དྲུག་གོ །

ཨི་ཤོ་ལགས་དང་རྨུ་ལྕམ་སྨད་ལེགས་ཀྱིས་སྲས་ཟ་ནམ་ཟིན་ལྡེ། དེ་དང་མཚོ་སྨན་ཁྲི་དཀར་གྱི་སྲས་ལྡེ་འཕྲུལ་ནམ་གཞུང་བཙན། དེ་དང་སེ་སྙན་མང་མའི་སྲས་སེ་སྣོལ་གནམ་ལྡེ། དེ་དང་ཀླུ་མོ་མེར་མའི་སྲས་སེ་རྣོལ་བོ་ལྡེ། དེ་དང་འོ་མ་སྟེ་མོ་མཚོའི་སྲས་ལྡེ་སྣོལ་ནམ། དེ་དང་ཁྲི་སྨན་ལྗེ་མའི་སྲས་ལྡེ་རྣོལ་བོ། དེ་དང་སེ་བཙན་གཉན་རྗེའི་སྲས་ལྡེ་རྒྱལ་པོ། དེ་དང་སྨན་བཙུན་ལུག་སྒོང་གི་སྲས་ལྡེ་སྤྲིན་བཙན་རྣམས་ལ་ས་ཡི་ལྡེ་བརྒྱད་ཅེས་བྱའོ། །

ལྡེ་སྤྲིན་བཙན་དང་ཉི་བཙུན་མང་མ་རྗེའི་སྲས་རྒྱལ་ཏོ་རུ་ལོང་བཙན། དེ་དང་འོ་མ་ལྡེ་བཟའ་འབྲི་བཙན་བྱང་མའི་སྲས་ཁྲི་བཙན་ནམ། དེ་དང་སྨན་བཟའ་ཁྲི་དཀར་གྱི་སྲས་ཁྲི་དགྲ་དཔུང་བཙན། དེ་དང་སྨན་བཟའ་ཀླུ་སྟེང་གི་སྲས་ཁྲི་ཐོག་རྗེ་བཙན་བཞི་ལ་འོག་གི་བཙན་བཞི་ཞེས་བྱའོ། །

ཁྲི་ཐོག་རྗེ་བཙན་དང་རུ་ཡོང་བཟའ་སྟོང་རྒྱལ་ན་མོ་མཚོའི་སྲས་ལྷ་ཐོ་ཐོ་རི་གཉན་བཙན། དེ་དང་རྣོ་བཟའ་མང་པོ་རྗེའི་སྲས་ཁྲི་གཉན་གཟུང་བཙན། དེ་དང་འབྲོང་བཟའ་མོ་དུར་ཡངས་གཞེར་ལ་སྲས་འབྲོང་གཉན་ལྡེའུ། དེ་དང་མཆིམས་བཟའ་ཀླུ་རྒྱལ་ངན་བུ་མཚོ་ལ་སྲས་སྟག་རི་གཉན་གཟིགས། དེ་དང་འོལ་གོང་བཟའ་སྟོང་བཙུན་འགྲོ་དཀར་གྱི་སྲས་གནམ་རི་སྲོང་བཙན། དེ་དང་ཡུམ་ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་གཉིས་ཀྱིས་སྲས་ཆོས་རྒྱལ་སྲོང་བཙན་སྒམ་པོ། རྒྱལ་པོ་འདིས་རྒྱ་བཟའ། བལ་བཟའ། རུ་ཡོང་བཟའ། ཞང་ཞུང་བཟའ། མོང་བཟའ་ཁྲི་ལྕམ། འ་ཞ་བཟའ་ཁོ་འཇོ་མོང་རྗེ་ཁྲི་དཀར་ཏི་ཤགས་བྱ་བ་བཅས་ཁབ་ཏུ་བཞེས། སྲོང་བཙན་སྒམ་པོ་དང་མོང་བཟའ་ཁྲི་ལྕམ་གཉིས་ཀྱི་སྲས་གུང་རི་གུང་བཙན་དང༌། སྲོང་བཙན་སྒམ་པོ་དང་འ་ཞ་བཟའ་གཉིས་ཀྱི་སྲས་མང་སྲོང་མང་བཙན། མང་སྲོང་མང་བཙན་དང་འབྲོ་བཟའ་ཁྲ་བོ་ཁྲི་མ་ལོད་གཉིས་ལ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་འཁྲུངས། དེ་དང་མཆིམས་བཟའ་བཙན་མོ་རྟོག་གེའི་སྲས་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམས་འཁྲུངས། ཁྲི་ལྡེ་གཙུག་བརྟན་དང་འཇང་མོ་ཁྲི་བཙན་གཉིས་ལ་སྲས་འཇང་ཚ་ལྷ་དཔོན་དང༌། ཁྲི་ལྡེ་གཙུག་བརྟན་དང་ཀོང་ཇོ་གཉིས་ལ་སྲས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་འཁྲུངས། དེ་དང་ཚེ་སྤོང་བཟའ་གཉིས་ཀྱི་སྲས་ཆེ་བ་མུ་ནེ་བཙན་པོ། འབྲིང་བོ་མུ་རུག་བཙན་པོ། ཆུང་བ་མུ་ཏིག་བཙན་པོའམ། སད་ན་ལེགས་མཇིང་ཡོན་བཅས་གསུམ་ཡོད་པ་ཆེ་ཆུང་གཉིས་ཀྱིས་རིམ་བཞིན་རྒྱལ་སྲིད་བསྐྱངས་ཤིང་། འབྲིང་པོས་རྒྱལ་སྲིད་འཛིན་ཁོམ་མ་བྱུང༌། མུ་ཏིག་བཙན་པོའམ། སད་ན་ལེགས་མཇིང་ཡོན་གྱི་སྲས་གཙང་མ། ལྷ་རྗེ། ལྷུན་གྲུབ། དར་མ། ཆོས་རྒྱལ་མངའ་བདག་ཁྲི་རལ་བ་ཅན་བཅས་ལྔ་འཁྲུངས་ཤིང་། རྒྱལ་སྲིད་འཛིན་པའི་གོ་རིམ་མངའ་བདག་ཁྲི་རལ་གྱིས་ཐོག་མར་དང༌། དེ་ནས་རྒྱལ་པོ་གླང་དར་གྱིས་སྲིད་དབང་བཟུང་བའི་རྗེས་ནས་རེ་ཞིག་ཏུ་བོད་སྤྱི་ལ་དབང་སྒྱུར་མཁན་མ་བྱུང་བའི་སྐོར་གཞན་དག་ཏུ་གསལ་བ་ལྟར་རོ། །

  མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ལོ་རྒྱུས་སྤྱི་བཤད།

བོད་ཁ་བ་ཅན་གྱི་ཡུལ་གྲུ་སྟོད་སྨད་བར་གསུམ་དུ་ཕྱེས་ཚེ། བོད་མི་རིགས་ཀྱི་ཡིག་ངག་གཉིས་ལ་སྔ་དུས་ནས་ཡོངས་སུ་གྲགས་པའི་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་པའི་ཕྱི་མ་སྨད་མདོ་ཁམས་སྒང་དྲུག་གི་ནང་ཚན། མདོ་ཁམས་ཟལ་མོ་སྒང་ཞེས་པའི་ཆར་གཏོགས་སུ་གྲགས་པའི་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟ་ནི། དབུས་གཙང་གི་ཤར་ཕྱོགས་སུ་ཡོད་པས་དབུས་གཙང་ལ་ལྟོས་ནས་མདོ་ཁམས་ཕྱོགས་སུ་ཡོད་ཅིང༌། སྤྱིར་མདོ་ཁམས་ཀྱི་ཁོངས་སུ་གཏོགས། མདོ་སྟོད་དམ་ཁམས་ཀྱི་བྱང་ཕྱོགས་སུ་ཡོད་པས་ཁམས་ཕྱོགས་ལ་ལྟོས་ནས་ཨ་མདོའི་ཕྱོགས་སུ་ཡོད། མདོ་སྨད་དམ་ཨ་མདོའི་ལྷོ་རྒྱུད་དུ་ཁེལ་བས་མདོ་སྨད་ལ་ལྟོས་ནས་ཁམས་ཕྱོགས་སུ་ཡོད་པ་དངོས་ཡོད་གནས་ཚུལ་ཞིག་རེད། བོད་ཁམས་ཡོངས་སུ་གྲགས་པའི་གསེར་རྟའི་ཡུལ་གྱི་མགོན་པོ་ཚོགས་བདག་གི་གནས་རི་རྩ་ཆེན། གསེར་མགོན་པོ་འབྲོང་རི་སྨུག་པོའི་གནས་ཡིག་ཏུ།

བོད་ཁམས་གནས་ཆེན་གནས་ཕྲན་གྲངས་མང་ཡངཿ
དེ་ཡི་ནང་ནས་རྒྱལ་མོ་རོང་སྟོད་ཀྱིཿ
གཏེར་གནས་འབྲོང་རི་སྨུག་པོའི་བཀོད་བྱང་ནིཿ
ཞི་རྒྱས་དབང་དྲག་ལྡན་པའི་གདན་སྟེང་དུཿ

ཞེས་སོགས་དང༌། གུ་བཀྲའི་ཆོས་འབྱུང༌བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་མ་དེབ་དང་པོའི་ཤོག་ངོས་༢༩༡་པར། སློབ་དཔོན་ཆེན་པོ་འདིས། དང་པོ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་གསུངས། དེ་ནས་ཚ་བ་རོང་དུ་སྤྱུགས་པས། རྒྱལ་རོང་བྲག་ལྷ་མགོན་པོའི་དགོན་པར་གཡུ་སྒྲ་སྙིང་པོ་ལ་གསུངས། དེ་ནས་ཚ་རོང་སྟག་རྩེ་མཁར་དུ་གསང་སྟོན་ཡེ་ཤེས་བླ་མ་ལ་གསུངས། དེ་ནས་སྟོད་ཁུངས་རོང་གི་བྲག་དམར་དགོན་རྫོང་དུ་སྤང་སངས་རྒྱས་མགོན་པོ་ལ་གསུངས། དེ་ནས་དབུས་སུ་གཉག་དང༌། ལི་བཟའ་ཤེས་རབ་སྒྲོན་མེ་ལ་གསུངས་ཏེ། རིམ་པ་ལྔར་གྲགས། ཞེས་གསུངས་པའི་རྒྱལ་རོང་བྲག་ལྷ་མགོན་པོ་ཞེས་པ་གསེར་གྱི་འབྲོང་རིའི་གནས་ཡིན་ཞིང་། དེ་གའི་དགོན་པར་ལོ་ཆེན་བཻ་རོ་ཙ་ནས་སློབ་དཔོན་གཡུ་སྒྲ་སྙིང་པོར་རྫོགས་ཆེན་སེམས་སྡེའི་ཆོས་སྐོར་གསུངས་པར་གཞིག་ན་ཕྱོགས་འདིར་སྔ་འགྱུར་ནང་བསྟན་རྣམ་དག་དར་སྔ་བར་ར་སྤྲོད་བྱས་ཡོད་ཅིང༌། ཕལ་ཆེར་དགོན་པ་དེ་ཡང་ལོ་ཆེན་བཻ་རོ་དང་གཡུ་སྒྲ་སྙིང་པོ་རྣམ་གཉིས་དང་། གང་རུང་གིས་བཏབ་ཡོད་ཤས་ཆེ་ཡང་མཐའ་གཅིག་ཏུ་འདི་ཡིན་ཞེས་ཁ་ཚོན་གཅོད་དཀའ་བས། གཟུར་གནས་རྣམ་དཔྱོད་ཅན་དག་གིས་ཞིབ་འཇུག་དགོས་པའི་གནས་ཡིན། དེ་བཞིན་ཚ་རོང་སྟག་རྩེ་མཁར་ཞེས་པ་འདི་ཡང་གསེར་སྨད་རྔ་ལ་སྟག་རྩེ་ཡིན་ནམ་སྙམ་ཞིང༌། ཚད་ཐུབ་གཏེར་སྟོན་དག་གིས་གསེར་སྨད་རྔ་ལ་ནས་ཟབ་གཏེར་མང་པོ་བཞེས་པའི་ལོ་རྒྱུས་མང༌། དེ་བཞིན་གསེར་འབྲོང་རིའི་གནས་ལ་རྒྱལ་རོང་བྲག་ལྷ་མགོན་པོ་ཞེས་པ་གནས་པར་བསང་ཡིག་དང༌། ལོ་རྒྱུས་སོགས་སུ་གསལ་བར་གཞིག་ན། སྔ་དུས་ཞིག་ལ་གསེར་རྟའི་ཡུལ་ཁམས་ཕལ་ཆེར་ཞིག་ཤར་རྒྱལ་མོ་རོང་གི་ཁོངས་གཏོགས་ཡིན་ནམ་སྙམ་པ་ཞིག་ཡོད།

  བོད་སིལ་བུའི་རྗེས་གླིང་གེ་སར་སོགས་ཀྱིས་དབང་བསྒྱུར་ཡུལ་གསེར་རྟ།

མགོ་ལོག་རུས་མཛོད་དམ་རུས་མཛོད་མེ་ཏོག་སྐྱེད་ཚལ་གྱི་ལེའུ་ལྔ་བ་ཨ་སྤོ་ལྡོང་གི་སྐོར་བཤད་སྐབས་སུའང། ཁྱད་པར་དུ་བར་ཁམས་ཀྱི་ས་ཆ་འདི་ནི་ས་ཡི་ཆ་གླིང་གི་ཡུལ་ཞེས་པ་ནི་སྒང་དྲུག་ལས་ཟལ་མོ་སྒང་དུ་གྲགས་པ་འདི་ལ་གླིང་ཁྲི་གོང་འོག་བར་གསུམ། གླིང་ཁྲི་གོང་མའི་ས་ནི། ཁམས་སྟོད་འབྲི་ཀླུང་གི་ས་ཆ་རྣམས་དང༌། དེ་ལས་བྷེ་སྒོམ་གྱི་རྫ་རི་དེའི་ཕུག་ན་རྫ་གཡའ་བྲག་དང༌། གངས་བྲག་གཡའ་བྱ་བའི་རི་ཁྲོད་ངོ་མཚར་ཅན་ཡོད་པ། མདའ་ན་མི་སྡེ་གོང་ཟི། མང་འབྲུག་གཉིས་ཀྱི་དཔོན་ཆེན་ས་ལྡོང་སེང་བློན་ཡིན་ལ། སེང་བློན་གྱི་བུ་ཆེ་བ་རྒྱ་ཚ་ཞལ་དཀར་ཡིན་པ་འོག་ནས་འཆད་ལ། གླིང་ཁྲི་བར་མའི་ས་ནི་ཤར་རྡ་རོལ་གྱི་ས་ཆ་རྣམས་དང༌། གླིང་ཁྲི་འོག་མའི་ས་ནི་མདོ་ཁམས་སྨྲ་རོལ་ཡིན་པར་བཤད་ལ། གླིང་ཁྲི་ཞེས་པ་ནི་མི་སྡེ་ཁྲི་ཚོ་རེའི་བདག་པོ་ཡིན་ལ། ཁྲི་དམག་གསུམ་གྱི་བདག་པོ་ཡིན་པས་དེ་ལྟར་གྲགས་སོ། །ཞེས་ཁམས་མདོ་སྟོད་འབྲི་ཀླུང་གི་ས་ཆ་ནས་མདོ་སྨད་སྨྲ་རོལ་གྱི་ས་ཆ་སོགས་གླིང་གི་ས་ཡིན་པར་གསུངས་པ་ལྟར། བོད་སིལ་བུའི་རྗེས་སུ་ནི་མདོ་ཁམས་སྟོད་སྨད་ཀྱི་ཡུལ་ཁམས་ཕལ་ཆེ་བར་གླིང་གེ་སར་གྱིས་དབང་བསྒྱུར་བའི་ལོ་རྒྱུས་དང་གཅིག་མཚུངས་ལྟར། གསེར་རྟའི་ཡུལ་ཁམས་དེ་ཡང་ཕྱི་ལོ་༡༠༠༠་ཡས་མས་སུ་གླིང་གེ་སར་གྱི་ཆབ་འབངས་ཡིན་རབས་འདུག་པ་དང༌། གླིང་གེ་སར་ནི་གླིང་ཡུལ་སྟོད་སྨད་བར་གསུམ་སྤྱི་ཡོངས་ཀྱི་རྒྱལ་པོ་ཡིན་ཞིང༌། ཁོང་ལ་བློན་ཆེན་དཔའ་ཐུལ་སུམ་ཅུ། དཔའ་ཡང་ཐུལ་དམ་པའི་མི་བདུན། ཞེ་ཐུལ་ཁྲ་གླག་སྤྱང་གསུམ་སོགས་དཔའ་མཛངས་ལྡན་པའི་བློན་ཆེན་གང་མང་ཡོད་སྐད། དེ་ལ་ཡང་གླིང་ཆེ་རྒྱུད་དང༌། ཆུང་རྒྱུད། འབྲིང་རྒྱུད་སོགས་ཡུལ་སྡེ་དུ་མ་ཡོད་པ་ནས་གླིང་ཆེ་རྒྱུད་གསེར་བ་མཆེད་བརྒྱད་དང༌། འབྲིང་རྒྱུད་འོམ་བུ་ཚོ་དྲུག་གི་ས་ཆ་གཙོ་བོ་ནི་ཟླ་གསེར་གཉིས་ཀྱི་ས་ཆར་ཁེལ་བར་གྲགས། དེ་ཡང་གསེར་རྟའི་ཡུལ་གྱི་གསེར་ཁོག་ན་གསེར་སྟོད་ཀྱི་མགོན་པོ་འབྲོང་རི་སྨུག་པོ་དང༌། གསེར་སྨད་ཀྱི་རྔ་ལ་སྟག་རྩེ་སོགས་ངོ་མཚར་བའི་གནས་རི་རྩ་ཆེན་གང་མང་ཞིག་ཡོད་ལ། གསེར་སྨད་ཀྱི་རྔ་ལ་སྟག་རྩེའི་ཡར་འགྲམ་དེར་སྔ་མོའི་དུས་ཀྱི་མཁར་ཤུལ་ཞིག་ཡོད་པ་དང༌། དེ་ནི་གླིང་ཆེ་རྒྱུད་ཀྱི་ནང་ཚན་ཆེ་རྒྱུད་གསེར་བ་མཆེད་བརྒྱད་ཀྱི་དཔོན་ཆེན་གསེར་བའི་ཉི་འབུམ་དར་ཡག་ཟེར་བ་དེའི་མཁར་ཤུལ་རེད། ཅེས་གསེར་རྟའི་ཡུལ་མི་ཚོའི་ངག་རྒྱུན་ལ་ཡོངས་གྲགས་སུ་འཇགས་ཡོད། དེ་ཡང་གསེར་དུང་དཀར་དགོན་པའི་མཁན་སྤྲུལ་པདྨ་འོད་གསལ་མཐའ་ཡས་སམ། མཁན་སྤྲུལ་དགུང་ལོས་བརྩམས་པའི་དེབ་ཆུང་ཨ་རུ་རའི་དགའ་ཚལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༢༠༠༣་ལོའི་ཟླ་༩་པར་དཔར་བསྐྲུན་བྱས་པའི་ཤོག་ངོས་༢༢༢་པའི་ཐིག་ཕྲེང་༢་པར། དེ་ལྟ་བུའི་ཡུལ་འདི་ནི་ཤར་ཁྲ་མོ་གླིང་གི་ཆེ་རྒྱུད་གསེར་བའི་ས་ཆ་ཡིན་པའི་ཕྱིར་ན།

འཛམ་གླིང་ས་བཤད་ལས།
བྲག་དམར་ལུས་ཀྱི་ཁུག་སོ་ན། །
གསེར་མཁར་ཆུ་རི་གནམ་རྫོང་ཡོད། །
དེ་ན་དཔའ་རྒོད་ཡང་ཐུལ་ལ།
གསེར་བའི་ཉི་འབུམ་དར་ཡག་བཞུགས། །

ཞེས་གསུངས་པ་ལྟར་གསེར་སྨད་རྔ་ལ་སྟག་རྩེའི་ཡར་ཐང་ན་གསེར་བའི་ཉི་འབུམ་དར་ཡག་གི་ཕོ་བྲང་ཞིག་ཤུལ་གྱི་དེའུ་འབུར་ཆུང་ངུ་ཞིག་ད་ལྟ་ཡང་མཇལ་རྒྱུ་ཡོད། དེང་སྐབས་སྐྱབས་རྗེ་སྤྲུལ་སྐུ་པདྨ་ཐེག་མཆོག་རྒྱལ་མཚན་གྱིས་དཔའ་བོ་གླིང་གི་རྟེན་མཁར་ཆུང་ངུ་ཞིག་བཞེངས་ཏེ་ལོ་ལྟར་མཆོད་བསྟོད་བྱེད་པའི་སྲོལ་བཏོད་ཡོད། ཅེས་སོགས་གསུངས་པ་ལྟར་དང༌།

དེ་བཞིན་གླིང་སྒྲུང་དུ།
ཙི་ཏ་ཡོལ་བ་རྒྱབ་འདྲའི་རི། །
གསེར་གྱི་མགོན་པོ་འབྲོང་རི་རེད། །
དེ་ཆེ་རྒྱུད་གསེར་བའི་བླ་རི་རེད། །

ཅེས་གསལ་བ་ལྟར་རོ། ། ཕྱི་ལོ་༡༩༧༤་ལོ་ཙམ་ནས་རྒྱ་གཞུང་གིས་གསེར་ཆུ་བཀག་བསྐྱིལ་གྱིས་གསེར་སྨད་ཀྱི་རྔ་ལ་སྟག་རྩེ་ཞེས་པའི་གནས་རི་དེ་ཕུག་སྟེ། རི་གསེང་དུ་གསེར་ཆུ་དྲངས་ནས་གློག་ཁང་གསར་རྒྱག་བྱས་པ་དང་། དེའི་འགྲམ་དུ་ད་ལྟ་ཡང་སྔོན་མའི་མཁར་ཤུལ་དེ་ཡོད། གློག་ཁང་གསར་རྒྱག་སྐབས་གནམ་གཤིས་ཧ་ཅང་འཁྲུགས་ཆ་དོད་པོའི་ངང་། འབྲུག་གི་ངར་སྐད་ལྡིར་བ་དང༌། སེར་བ་བབས་ཏེ། ཐོག་གང་མང་བརྒྱབ་པ་སོགས་ཀྱིས་དང་པོའི་ཆར་རྒྱ་རྒན་ཁ་ཤས་རེ་དུས་མིན་འཆི་རྐྱེན་གྱིས་ལྔ་ལམ་དུ་བསྐྱལ་ཡོད་སྐད། རྗེས་ནས་ཐོག་འཛིན་འཕྲུལ་ཆས་བཙུགས་པར་བརྟེན་རི་ཕུག་རྒྱུ་དང༌། གློག་ཁང་རྒྱག་རྒྱུ་སོགས་ལ་འགོག་རྐྱེན་བྱུང་མེད། སྐབས་དེར་རྒྱ་གཞུང་གིས་ལས་གཞི་དེར་ས་རྐོ་རྡོ་སློག་སོགས་ཀྱི་ཆེད་བོད་མི་གང་མང་བཙན་འདེད་བྱས་ཡོད་ཁོངས་ཀྱི་གསེར་རྟའི་ཡུལ་མི་ཞིག་ཐེངས་ཤིག མཁར་ཤུལ་དེའི་མདུན་ཐད་ཀྱི་རི་ངོས་སུ་འཆམ་འཆམ་དུ་འགྲོ་སྐབས་མི་དེས་ཡར་བལྟས་ཚེ། སྒང་གི་བྲག་མཐོན་པོ་དེའི་དཀྱིལ་ལ་གནའ་མིའི་དུས་ཀྱི་ལྕགས་མདའ་རིང་པོ་ཞིག་བྲག་ལ་ཕུར་བ་སར་བཙུགས་པ་ལྟར། མདའི་སྒྲོ་མཚམས་བར་བྲག་གསེང་དུ་ཟུག་ཡོད་པར་མཐོང་བ་རེད། མདའ་དེ་ནི་སྔོན་མདའ་རྩེད་སོགས་ཀྱི་སྐབས་གསེར་བའི་ཉི་འབུམ་དར་ཡག་གིས་རང་ཉིད་ཀྱི་མཁར་ནས་མདུན་གྱི་བྲག་ངོས་སུ་ཉག་ཕྲན་མདའ་ཡིས་གྲུབ་རྟགས་བཞག་པ་ཞིག་ཡིན་ངེས། ཞེས་གསེར་རྟའི་ཡུལ་མི་ཚོས་དེ་ལྟར་གླེང༌།

གླིང་གེ་སར་གྱི་རྗེས་ནས་བར་སྐབས་སོག་པོས་དབང་བསྒྱུར་ཡོད་འདུག་པ་ནི། དབལ་ཤུལ་བསོད་ནམས་དར་རྒྱས་ཀྱིས་བརྩམས་པའི་གསེར་ཐལ་གྱི་ལོ་རྒྱུས་དང༌སྲོལ་རྒྱུན་ཞེས་པའི་ཤོག་ངོས་༡༠༨་པའི་ཐིག་ཕྲེང་༡༨་པར། དེ་རྗེས་ཧོར་རམ་སོག་གིས་བདག་བཟུང་བྱས་པ་ནི། བོད་རབ་བྱུང་བཞི་བའི་ནང་སྤྱི་ལོ་༡༢༤༠་ལོར་ཧོར་ཇིང་གིར་རྒྱལ་པོས་བོད་ལ་དམག་དྲངས་པ་དང༌། མདོ་སྨད་བདག་བཟུང་བྱས་པའི་ལོ་རྒྱུས་ལྟར་ན་ཧོར་རམ་སོག་གིས་བདག་བཟུང་གནས་ཆགས་བྱས་པ་ད་ལྟ་ས་མིང་ལ་ཧར་ཆེན་དང༌། ཏ་ཟི། འུ་ཟི། ཧོར་ཆེན། ཧོར་དགེ། ཧོར་ལུང༌། ཧོར་ཤུལ་སོགས་ཐོགས་ཡོད་པ་དང༌། ཡུལ་སྡེའི་ནང་རུས་སྐོར་སོག་པོ། སོག་རུ། སོག་དཀར་སོགས་ཡོད། དབལ་ཤུལ་གསེར་ཡུལ་ལ་ཡོང་སྐབས་སོག་ཐར་ཐོར་ཡོད་རབས་སོགས་ཀྱིས་མཚོན་ཐུབ་པ་ཡིན། ཞེས་གསུངས་པ་ལྟར་རོ། །

2དེ་རྗེས་དཔལ་ས་སྐྱ་བས་ཐོག་མར་བོད་ཁམས་ཡོངས་རྫོགས་ལ་དབང་བསྒྱུར་རབས་སོགས་ནི་གཅིག་མཚུངས་ཡིན་ཕྱིར་འདིར་དམིགས་བསལ་དཔྱད་ཞིབ་བྱེད་གལ་མ་མཐོང་བས་མ་བྲིས་ཀྱང༌། སྐབས་དེར་ཆོལ་ཁ་རེ་ལ་དཔོན་ཆེན་རེ་བསྐོ་བཞག་བྱས་རབས་དང༌། ཕྱིས་ཀྱི་ཕག་གྲུ་དང༌། རིན་སྤུངས་པ་དང༌། སྡེ་སྲིད་གཙང་བ་སོགས་ཀྱི་སྔོན་བོད་ཆོས་རྒྱལ་གོང་མའི་སྐབས་ལྟར། བོད་ཁམས་ཡོངས་རྫོགས་གོང་བུ་གཅིག་གྱུར་བྱེད་རྒྱུ་ལྟ་ཞོག་དབུས་གཙང་གི་ཁྲི་སྐོར་བཅུ་གསུམ་འཛིན་སྐྱོང་ཇི་ལྟར་བྱས་ཡོད་མེད་སོགས་ལོ་རྒྱུས་གཞན་དང་གཞན་ན་ཤིན་ཏུ་གསལ་བས་འདིར་ཡིག་འབྲིའི་ངལ་བ་བསྟེན་པར་དོན་འབྲས་ཆེར་མ་མཐོང་ངོ༌། །

  མགོ་ལོག་ཁག་གསུམ་གྱི་དཔོན་རིགས་ཚོས་ཐུན་མོང་གིས་གསེར་རྟའི་ཡུལ་ཁམས་ཡོངས་སུ་དབང་བསྒྱུར་ཚུལ་སྐོར།

གླིང་གི་ཆབ་སྲིད་ཀྱི་སྟོབས་ཤུགས་ཉམས་རྗེས་གསེར་རྟའི་ས་ཆ་དེ་མགོ་ལོག་ཁག་གསུམ་གྱི་ཨ་ལྕགས་འབྲིའི་དཔོན་རིགས་ཚོའི་ཐུན་མོང་གི་ཆབ་འབངས་ཤིག་ཡིན་པ་རེད། དེའི་ཚུལ་ཡང་མདོ་སྨད་ཆོས་འབྱུང་དུ། ཕག་ཐར་གྱི་རིང་ལ་གཉན་གྱི་དངོས་གྲུབ་ཀྱིས་སྨར་རོལ་མ་ལག་དྲུག་གི་ས་ཆ་དང་མི་སྡེ་ལ་དབང་བྱས། ཞེས་དང༌། ཁོ་རང་ལ་བུ་བཞི་ཡོད་པའི་གཅིག་ཀཿ ཐོག་བླ་མ་ཆོས་འབུམ། ཆེ་བ་རྡོ་རྗེ་འབུམ་ལ་རྡོ་རོལ་གྱི་ས་ཆ་མི་སྡེ། འབྲིང་བ་པདྨ་འབུམ་ལ་འཛི་སྐའི་ཁོག ཆུང་བ་པདྨ་ཡག་ལ་སྨར་རོལ་གྱི་ས་ཆ་དང༌། མི་སྡེ་བྱིན། རྔ་ཁོག་གི་མི་སྡེ། གསེར་ཁོག་གི་ཁྲལ། གཡུ་དང་རྩང་ཁོག་གི་ས་ཆ་མི་སྡེ་རྣམས་ཐུན་མོང་དུ་བཞག་སྟེ། གྱ་དགུ་པ་ལ་འདས། ཞེས་དང༌། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་པའི་མཁས་དབང་དམུ་དགེ་བསམ་གཏན་གྱི་གསུང་རྩོམ་པོད་གསུམ་པའི་མགོ་ལོག་གི་ལོ་རྒྱུས་བཤད་པའི་སྐབས་ཀྱི་ཤོག་ངོས་༧༩༠་པར། འབུམ་སྐྱབས་ཀྱི་བུ་ཕག་ཐར་ལ་ཏཱ་མིང་ཟོན་ཏེ་ནས་ཁྲི་དཔོན་གྱི་ཐོབ་བྱིན། དེ་ལ་བུ་བཞི་ཡོད་པའི་ཆེ་བ་རྡོ་རྗེ་འབུམ་ལ་རྡོ་རོལ་གྱི་ས་ཆ། འབྲིང་བ་པདྨ་འབུམ་ལ་འཛི་རྐའི་ཁོག་འཛམ་ཐང་། ཆུང་བ་པདྨ་ཡག་ལ་སྨར་རོལ་གྱི་ས་ཆ་དང༌། མི་སྡེ་བྱིན། རྔ་ཁོག་གི་མི་སྡེ། གསེར་ཁོག་གི་ཁྲལ། གཡུ་དང༌། རྩང་ཁོག་གི་ས་ཆ་མི་སྡེ་རྣམས་ཐུན་མོང་བྱས། ཞེས་གསལ་བ་ལྟར་རོ། །

  གསེར་རྟ་ས་ཆར་ཨ་སྤོ་ལྡོང་གི་རིགས་རྒྱུད་དབལ་ཤུལ་གྱི་དཔོན་རིགས་ཐོག་མར་བྱུང་ཚུལ་དང༌། དེ་ལས་འཕྲོས་པའི་གཏམ།

དེ་ཡང་བོད་མིའུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ལམ། མགོ་ལོག་རུས་མཛོད་མཚོ་སྔོན་དཔར་མའི་ཤོག་ངོས་༡༠༣་ཐིག་ཕྲེང་༡༡་པར། ཡང་གོང་གི་དབལ་ཤུལ་མཁར་གསར་གྱི་དབལ་ཤུལ་བན་ཞར་དེའི་བུ་མོ་མགོ་ལོག་རྡོ་རྗེ་འབུམ་ལ་ཡོད་པས་དེའི་དུས་ཀྱི་མགོ་ལོག་ཁག་གསུམ་ལ་ས་ཞིག་བསླངས། མགོ་ལོག་ཁག་གསུམ་གྱི་དཔོན་རྣམས་ཀྱིས། ཁྱོད་ཀྱིས་དཔོན་ཆེན་ཞབས་ཀྱི་དཔོན་ཆུང་ལྟར་བྱེད་ན། ས་ཞིག་སྦྱིན་ཟེར་ནས་དེ་འདྲ་བྱེད་ཆེད་དང་སྐུད་པོ་ཡིན་པ་སོགས་ཀྱིས་རྡོ་རོལ་གྱི་རྗེ་མདའ་ནང་དང༌། ཡག་མདའ་ནང་གི་ས་ཆ་བྱིན་པས་རྗེ་མདའ་ནས་མཁར་བརྩིགས་ཏེ་བསྡད། དེའི་བུ་དབལ་ཤུལ་སྟག་ལྷ་སྐྱབས་ཡིན། སྟག་ལྷ་སྐྱབས་ཀྱིས་མགོ་ལོག་འབུམ་ཕྱུག་རྒྱལ་གྱི་སྲིང་མོ་བླངས་པའི་བུ་ཆེ་བ་སྟག་ལྷ་འཕན་དང༌། བུ་ཆུང་བ་འབུམ་ཕྱུག་རྒྱལ་གཉིས་ཡིན། ཞེས་དང༌། མདོ་སྨད་ཆོས་འབྱུང་གི་མདོ་སྨད་ལྷོ་རྒྱུད་བཤད་སྐབས། གེ་ལིའི་བུ་ཆུང་བ་བན་ཞར་གྱི་མི་རྒྱུད་དབལ་ཤུལ་སྟག་སྐྱབས་ཀྱིས་མགོ་ལོག་ལ་ས་བསླངས་ནས་མཁར་གཞི་བཟུང། འདི་ལ་བུ་གཉིས་ཡོད་པའི་ཆེ་བ་སྟག་ལྷ་འཕན་གྱི་བུ་ཤོས་ཁོག་ཏུ་རུ་བ་བྱས་ནས་བསྡད་པའི་རྒྱུད་པ་གསེར་(རྟ)ཐལ་དཔོན་རིགས། ཞེས་དང༌། རྔ་བ་ཁུལ་ནས་དཔར་བསྐྲུན་བྱས་པའི་མཁས་དབང་དམུ་དགེ་བསམ་གཏན་གྱི་བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་གི་ཤོག་གྲངས་༢༥༠་པར། གེ་ལིའི་བུ་ཆུང་བ་བན་ཞར་གྱི་མི་རྒྱུད་དབལ་ཤུལ་སྟག་སྐྱབས་ཀྱིས་རྡོ་སྟོད་རྗེ་མང་རའི་(རྗེ་མདའི་)ས་མགོ་ལོག་ལ་བསླངས་ནས་དེར་མཁར་གཞི་བཟུང༌། འདི་ལ་བུ་གཉིས་ཡོད་པའི་ཆེ་བ་སྟག་ལྷ་འཕན་གྱི་བུས། ཤོས་ཁོག་ཏུ་རུ་བ་བྱས་ནས་བསྡད་པའི་རྒྱུད་པ་གསེར་(རྟ་)ཐར་དཔོན་རིགས། ཞེས་གསུངས་པ་ལྟར་གེ་ལིའི་བུ་ཆུང་བ་དབལ་ཤུལ་བན་ཞར་གྱི་གདུང་རྒྱུད་དབལ་ཤུལ་སྟག་ལྷ་འཕན་དང༌། དབལ་ཤུལ་སྟག་ལྷ་སྐྱབས་སོགས་ནས་གསེར་རྟའི་དབལ་ཤུལ་དཔོན་རིགས་ཚོ་རིམ་གྱིས་མགོ་ཚུགས་སོ། །

སྐབས་དེའི་མགོ་ལོག་རང་ཁོངས་ཀྱི་ཨ་སྤོ་ལྡོང་གི་རིགས་རྒྱུད་དབལ་ཤུལ་གྱི་མི་ཞིག་གིས་ཨ་ལྕགས་འབྲིའི་གདུང་རྒྱུད་མགོ་ལོག་ཁག་གསུམ་གྱི་དཔོན་རིགས་ཚོར་ས་ཞིག་བསླངས་སྐབས་སྐུད་པོ་ཡིན་པ་སོགས་ཀྱིས་མ་སྦྱིན་ན་མི་འགྲིག་པར་དགོངས་ནས་དེང་སྐབས་གསེར་རྟའི་ས་ཆ་ཡིན་པའི་རྡོ་ཁོག་གི་རྗེ་མདའ་ནང་དང༌། ཡག་མདའ་སོགས་སྦྱིན་ཡང༌། ཨ་ལྕགས་འབྲིའི་གདུང་རྒྱུད་མགོ་ལོག་ཁག་གསུམ་གྱི་དཔོན་རིགས་ཚོས་ཁྱོད་ཀྱིས་དཔོན་ཆེན་ཞབས་ཀྱི་དཔོན་ཆུང་ལྟར་བྱེད་ན་ས་ཞིག་སྦྱིན། ཞེས་དང་པོ་ནས་ཁ་ཏན་ལ་ནན་གྱིས་བསྒོས་པར་ཁོང་ཚོར་ཅི་ཁག དེའི་རྒྱུ་མཚན་ནི། མགོ་ལོག་གི་ལོ་རྒྱུས་ཐོག་གི་དཔོན་རྒན། ཡོངས་གྲགས་ལ་གཉན་མོའི་བུ་མགོ་ལོག་ཕག་ཐར་ཞེས་པ་ཁོང་དགུང་ལོ་༨༩་ཐོག་སྐུ་གྲོངས་ཁར་ཁོང་གིས་བུ་དང༌། ཚ་བོ། བློན་འབངས་བཅས་པས་ང་ལ་ཉོན་དང༌། ཞང་པོ་གཉན་པོ་གཡུ་རྩེའི་ལུང་བསྟན་དང༌། ཁྱེད་ཚོའི་སྤྱོད་པ་སོགས་དང༌། ང་རང་གི་རྨི་ལམ་བཅས་ལ་བལྟས་ན། མི་རིང་བར་རྡོ་རོལ་གཞན་གྱི་མི་དཔོན་དང༌། འཛི་སྐ་གཞན་གྱི་བླ་མས་འཛིན་ལྟས་འདུག་པས་དེ་ལུགས་སེམས་ལ་ཞོག ཅེས་ཞལ་ཆེམས་བསྩལ་ཡོད་པས་ཡིན་ལ། དེའི་སྐབས་ཀྱི་གཞན་གྱི་མི་དཔོན་ཞེས་པ་ཡང་མགོ་ལོག་ཁག་གསུམ་གྱི་ཨ་ལྕགས་འབྲིའི་གདུང་རྒྱུད་ལས་གདུང་རྒྱུད་གཞན་པའི་དཔོན་གྱིས་འཛིན་ལྟས་འདུག་གསུངས་པ་ཡིན་གྱི། མགོ་ལོག་རང་ཁོངས་མིན་པ་ཞིག་གཞན་ནས་འོང་པས་འཛིན་ཞེས་པ་མིན་པས་གཞན་དང་གཞན་དུ་དཀྱོག་མི་རུང་། འོན་ཀྱང་སྐབས་དེའི་ས་སློང་མཁན་དེ་མགོ་ལོག་རང་ཁོངས་ནས་མིན་ཟེར་འདོད་ཀྱང་སྔོན་བྱུང་ཚད་ཐུབ་ལོ་རྒྱུས་དང་རྒྱབ་འགལ་དུ་འགྲོ་བ་ལས་རང་དབང་ཡིན་མོད། གཙོ་བོ་སྨར་རོལ་མ་ལག་དྲུག་གམ། རྡོ་འཛི་སྨར་གསུམ་གྱི་ས་ཁྱོན་ལ་གནས་བཅས་པའི་མི་ཞིག་ཡིན་མིན་ལ་སྔ་སེ་ནས་འདང་རྒྱག་ཐུབ་ན། ཤེས་ལྡན་དག་ལ་རྒྱས་བཤད་མི་དགོས་པར་དེ་ཙམ་གྱིས་ངོ་འཕྲོད་སླ་བར་འགྱུར་རོ། །

     
གཞུང་ས་དགའ་ལྡན་ཕོ་བྲང་བ་ཆེན་པོ་དབུ་བརྙེས་པ་དང༌། དེ་ལས་འཕྲོས་པའི་གཏམ།

ཕྱི་ལོ་༡༦༣༧་ལོར་ཆོས་རྒྱལ་གུ་ཤྲཱི་བསྟན་འཛིན་གྱིས་སྐབས་དེར་མདོ་སྨད་ཕལ་ཆེར་དབང་བསྒྱུར་བའི་ཆོག་ཐུ་དཔོན་དམག་སུམ་ཁྲི་བཅས་ཕམ་པར་བྱས། སྐབས་དེར་མདོ་སྟོད་ཕྱོགས་སུ་དབང་བསྒྱུར་བའི་བེ་རི་དོན་ཡོད་ཀྱི་ས་ཐོག་ཏུ་ཕྱི་ལོ་༡༦༤༠་ལོར་གུ་ཤྲི་ཁང་གི་དཔུང་ཆེན་འབྱོར་ནས་བེ་རི་རྒྱལ་པོ་དཔོན་འབངས་བཅས་དབང་དུ་བསྡུས། སླར་ཡང་གུ་ཤྲི་ཁང་གི་དཔུང་ཆེན་གྱི་སྦྱོར་བ་བཙན་པོས་ཕྱི་ལོ་༡༦༤༡­-༡༦༤༢་བཅས་ལ་གཙང་རྒྱལ་ཀརྨ་བསྟན་སྐྱོང་དབང་པོ་དཔུང་བཅས་དབང་བསྒྱུར་པ་དང༌། ༡༦༤༢་ལོའི་ཟླ་༤་ཚེས་༥་ཉིན་གཞིས་ཀ་བསམ་གྲུབ་རྩེའི་རྫོང་གི་ཚོམས་ཆེན་དུ་སེར་སྐྱ་བགྲང་གིས་མི་ལང་བའི་དབུས་སུ་གསེར་གྱི་ཁྲི་འཕང་མཐོན་པོར་༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ཞབས་སོར་འཁོད་པ་དང༌། གུ་ཤྲི་ཁང་གིས་མཎྜལ་སྐུ་གསུང་ཐུགས་རྟེན་རྒྱལ་བའི་འཕེལ་གདུང་སོགས་རྟེན་འགངས་ཆེན་དུ་མ་དང༌། རིན་ཆེན་སྣ་ལྔས་སྣེ་དྲངས་ཏེ། སྨད་རྒྱ་ནག་གི་ས་མཚམས་ནས་སྟོད་རྒྱ་གར་གྱི་ས་མཚམས་བར་གྱི་བོད་ཁམས་ཡོངས་རྫོགས་འབངས་སུ་ཕུལ་བ་དང༌། རྒྱལ་པོ་རང་ཉིད་རིགས་རྒྱུད་མཁར་དབང་བཅས་ཕུལ་ཏེ། ༸གོང་ས་ལྔ་བ་ཆེན་མོ་མཆོག་ལ་བོད་གངས་ཅན་གྱི་ཆོས་སྲིད་ལུགས་གཉིས་ཀྱི་མངའ་དབང་ཆ་ཚང་ཕུལ་ནས་རང་རེའི་གཞུང་ས་དགའ་ལྡན་ཕོ་བྲང་ཆེན་པོ་དབུ་བརྙེས་ཏེ། བོད་ཁམས་ཡོངས་རྫོགས་གོང་བུ་གཅིག་སྒྲིལ་སའི་དབང་ཕྱུག་སྲོང་བཙན་སྒམ་པོའི་སྐབས་བཞིན། འཕགས་མཆོག་ཕྱག་ན་པད་མོའི་བཀའ་ལུང་གིས་དབང་བསྒྱུར་ནས་ཐོག་མའི་ཆར་དགའ་འོས་པ་ཞིག་བྱུང་འདུག་ཀྱང༌། ཕྱི་ལོ་༡༦༨༢་ལོར་ལྷ་མིའི་རྣམ་འདྲེན་༸གོང་ས་༸རྒྱལ་མཆོག་ལྔ་བ་ཆེན་མོ་མཆོག་དགུང་གྲངས་༦༦་ཐོག་དགོངས་པ་གཞན་དོན་དུ་གཤེགས་པ་དང༌། དེ་རྗེས་སྐབས་དེའི་སྡེ་སྲིད་སངས་རྒྱས་རྒྱ་མཚོར་རྙོག་འཛིང་འགལ་རྐྱེན་སྣེ་མང་འཕྲད་པ་དང༌། རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་མཛད་འཕྲིན་ལ་བར་ཆད་བྱུང་བ་སོགས་རིམ་གྱིས་ཕྱི་ནང་གི་འགལ་རྐྱེན་སྣེ་མང་གིས་གཞན་དབང་དུ་ཕྱིན་ཏེ། གཞུང་ས་མཆོག་ནས་ཀྱང་ཐ་གུ་སྣེ་ཤོར་གྱི་དཔེ་ལྟར་བོད་རྒྱལ་ཁབ་ཆེན་པོའི་མཐའ་མཚམས་ཁག་སྣང་མེད་དུ་འཇོག་དྲགས་པས་རང་རང་གི་ཐད་ནས་རང་ས་རང་སྲུང་མི་བྱེད་མཐུ་མེད་དུ་གྱུར་འདུག

ཨ་ལྕགས་འབྲིའི་དཔོན་རིགས་ཚོའི་མངའ་ཐང་ལ་འགྱུར་བ་ཕྱིན་པ་དང༌། ཨ་སྤོ་ལྡོང་གི་དཔོན་རིགས་རྣམས་ཀྱི་མངའ་ཐང་ཡར་དར་སྐོར།

མཁས་དབང་དམུ་དགེ་བསམ་གཏན་གྱིས་བརྩམས་པའི་བོད་ཀྱི་ལོ་རྒྱུས་ཤོག་གྲངས་༢༥༦པར། དཔོན་ཇུ་ནང་གིས་དམག་དྲངས་ཏེ། མགོ་ལོག་བཏུལ་ནས་མངའ་འོག་ཏུ་བསྡུས། དེ་ནས་བཟུང་མགོ་ལོག་གི་ཆབ་སྲིད་ལ་ཉམས་རྒུད་བྱུང་སྟེ། ར་མདོ་མ་གཏོགས་རྔ་བ་དང༌། འཛམ་ཐང་སོགས་རང་མགོ་རང་གིས་བཟུང༌། ཞེས་གསུངས་པ་ལྟར། དེ་རྗེས་རིམ་ཀྱིས་མགོ་ལོག་ཁག་གསུམ་གྱི་ཨ་ལྕགས་འབྲིའི་གདུང་རྒྱུད་ཀྱི་དཔོན་རིགས་ཚོའི་ཆབ་སྲིད་ལ་ཉམས་རྒུད་བྱུང་བ་དང༌། དུས་མཉམ་དུ་སྔར་ཕག་ཐར་གྱི་ལུང་བསྟན་ལྟར་མགོ་ལོག་རང་ཁོངས་ཀྱི་ཨ་སྤོ་ལྡོང་གི་རིགས་རྒྱུད་དབལ་ཤུལ་སྟག་སྐྱབས་ཀྱི་གདུང་རྒྱུད་དབལ་ཤུལ་དཔོན་རབས་ཚོའི་ཆབ་སྲིད་ཀྱི་མངའ་ཐང་ཆེར་རྒྱས་ཏེ། སྔ་དུས་མགོ་ལོག་ཁག་གསུམ་གྱི་དཔོན་རིགས་ཚོའི་ཆབ་འབངས་སུ་གྱུར་པའི་ལི་ཁོག གཙང་ཁོག གཡུ་ཁོག སྒེག་ཁོག་ཡན་ཆད་ནས་རྡོ་ཁོག བྱ་ཁོག གསེར་ཁོག འོམ་ཁོག སྙི་ཁོག ཟླ་ཁོག་སོགས་ལུང་ཆེན་ཕལ་ཆེ་བ་ཞིག་ལ་དབང་བསྒྱུར་ཏེ། སྡེ་མི་ཚང་ཁྲི་གཉིས་ལྷག་གི་བདག་ཉིད་ཅན་གྱི་དབལ་ཤུལ་དཔོན་ཚང་ཟེར་བ་དེ་བྱུང་འདུག་ལ། དེ་ལྟའི་ཡུལ་སྡེ་ཕལ་ཆེ་བ་དེ་སྔོན་ཨ་ལྕགས་འབྲིའི་རིགས་རྒྱུད་ཀྱི་མགོ་ལོག་ཁག་གསུམ་གྱི་ཆབ་འབངས་ཡིན་པ་དང༌། ཕྱིས་ཀྱི་གསེར་རྟའི་དབལ་ཤུལ་གྱི་དཔོན་རིགས་རྣམས་ཀྱང་སྔ་དུས་མགོ་ལོག་གི་མངའ་ཁོངས་ནས་ཡིན་པ་སོགས་རྒྱུ་མཚན་ཤེས་མཁན་ཚོས་དེང་དུས་ཀྱང་མགོ་ལོག་གསེར་རྟ་ཞེས་འབོད་པ་དང༌། ཕྱིས་ནས་དབལ་ཤུལ་དཔོན་རབས་ཚོའི་མངའ་འབངས་ཡིན་ཕྱིར་དབལ་ཤུལ་གསེར་རྟ་ཞེས་དང༌། མགོ་ལོག་དབལ་ཤུལ་གསེར་རྟ་ཞེས་སོགས་ཁྱད་པར་གང་ཡང་མེད་པའི་ཡོངས་གྲགས་ཀྱི་མིང་དེ་ལྟར་ཐོགས་པ་ཞིག་རེད། དེ་ཡང་དབལ་ཤུལ་དཔོན་ཚང་གི་དཔོན་རབས་ཚོར་གསེར་རྟའི་ཡུལ་ཁམས་ཡོངས་ཀྱིས་བླ་དཔོན་གཅིག་ལྕོགས་ཀྱི་འདུ་ཤེས་ཀྱིས་ཕྱག་དབང༌། ཕྱག་མདུད། མཇལ་ཁ་སོགས་སུ་ཐོབ་ཀྱིས་དད་པ་འཇོག་བཞིན་ཡོད་སྐོར་ནི་མཁས་དབང་ནམ་མཁའི་ནོར་བུའི་བྱང་འབྲོག་གི་ལམ་ཡིག་ནང་གསལ་ལྟར་རོ། །དེ་ལྟར་འབྱུང་དགོས་པའི་རྒྱུ་མཚན་ནི། དཔོན་རབས་དེ་དག་ནང་ཆོས་ཕྱོགས་ནས་མངོན་ཤེས་དང༌། གྲུབ་རྟགས་ཅན་གང་མང་ཞིག་རིམ་བཞིན་བྱུང་ཡོད་པ་དང༌། ཆབ་སྲིད་ཀྱི་ཕྱོགས་ནས་འབངས་ལ་བྱམས་བརྩེ་ཆེ་བ་དང༌། གཞུང་རྒྱུད་དྲང་ཞིང་ཐུགས་གཤིས་འཇམ་པ། མཁྱེན་དཔྱོད་ཀྱི་མངའ་བདག་ཤ་སྟག་བྱུང་འདུག་པ་དང༌། ཁོང་ཚོས་ལོ་བརྒྱ་ཕྲག་གསུམ་ལྷག་རིང་གསེར་རྟའི་ཡུལ་སྡེ་བསྐྱངས་ཤིང༌དེའི་རིང་མ་རབས་སྡིག་ལས་ཀྱི་རིགས་རྐུ་འཕྲོག་བཅོམ་གསུམ་སོགས་བཀག་སྡོམ་དང༌། རི་རྒྱ་ཀླུང་རྒྱ་བསྡམས་པ་དང༌། ཤིན་ཏུ་ཐལ་ཆ་ཆེ་བའི་ཉེས་ཅན་པ་ཡིན་ཡང༌ཐབས་མཁས་ཀྱིས་རྒྱུ་དངོས་སོགས་ཉེས་ཆད་གཅོད་རྒྱུ་ལས་གཞན་དུ་དབང་པོ་ཁུངས་ནས་འདོན་མི་ཆོག་པ་དང་། མགོ་དང༌། ཡན་ལག་ཉིང་ལག་གཅོད་འབྲེག་མི་ཆོག་པར་མ་ཟད་ལུས་ཐོག་ནས་སྡུག་སྦྱོང་མནར་གཅོད་གཏང་མི་ཆོག་པའི་སྐོར་དང༌། བླ་གྲྭ་སེར་མོ་བའི་རིགས་ལ་སྐྱབས་གནས་དངོས་ཀྱི་འདུ་ཤེས་འཇོག་དགོས་པ་ལས་དག་རྒྱབ་སོགས་ཀྱི་ཆེད་མནའ་བསྒག་མི་ཆོག་པ་སོགས། དབལ་ཤུལ་དཔོན་ཚང་གི་ཁྲིམས་ཡིག་ནང་གཏན་འབེབས་ཀྱིས་ལག་བསྟར་འདེབས་བཞིན་ཡོད་པ་དང༌། དབལ་ཤུལ་གསེར་རྟའི་དཔོན་རབས་སོ་སོའི་རིང་ལ་མི་མང་ས་ནས་ཁྲལ་འུ་ལག་ཅུང་ཟད་ཀྱང་ལེན་རྒྱུའི་ལུགས་སྲོལ་གཏན་ནས་མེད་པ་སོགས་ཀྱང་མཁས་དབང་ནམ་མཁའི་ནོར་བུའི་བྱང་འབྲོག་གི་ལམ་ཡིག་ཏུ་གསལ་བ་ལྟར་རོ། །

མདོར་ན་བོད་ཆོས་རྒྱལ་གོང་མའི་སྐབས་ཀྱི་ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སྲོལ་དང་ཕྱོགས་ཐམས་ཅད་ནས་ཆ་འདྲ་བ་ཞིག་གི་སྒོ་ནས་རྒྱལ་སྲིད་བསྐྱངས་ཡོད་པ་དང༌། ཡུལ་སྡེའི་ནང་ཁུལ་འཁྲུགས་རྩོད་འགྲིག་མིན་སོགས་ཧ་ཅང་ཐལ་ཆ་ཆེ་བ་བྱུང་སྐབས་མཚམས་རེར་ཞིབ་དཔྱོད་པ་གཏང་རྒྱུ་དང༌། སྐབས་རེར་བཀའ་འགུག་དང༌། རང་མོས་ཅི་རིགས་ཀྱིས་དབལ་ཤུལ་དཔོན་ཚང་གི་རྒྱལ་སྒོར་ཕྱིན་ནས་འགྲིག་མཐུན་དང་། ལྷིང་འཇགས་གཏང་རྒྱུ་ལས། རྒྱུན་དུ་མི་མང་རྣམས་ཡ་རབས་ཚུལ་མཐུན་གྱིས་སྤྱི་ཚོགས་ཀྱི་འཚོ་བར་རོལ་བ་ལ་དཔོན་གྱི་ངོས་ནས་དེ་ལ་སྟངས་འཛིན་ཅི་ཡང་མེད་པར་མངའ་འབངས་ཀུན་རང་བསམ་རང་མོས་ཀྱིས་རང་དབང་ཞི་བདེར་གནས་ཆོག་པ་སོགས་ཀྱིས་ཡིན་འདུག

  ལྡོང་དབལ་སེ་སྐྱབས་ནས་བརྒྱུད་མདོ་སྨད་མགོ་ལོག་གསེར་རྟའི་དབལ་ཤུལ་དཔོན་ཚང་གི་བྱུང་རབས

དེ་ཡང་རུས་མཛོད་ཁག་ཏུ། ལྡོང་ཆེ་གཉན་ཅན་ཞེས་དབུ་འཕང་མཐོ། །ཞེས་དང༌། རི་རྩེ་མོ་གསུམ་དེ་ལྡོང་ལ་ཐོབ། །ལྡོང་ཞྭ་མགོ་མཐོ་བ་དེ་ནས་བྱུང༌། །ཞེས་རི་རྩེ་མོ་གསུམ་གྱི་དཔེ་ལྟར་ལྡོང་གི་རིགས་རྒྱུད་དབུ་འཕང་མཐོ་བར་གྲགས། དེ་ཡང་ཕུ་བོ་ལྡོང་དང་ཡུམ་མཆོག་འབྲི་སྣ་མ་ཞེས་པ་ལས་བྱུང་བའི་རིགས་ལ་ལྡོང་ཞེས་གྲགས་ཤིང༌། དེའི་མིང་གི་རྣམ་གྲངས་ལ་ཨ་སྤོ་ལྡོང་དང་ལྷ་ལྡོང་ཞེས་སོགས་ཡོད་པར་བཤད། དེ་ལ་དབྱེ་ན་དཀར་བོ་ལྡོང༌། ནག་པོ་ལྡོང་། ཁྲ་བོ་ལྡོང་། སྨུག་པོ་ལྡོང་སོགས་སུ་གྲགས་པའི་ལྡོང་རིགས་ལས་མཆེད་པའི་ལྡོང་ཤུལ་ཆེན་བཅྭོ་བརྒྱད་ཅེས་པ། དབལ་ཤུལ། འཕན་ཤུལ། ཕྱག་ཤུལ། རག་ཤུལ། མགོ་ཤུལ། ཧ་ཤུལ། མ་ཤུལ། ཉན་ཤུལ། ཕྱུག་ཤུལ། རུ་ཤུལ། ཚེ་ཤུལ། ཚོགས་ཤུལ། སྨན་ཤུལ། ཁྲོ་ཤུལ། རྟ་ཤུལ། ཁྱི་ཤུལ། ཆོས་ཤུལ། སྤང་ཤུལ་ཞེས་ཡོད་པའི་ནང་ཚན་དབལ་ཤུལ་ཞེས་པ་ནི་ལྡོང་དབལ་སེ་སྐྱབས་སམ། དབལ་ཆུ་སྐྱབས་ཀྱི་ཤུལ་དུ་ཡོད་པའི་གདུང་རྒྱུད་ལ་ཟེར་ཞིང༌། དེ་ཡང་ལྡོང་དབལ་སེ་སྐྱབས་ཀྱི་རྒྱུད་དུ། དབལ་ཤུལ་ཕུར་བ་སྐྱབས་སམ། དབལ་ཤུལ་ཕུར་བ་ཐར་རམ། མཚང་མིང་དུ་ལྡོང་མི་ནག་གུ་གི་ར་སྐད་ཅེས་པ་བྱུང་བ་དེའི་བུ་གེ་ལི་དང༌། གེ་ལི་ལ་བུ་བཞི་བྱུང་བ་གེ་རྩེ། གེ་རྒྱལ། གེ་འཕན། བནྡེ་སྐྱབས་སམ། བན་ཞར་བཅས་བཞི་བྱུང༌། བནྡེ་སྐྱབས་སམ། བན་ཞར་གྱིས་སྨྲ་རོང་ནག་ཏུ་ཞེས་པར་མཁར་བརྩིགས་ནས་བསྡད་པའི་དབལ་ཤུལ་མཁར་གསར་ཚང་ཐོགས་ཤིང༌། དེའི་བུ་དབལ་ཤུལ་གཡུང་དྲུང་དབང་ཞེས་པ་ནས་མི་རབས་འགའ་ཞིག་སོང་མཚམས་སུ། དབལ་ཤུལ་གཤེན་རབས་འཕན་ཞེས་པའི་མི་དཔའ་རྩལ་ཅན་ཞིག་བྱུང་བ་དེ་ལ་བུ་ཆེ་བ་དབལ་ཤུལ་ཁྲོ་ཁོ། འབྲིང་བ་བན་ཞར། ཆུང་བ་བཀྲ་ཡག་དང་གསུམ་བྱུང་བའི་གཉིས་པ་དབལ་ཤུལ་བན་ཞར་གྱིས་རྡོ་སྟོད་རྗེ་མདའ་ནང༌དང༌། ཡག་མདའ་ནང་གི་ས་ཆ་མགོ་ལོག་ལ་བསླངས་ནས་དེར་མཁར་གཞི་བཟུང་ནས་བསྡད་པ་དེའི་བུ་དབལ་ཤུལ་སྟག་ལྷ་སྐྱབས་ཡིན། སྟག་ལྷ་སྐྱབས་ཀྱིས་མགོ་ལོག་འབུམ་ཕྱུག་རྒྱལ་གྱི་སྲིང་མོ་ཆུང་མར་བླངས་པར་བུ་ཆེ་བ་སྟག་ལྷ་འཕན་དང༌། ཆུང་བ་འབུམ་ཕྱུག་རྒྱལ་གཉིས་ཡིན། མདོ་སྨད་ཆོས་འབྱུང་དུ་སྟག་ལྷ་འཕན་གྱི་རྒྱུད་པ་ཤོས་ནང་དུ་རུ་བ་བྱས་ནས་བསྡད་པའི་རྒྱུད་པ་གསེར་ (རྟ)ཐར་དཔོན་རིགས་ཡིན་གསུངས་ཀྱང་། མགོ་ལོག་རུས་མཛོད་དུ་སྟག་ལྷ་འཕན་ལ་བུ་མེད། འབུམ་ཕྱུག་རྒྱལ་ལ་བུ་ཡོད། ཅེས་གསལ་བས་དེ་ལྟར་ན། འབུམ་ཕྱུག་རྒྱལ་གྱི་བུ་ཆེ་བ་བླ་མ་རྒྱལ་དང༌། ཆུང་བ་སངས་རྒྱས་འབུམ་གཉིས་ཡིན་ཞིང༌། འདི་གཉིས་ལ་དབལ་ཤུལ་བླ་སངས་གཉིས་ཀྱང་ཟེར། བླ་མ་རྒྱལ་གྱི་བུ་བླ་མ་སྐྱབས་ཡིན། བླ་མ་སྐྱབས་ཀྱིས་ཨ་བོས་བཟའ་ཞིག་བསུས་པར་བུ་ཆེ་བ་བསྟན་འཛིན་ནས་ཆུང་བ་དབལ་ཤུལ་ཤཱཀྱ་ཐར་བར་བུ་སྤུན་བདུན་ཡོད་ཅིང་ཨ་བཟའ་བུ་བདུན་དུ་གྲགས་སོ། །

རྩོམ་པ་པོ་ཧོར་གཙང་འཇིགས་མེད་ཀྱིས་བརྩམས་པའི་མདོ་སྨད་ལོ་རྒྱུས་ཆེན་མོའི་གླེགས་བམ་གཉིས་པའི་ཤོག་ངོས་༥༥༤་བའི་སྒང་ནས་མར་བརྩིས་པའི་ཐིག་ཕྲེང་༡༡་པར། རུས་མཛོད་དུ་བཤད་པ་ནི་སྔར་སྟག་ལྷ་འཕན་ལ་བུ་མེད་པའི་སྐབས་ཀྱི་གནས་ཚུལ་ཡིན་ལ། ཕྱིས་རུ་བ་ལོགས་སུ་བུད་དེ་རང་ལོ་ཞེ་དགུའི་སྟེང་བུ་སྐྱེས་པ་ཡིན་པས་ལོ་རྒྱུས་ལ་ཞིབ་གཟིགས་མ་གནང་བ་ཙམ་ཡིན་ནོ། །ཞེས་གསུངས་པ་ཤིན་ཏུ་མད་དེ། དབལ་ཤུལ་སྟག་ལྷ་འཕན་དགུང་ལོ་ཞེ་དགུའི་ཐོག་སྲས་དབལ་ཤུལ་ཤཱཀྱ་འབུམ་འཁྲུངས་འདུག་གོ །དབལ་ཤུལ་ཤཱཀྱ་ཐར་གྱི་བུ་རྟ་མགྲིན་ཡག དེའི་སྲས་མགོན་ལི། དེའི་སྲས་རབ་བསྟན། དེའི་སྲས་དབང་ཆེན་དང༌། དཀའ་ཐུབ་གཉིས་སོ། །དབང་ཆེན་གྱི་སྲས་ལྷ་སྲས་བསོད་ནམས་རྡོ་རྗེ་དང༌། དབལ་ཤུལ་མགོན་རྡོར་གཉིས། ལྷ་སྲས་བསོད་ནམས་རྡོ་རྗེའི་སྲས་དབལ་ཤུལ་ལྷ་སྲས་བསོད་ནམས་ནོར་བུ་དང༌། བསོད་མགོན། བསོད་རྒན་སྤྲུལ་སྐུ་དང༌། མགོན་དགྲ་རྣམས་ཡིན། ལྷ་སྲས་བསོད་ནམས་ནོར་བུའི་སྲས་དབོན་སྤྲུལ། མཁྱེན་ལོ། རིག་ལོ། དབལ་ཤུལ་དཔོན་བླ་བསོད་ནམས་སྙན་གྲགས་རྣམས་དང༌། དམེ་རྒྱལ་དཔལ་མགོན་འཕྲིན་ལས་རབ་བསྟན་ཡང་འབོས་པ་ཞིང་སྐྱོང་གི་བུ་ཐོབ་ཡིན་ཡང༌། དོན་ལ་དབལ་ཤུལ་ལྷ་སྲས་བསོད་ནམས་ནོར་བུའི་བུ་ཡིན་ཞེས་གསེར་རྟའི་ལོ་རྒྱུས་གསར་བསྒྲིགས་བློ་ལྡན་མིག་གི་བདུད་རྩིར་གསལ། གོང་གི་དབལ་ཤུལ་མགོན་རྡོར་གྱི་སྲས་དབལ་ཤུལ་བཀའ་སྡོད་མགོན་པོ་ཡིན། དེའི་སྲས་དབལ་ཤུལ་སྐལ་བཟང་མགོན། དེའི་སྲས་བོད་རབ་བྱུང་༡༥་བའི་མེ་འབྲུག ཕྱི་ལོ་༡༩༡༦་ལ་འཁྲུངས་ཤིང་། ཕྱི་ལོ་༡༩༥༩་ ལོར་རྒྱ་དམར་གྱིས་བཀྲོངས་པའི་དབལ་ཤུལ་བསྟན་འཛིན་མགོན་ནམ། དབལ་ཤུལ་རིག་འཛིན་དོན་གྲུབ། དེའི་སྲས་བོད་རབ་བྱུང་༡༦་པའི་ཆུ་སྦྲུལ། ཕྱི་ལོ་༡༩༥༣་ལོར་འཁྲུངས་པའི་ད་ལྟ་ཞལ་འཚོ་བཞུགས་དབལ་ཤུལ་ཚེ་སྒྲུབ་མགོན་དང༌། བོད་རབ་བྱུང་༡༦་པའི་ས་ཁྱི་ཕྱི་ལོ་༡༩༥༨་ལོར་འཁྲུངས་ཤིང་། དེང་ཞལ་འཚོ་བཞུགས་དབལ་ཤུལ་ཡེ་ཤེས་རྡོ་རྗེ་གཉིས་ཡིན། གོང་གསལ་དབལ་ཤུལ་བསོད་ནམས་མགོན་གྱི་སྲས་དབལ་ཤུལ་ཆོས་སྐྱོང་མགོན་དང༌། དབལ་ཤུལ་པད་ཚུལ་གཉིས་ཡིན་ཞིང༌། མགོ་ལོག་དབང་ཆེན་མདོ་སྡེའི་དཔོན་རྒྱུད་ཆད་ནས་དཔོན་ས་སྟོངས་སོང་བར་བརྟེན། ཁོང་གཉིས་ཀྱིས་མགོ་ལོག་དབང་ཆེན་འབུམ་གྱི་དཔོན་ས་བསྐྱངས་ཡོད་པ་རེད། དེ་ཡང་མགོ་ལོག་དབལ་ཤུལ་གསེར་རྟ་དང༌། མགོ་ལོག་དབང་ཆེན་འབུམ་ཚང་གཉིས་མགོ་ལོག་ནང་ཚགས་ཡིན་པ་དང༌གཅིག ལོ་ངོ་བརྒྱ་ཕྲག་མང་པོའི་འབྲེལ་ལམ་དམ་ཟབ་གཞི་ལ་བཞག་ནས་དབང་ཆེན་འབུམ་ཚང་གིས་དཔོན་སར་གདན་འདྲེན་ཞུ་རྐྱང་དང༌། གསེར་རྟའི་དབལ་ཤུལ་དཔོན་ཚང་གིས་ཀྱང་དཔོན་སར་མངགས་རྐྱང་བྱས་པ་ཞིག་རེད།

  སྙན་གྲགས་རྒྱ་བོད་ཧོར་གསུམ་དུ་ཁྱབ་པའི་དབལ་ཤུལ་འབུམ་སྐྱབས་ཡག་དང༌། མགོ་ལོག་ཚེ་རྒྱལ་ཕྱུག་དབོན་ཞང་གཉིས་ཀྱི་ངོ་སྤྲོད་སྙིང་བསྡུས།

འདིར་སྔོན་བྱུང་ལོ་རྒྱུས་ལ་གསལ་ཁ་ཡོང་ཕྱིར་གོང་དུ་དབལ་ཤུལ་གསེར་རྟའི་དཔོན་རྒྱུད་བྱུང་རབས་སྐབས་ཀྱི་དབལ་ཤུལ་འབུམ་ཕྱུག་རྒྱལ་གྱི་བུ་ཆེ་བ་བླ་མ་རྒྱལ་དང༌། ཆུང་བ་སངས་རྒྱས་འབུམ་གཉིས་ཀྱི་བྱམས་བརྩེ་དང༌། དྲང་བདེན་གྱི་ཁྲིམས་ལུགས་སོགས་ལ་དེང་སྐབས་ཀྱང་གསེར་རྟའི་མི་སྣ་རྒན་རིམ་པའི་ཁྲོད་ཀྱི་ངག་རྒྱུན་དུ་དབལ་ཤུལ་བླ་སངས་ཀྱི་ཁྲིམས་ཞེས་གྲགས་ཡོད་པར་མ་ཟད། ཕྱིས་ཀྱི་དབལ་ཤུལ་དཔོན་རབས་ཚོའི་ཁྲིམས་ལུགས་ཀྱང་དེར་གཞི་བཅོལ་ཡོད་པ་རེད། དབལ་ཤུལ་སངས་རྒྱས་འབུམ་གྱི་སྲས་ནི་དབལ་ཤུལ་འབུམ་སྐྱབས་ཡག་ཡིན།

དེ་ཡང་དབལ་ཤུལ་བསོད་ནམས་དར་རྒྱས་ཀྱིས་བརྩམས་པའི་གསེར་ཐལ་གྱི་ལོ་རྒྱུས་དང་སྲོལ་རྒྱུན། ཞེས་པ་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༦་ཟླ་༡༢་ནང་དཔར་བའི་ཤོག་ངོས་༣༧་པའི་ཐིག་ཕྲེང་༡༥་བར། གསེར་ཡུལ་ལ་དབལ་ཤུལ་བྱུང་རིམ། གསེར་རྟའམ་གསེར་ཐང་གི་ཕྱོགས་ཀྱི་དབལ་ཤུལ་ནི་གོང་དུ་བརྗོད་པའི་དབལ་ཤུལ་འབུམ་ཕྱུག་རྒྱལ་གྱི་བུ་ཆེ་བ་བླ་མ་རྒྱལ་དང༌། ཆུང་བ་སངས་རྒྱས་འབུམ་གཉིས་ཡིན། བླ་མ་རྒྱལ་གྱི་བུ་བླ་མ་སྐྱབས་ཡིན། སངས་རྒྱས་འབུམ་གྱི་བུ་འབུམ་སྐྱབས་ཡག་ཡིན། དབལ་ཤུལ་སངས་རྒྱས་འབུམ་དང༌། དབལ་ཤུལ་བླ་མ་སྐྱབས་གཉིས་ལ་ཚངས་པ་ཆེན་པོ་སོག་རྒྱལ་པོ་ཀུན་དགའ་དཱ་ཆིང་དང༌དགའ་ལྡན་ཨིར་དྷི་ནི་ཇུ་ནང་སོགས་ཀྱིས་བཀའ་ཡི་ལུང་གིས་ཆེད་དུ་བསྔགས་པ་དབལ་ཤུལ་བླ་སངས་གཉིས་ཞེས་ཆེ་བསྔགས་ཟུང་དུ་བསྩལ། ཁོང་གཉིས་ཀྱི་ཕྱི་ཁྲིམས་དང༌། ནང་ཁྲིམས་ཀྱི་ཁྲིམས་གཞུང་བཀོད་པ་ལ་དབལ་ཤུལ་བླ་སངས་ཀྱི་ཁྲིམས་ཞེས་གནའ་མིའི་ངག་རྒྱུན་དུ་ཡོད། ཅེས་པ་ལྟར་དང༌།

རུས་མཛོད་མེ་ཏོག་སྐྱེད་ཚལ་ལམ། མགོ་ལོག་རུས་མཛོད་མཚོ་སྔོན་དཔར་མའི་ཤོག་ངོས་༦༣་པའི་ཐིག་ཕྲེང་༡༢་པར། ཚེ་རྒྱལ་ཕྱུག་ལ་བུ་མོ་གཅིག་གཉིས་ལས་མེད་དུས། སོག་པོའི་རྒྱལ་པོ་ལ་མགོ་མ་བཏགས་པས། སོག་པོའི་གཡོ་ཐབས་ཀྱིས་དབལ་ཤུལ་འབུམ་སྐྱབས་ཡག་དང་ཞང་ཚན་གཉིས་ཀ་བཙོན་དུ་བཟུང་ཡང་ད་རུང་མགོ་མ་བཏགས་ནས་སོག་ཡུལ་དུ་ཁྲིད་དེ། བཙོན་ཞབས་ནས་རྐང་ལྕགས་བཅས་ཐལ་སྐེ་ལ་ཀོ་བ་མཉེད་བྱེད་བཅུག་ལ་ལོ་གསུམ་ཡིན་དུས་ཞང་བོ་ནས། ད་ནི་མགོ་བཏགས་ནས་བདག་རྐྱེན་བཟང་པོ་རེ་ལེན་ནས་ཡུལ་དུ་སོང་ན་མྱི་ཁ་མེད་ཟེར་བར། ད་རུང་ལོ་གཅིག་ཙམ་དུ་བསྡད་ན་མགོ་མི་བཏགས་ནས་ཤོར་ཐབས་འདྲ་ཡོད་སྲིད་ཟེར་ནས་བསྡད་པའི་ཉིན་རྣམས་སུ་ཐེ་ཇི་ཆུང་བ་རྣམས་ཀྱིས་རྩེ་ཞོར་དུ་བཙོན་པ་རྣམས་ལ་ཁ་ངན་ལག་རྩེད་བྱེད་དེ། མདའ་ཆུང་གཞུ་ཆུང་གིས་ཁ་ངོ་ལའང་འཕེན་པར། ཚེ་རྒྱལ་ཕྱུག་ནས། ཨ་ཞང་ལགས། ད་ནི་ཤི་ན་དགའ་འདུག་ཟེར་ནས་ཁྲོ་ལངས་དུས། ཨ་ཞང་ནས། དེ་འདྲ་མ་ཟེར་སྐྱོན་མེད། མིག་ནང་ཚོ་ལ་མ་བརྒྱབ་ན་དེ་རེད། ཁྲོ་ལངས་དགོས་མེད། ཡང་ན་མགོ་བཏགས་རན། ལར་ད་ཙམ་ན་མགོ་ལོག་དབལ་ཤུལ་ཐམས་ཅད་ཀྱིས་མགོ་སོག་པོ་ལ་ཤོར་ཡོད་བསམ་ཟེར་བར། ཉིན་གཅིག་ཨི་ཏི་ཁ་ཐེ་ཅི་ཟེར་བ་ལ། ཁྱོད་ཚུར་བདག་ལ་འཕོངས་དང༌ང་ཡི་མིག་ནང་འདིར་གཅིག་ཨེ་ཕོག་ལྟ་ཟེར་ནས། མིག་བསྟན་དེ་ཐེ་ཇི་ཚུར་བཏུད་པར་ཐག་ཉེ་སྐབས། དབྱུག་པས་ཐེ་ཇིའི་མགོ་ལ་བརྒྱབ་ནས་ཐེ་ཇི་བསད་པར། སོག་པོ་རྣམས་བརྒྱུགས་ནས་འོང་བར། འབུམ་སྐྱབས་ཡག་ནས་ང་རང་ཡིན་ཟེར་བར། ཚེ་རྒྱལ་ཕྱུག་ནས་ང་རང་ཡིན་ཟེར་ཏེ། ཧོས་ཤོས་ཁ་ཤི་ཁ་ཡང་བསད་པས། ཚེ་རྒྱལ་ཕྱུག་ངན་གསོད་བྱས། འབུམ་སྐྱབས་ཡག་གི་དེའི་ལོ་གཅིག་གི་སྣེ་ནས་ལག་པ་གཡས་ཀྱི་གོང་མོ། སྲིན་ལག མཐེའུ་ཆུང་གསུམ་བཅད་ནས། རྒྱ་ནག་ཕོ་བྲང་དུ་ཁ་བསྐོར་ནས་སྤྱུགས་པར་ཟི་ཁྲོན་ཁྲིན་དུ་དང༌། རྒྱལ་རོང་བརྒྱུད་ནས་སླར་རང་ཡུལ་དུ་ཐོན་ནོ། །ཤུལ་ནས་མོ་བ་སེང་ཆུང་ཟེར་བས་ཇུ་ཐིག་གི་མོ་བཏབ་པར། དབལ་ཤུལ་འབུམ་སྐྱབས་ཡག་གི་མོ་མདུད་ནི། ས་མལ་སྤོས་ན་དོམ་མར་སྙེགས། དགྲ་བླ་ལྦེར་མ་རང་ཡུལ་ཐར། ཟེར་བ་བབས་འདུག་པས། ཟེར་དཀའ་ཡང་མཐར་རང་ཡུལ་དུ་སླེབས་ཟེར། མགོ་ལོག་ཚེ་ཕྱུག་རྒྱལ་གྱི་མོ་མདུད་ནི། སྔོན་མོ་ཆུ་ཡི་དཀྱིལ་འཁོར་དུ། དམར་པོ་ཁྲག་གི་ཚ་ཚ་འཕྲོ། ཞེས་ཐར་རྒྱུ་མ་རེད་ཟེར་བས། དེའི་སྐབས་ཀྱི་གླུ་གཞས་ལ། ལྐོག་གྱུར་མངོན་སུམ་མཐོང་བ་མོ་སེང་མོ། ཤི་བོ་མངོན་སུམ་མཐོང་བ་ཆོས་རྗེས་སྤྱན། ཟེར་བ་ཆོས་རྗེ་གོ་རྒྱལ་དེ་ཁང་དམར་དུ་བཞུགས་ཡོད་པ། སྟོན་ཟླ་ར་བའི་ཉི་ཤུ་བཞིའི་ཉིན་པར་ཁང་ཐོག་ཏུ་ཁམས་སངས་ལ་བྱོན་ནས་ཡོང་བར། ཐང་ཤིང་རྩ་བར་སྐྱ་མི་འཁོར་གསུམ་སྒྲོག་པ། ཞྭ་ཡི་ཇ་ལ་དམར་སལ་ལེ་བ་ཞིག་ཐོན་ནས་ཞྭ་དེ་ཕུད་ནས་ཡར་བལྟས་པར། མགོ་ལོག་ཚེ་རྒྱལ་ཕྱུག་ཡིན། ང་སོག་པོས་བསད་ཚར་བ་ཡིན། ཨ་ཞང་ད་རུང་མ་བསད་ཚོད་ཡིན། ཁྱེད་ང་ཡི་ཡུལ་དུ་བྱོན་ལ་ང་ལ་ཆོས་ཀྱིས། ཟེར་ནས་ཡལ་སོང་བ་དང༌། ཁ་ཡུལ་བསོད་ནམས་ཁུ་ཚན་མངགས་ནས། ཚེ་རྒྱལ་ཕྱུག་འདས་ཚར་འདུག ང་རང་འོང་རྒྱུ་ཡིན་པས། དེ་ལུགས་ཆོས་བྱོས་དགེ་བླས་མཛོད་ཟེར་བས་བང་ཆེན་མངགས། དེ་ལུགས་མགོ་ལོག་ཚེ་རྒྱལ་ཕྱུག་ལ་རྗེས་ནས་ཆོས་དགེ་བྱས་ཏེ་ཁྲབ་དཀར་གཡུང་སྲུང་མ་དང༌། འབུལ་ཆེན་ཕུལ། ལྷ་ཞིང་སྟེང་ཞབས་སྒྲུབ་མཆོད་ཐེབས་སུ་ཕུལ་ལོ། །ཕྱིས་ནས་འབུམ་སྐྱབས་ཡག་ནས་ཉི་ཤུ་གསུམ་གྱི་དགོང་མོར་ཟངས་རྟ་སྐྱོན་ནས་བསད་པ་ཡིན་ཚུལ་བཤད་པས་ཆོས་རྗེས་མངོན་སུམ་དུ་མཐོང་ཟེར་རྒྱུ་དེ་ཡིན་ནོ། །ཞེས་དང༌། ཡང་དེ་ཉིད་ཀྱི་ཤོག་ངོས་༡༠༥་བའི་ཐིག་ཕྲེང༌༡༢་པར། དབལ་ཤུལ་སངས་རྒྱས་འབུམ་གྱི་བུ་ནི་དབལ་ཤུལ་འབུམ་སྐྱབས་ཡག་ཡིན། འདི་ནི་མི་ཤིན་ཏུ་དཔའ་རྩལ་ཆེ་ཞིང༌། ཁྱད་པར་མདའ་རྩལ་ལ་རྐྱེན་པས་གཞོན་ནུ་སྲིད་སྒྲུབ་ལྟ་བུ་དེ་ཡིན། འདི་དུས་ཀྱི་གླུ་གཞས་ལ། དབལ་ཤུལ་འབུམ་སྐྱབས་ཡག་གི་མདའ་ལོ་ལམ་དུ་འགྲོ། ཆོས་ཤུལ་འབུམ་ཞར་མའི་མདའ་ཟླ་ལམ་དུ་འགྲོ། ཟེར་བ་དེ་བྱུང༌། འདིའི་མདའ་རྩལ་ལ་སོག་པོ་ཨུ་མདོ་ཧའོ་ཐེན་བྱ་ཁྱུང་ལྦམ་མང་སྐྲག་ནས། བཙོན་ནས་གཏོང་དུས། ལག་གཡས་ཀྱི་གོང་མོ་དང༌། སྲིན་ལག མཐེའུ་ཆུང་རྣམས་བཅད། མཐེ་བོང་དང་འཛུབ་མོ་གཅོད་རྒྱུ་ལ་ཁོ་བློ་རྩལ་ཆེ་ནས་རྟེན་འབྲེལ་སྣ་ཚོགས་བསྒྲིགས་པས་སོག་པོའི་རྒྱལ་པོ་ཐུགས་དོགས་བྱུང་ནས་དེ་རྣམས་མ་བཅད་པར། དེ་ནས་བཟུང་མདའ་རྩལ་ཆུང་ཞིག་རྩེ་ནང་དུ་སོང་ཟེར། མི་ལྷ་རིགས་གཙང་སྦྲ་ཆེ་ལ་བསང་གསོལ་རྒྱུན་དུ་བྱེད་པ། རྨི་ལམ་གསལ་བ་ཞིག་དང༌དགྲ་བླ་ཤིན་ཏུ་ཆེ་བ་ཞིག་ཡིན། ལུང་བསྟན་ཞིག་ཏུ། ཤར་གྱི་ཕྱོགས་ནས་འབུམ་གྱི་མིང་ཅན་འབྱུང༌། །དམ་ཅན་སྦྲུལ་མགོ་ཅན་གྱི་རྣམ་འཕྲུལ་ཡིན། །བསྟེན་པར་ལ་ལར་ཕན་ཞིང་ལ་ལར་གནོད། །ལུས་དེ་བོར་ནས་རྨ་ཆེན་དྲུང་དུ་འགྲོ། །གསུངས་ཡོད་ཟེར་རོ། །ཞེས་སོགས་གསུངས།

གོང་གི་ལོ་རྒྱུས་དུམ་བུ་འདི་དག་ཏུ་གསལ་བ་ནི། དབལ་ཤུལ་འབུམ་སྐྱབས་ཡག་དབོན་ཞང་གཉིས་ཀྱིས་སྐབས་དེའི་ཕྱི་རྒྱལ་བཙན་འཛུལ་བ་སོག་པོར་མགོ་མ་བཏགས་པར་བརྟེན། སོག་པོའི་བཙོན་ཁང་ནང་མནར་གཅོད་མྱངས་རབས་སོགས་སྙིང་བསྡུས་ཙམ་རེད། འོན་ཀྱང་གོང་དུ་ཁོང་གཉིས་ཐོག་མར་སོག་པོས་ཇི་ལྟར་བཟུང་རབས་མི་གསལ་བས། ཐོག་མར་སོག་པོས་ཇི་ལྟར་བཟུང་རབས་ཤེས་ན་གནད་དོན་དེ་ནི་རང་ཅག་བོད་མི་རིགས་ནང་རུལ་གྱི་འབྱུང་རྩར་ཐུག་པ་ཞིག་ཡིན་འདུག་པས་ང་ཚོའི་མི་རབས་གོང་མ་ཚོས་བྱེད་སྟངས་དེར། ཀློག་མཁན་ཚོ་ཞེ་མེར་ལངས་པ་ཞིག་དང༌། སྐྱི་གཡའ་བ་ཞིག་རང་བཞིན་གྱིས་ཡོང་ངེས་ཀྱང༌། སླད་ནས་རང་རེ་རྩམ་ཟན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་རང་ཅག་གི་འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་གཞིར་བཞག་སྟེ་ལེགས་སྤེལ་ཉེས་འགོག་གི་བསླབ་བྱ་གང་མང་ལེན་དགོས་པར་སྙམ། དེའི་ཕྱིར་དབལ་ཤུལ་འབུམ་སྐྱབས་ཡག་དབོན་ཞང་གཉིས་ཚུལ་ཇི་ལྟར་འཛིན་བཟུང་བཙོན་འཇུག་བྱས་པའི་སྐོར་ནི།ཀུ་རོང་རྨུག་སངས་བནྡེ་འཇམ་དཔལ་བཟང་པོས་བརྩམས་པའི་ཆོས་རྒྱལ་སྡེ་དགེའི་རྒྱལ་རབས་ཉུང་ངུར་བསྡུས་པ་ངག་གི་ས་བོན་ཨུཏྤལ་ཆུན་པོ་ཞེས་བྱ་བ་ལག་བྲིས་ཤོག་ངོས་༢༨པའི་རྒྱབ་ངོས་ཐིག་ཕྲེང་༣པར། གད་ཐོག་ཚེ་རིང་མགོན་གྱི་བུ་གད་ཐོག་ཞང་སྐྱབས་ནི་དགྲ་སྟོབས་དཔུང་ཤུགས་འགྲན་དུ་མེད་པས་མཚོ་སྔོན་རྒྱལ་པོས་ལྦག(དབལ)ཤུལ་འབུམ་སྐྱབས་ཡག་ཟེར་བ་དགྲ་དཔའ་རྒོད་གླིང་རྒྱ་ཚ་འདྲ་ཞིང༌དེའི་སྐྱེ་བ་ཡིན་པར་གྲགས་པ་དེ་ལ་རྒྱལ་པོས་བཀའ་བཀྱོན་གནང་ནས་བཟུང་དགོས་དུས་བཟུང་མ་ཕོད་པས་གཉེར་བ་ཞང་སྐྱབས་ཀྱིས་བཟུང་ནས་སོག་པོ་ལ་སྤྲད་པས་རྒྱ་སོག་བོད་གསུམ་ལ་གྲགས་པ་ཁྱབ། ཅེས་གསུངས། ལོ་རྒྱུས་འདིར་མགོ་ལོག་ཚེ་རྒྱལ་ཕྱུག་བཟུང་རབས་གསལ་མི་འདུག་ཀྱང་གྲགས་ཆེ་བས་དབལ་ཤུལ་འབུམ་སྐྱབས་ཡག་ཅེས་བྲིས་པ་ལས། དབོན་ཞང་གཉིས་མཉམ་དུ་བཟུང་ནས་སོག་པོ་ལ་སྤྲད་ཡོད་པ་ནི་གོང་གསལ་ལོ་རྒྱུས་ཁག་ལས་དཔག་ནུས།

  གཞན་ཡང་མགོ་ལོག་རུས་མཛོད་ཤོག་ངོས་༡༠༠བའི་ཐིག་ཕྲེང་༤བར། སྔར་ཤིས་སྟོད་རྡ་ཁོག་ཏུ་དགེ་རྩེའི་བླ་མ་ཞབས་དྲུང་ཞེས་པ་རྗེ་རྒྱལ་བ་ཡོན་ཏན་རྒྱ་མཚོའི་ཞབས་དྲུང་དེས་ནེ་ཁེར་འགེལ་ཟེར་བར་སྒྲུབ་སྡེ་དགོན་ཆུང་བྱས་ནས་བཞུགས་པར་ཕྱིས་སུ་དབལ་ཤུལ་འབུམ་སྐྱབས་ཡག་གིས་ས་ཕུད་དེ་གཏོར་བར། མཚོ་སྔོན་པོའི་གཡས་རུ་ལ་སོང་བར་དགེ་རྩེ་དཔོན་ཚང་ཟེར་ལ། རྗེས་ནས་དེའི་མི་རིགས་ཡང་སོག་པོའི་རྒྱལ་པོ་བསྟན་འཛིན་ཝང་ལ་ཇུས་ཉེས་བྱུང་དུས་སུ་ཕྱིར་རང་ཡུལ་དུ་འཁྱར་བ་ད་ལྟ་ཟླ་ཆུ་ཁའི་དགེ་རྩེ་དཔོན་པོ་ཚང་རྗེ་རིགས་དང༌། ཞེས་གསུངས་པའི་ནེ་ཁེར་འགེལ་ཟེར་བའི་ས་ཆ་དེ་ད་ལྟ་དགེ་རྩེ་ཟླ་ཐར་མ་ཚོ་མ་ལག་༡༤་ནང་ཚན་དགེ་རྩེ་ནག་བུད་ཚང་གི་ས་ཆ་ཡིན་ཞིང༌། ནེ་ཁེར་འགེལ་ཞེས་པ་སོག་པོའི་མིང༌ཡིན་ཞིང༌། དེ་དགེ་རྩེ་ཟླ་ཁོག་ཏུ་ཡོད། དེ་བཞིན་ད་དུང་ཟླ་ཁོག་གི་ཟླ་སྟོད་དུ་ཨ་ལྕ་ཏེས། ཞེས་སོག་པོའི་མིང་ཐོག་པའི་ལུང་པ་ཞིག་དགེ་རྩེ་ནག་བུད་ཚང་གི་ས་ཆར་ཡོད་པ་དང༌། དེ་དག་ལ་ད་ལྟའང་སོག་པོའི་མིང་རང་སོར་ས་མིང་ལ་ཐོགས་པ་གང་མང་ཞིག་ཟླ་སྟོད་ཕྱོགས་སུ་ཡོད་པར་བརྟེན། ས་ཆ་ལ་སོག་པོའི་མིང་ད་དུང་གཏན་འཇགས་ཆགས་འདུག་པ་འདི་དག་གིས་སྐབས་ཤིག་མདོ་སྨད་ས་ཁུལ་སྤྱི་མཚུངས་ལྟར་མགོ་ལོག་ཟླ་གསེར་གྱི་ས་ཁུལ་འདི་དག་ལ་སོག་པོས་དབང་བསྒྱུར་ངེས་ཅན་ཞིག་བྱས་པར་མཚོན་ཡོད། དབལ་ཤུལ་འབུམ་སྐྱབས་ཡག་གིས་སྒྲུབ་སྡེ་དགོན་ཆུང་དེ་གཏོར་རྗེས་དགེ་རྩེ་བླ་མ་ཞབས་དྲུང་སོགས་ཁོང་ཚོས་འཕྲལ་དུ་མཚོ་ཁའི་སོག་རྒྱལ་བསྙེགས་ནས་འགྲོ་ལུགས་ལ་བལྟས་ན་གཏོར་དགོས་དོན་ཡང་དགོན་ཆུང་སྒྲུབ་སྡེ་དེ་སོག་པོར་འབྲེལ་ལམ་གཏིང་ཟབ་ཡོད་པར་བརྟེན། ས་ཁུལ་འདི་དག་གཏན་དུ་སོག་པོའི་ལག་ཏུ་འཆོར་ཉེན་མཐོང་ནས་དབལ་ཤུལ་འབུམ་སྐྱབས་ཡག་གིས་དགེ་རྩེ་ཟླ་གསེར་སོགས་མགོ་ལོག་ཡུལ་ཁམས་སྤྱིའི་རང་ས་རང་སྲུང་ཆེད་སྒྲུབ་སྡེ་དེ་གཏོར་ནས་རྒྱང་ཕུད་བཏང་བ་ཞིག་ཡིན་ནམ་སྙམ་པ་སྔ་ཕྱིའི་ལོ་རྒྱུས་ནས་མཐོང་བཞིན་འདུག་ཀྱང་གང་ཡིན་གཟུར་གནས་རྣམ་དཔྱོད་ཅན་ཚོས་དཔྱད་དགོས། མགོ་ལོག་ཚེ་རྒྱལ་ཕྱུག་ནི་མགོ་ལོག་ཚེ་འབུམ་ཐར་དང༌། དབལ་ཤུལ་འབུམ་སྐྱབས་ཡག་གི་སྲིང་མོ་ཆེ་བ་དབལ་བཟའ་མཚོ་ལུ་མ་གཉིས་ཀྱི་སྲས་ཡིན་ཞིང༌། མགོ་ལོག་ཚེ་འབུམ་ཐར་ནི། མགོ་ལོག་དཔོན་ཆེན་ནག་ཐར་དང༌། རྔ་བཟའ་མ་གཉིས་ཀྱི་བུ་ཡིན། མགོ་ལོག་ནག་ཐར་ལ་བུ་བཞི་ཡོད་ཅིང༌། ཁོང་གིས་སོག་པོར་མགོ་མ་བཏགས་པར་གཡུལ་འཁྲུགས་ལན་མང་བྱས་མཐར་ཁོང་དགུང་གྲངས་༨༥་ཐོག་སླར་ཡང་སོག་པོར་འཁྲུགས་འཛིང་སྐབས་སོག་དམག་གིས་མགོ་ལོག་ནག་ཐར་གྱི་རྟ་བསད་ནས་གསོན་བཟུང་བཙོན་འཇུག་གིས་སོག་པོའི་རྒྱལ་པོ་ཐཱི་ཇི་ཤ་ར་སྨར་ཤོད་ས་ཁང་དུ་བཞུགས་ཡོད་པའི་སར་ཁྱེར་བར། སོག་བློན་ཤ་ར་མེ་རྒན་གྱིས་ཁང་རྩ་ནས་ཡར་རྒྱལ་པོ་ལ་བོས་ཏེ། མགོ་ལོག་ནག་ཐར་ནི་སྟག་ཁ་སྤུ་ཞོལ་ལེ་ཁྲིད་ཡོད། བློན་པོ་དམག་དཔོན་རྣམས་ང་མིན་ཚད་འདིས་བསད་ཚར། ཞེས་བོས་པས། རྒྱལ་པོ་སྐྲག་ནས་མདུན་དུ་ཁྱེར་བཅུག་མ་ཕོད་དེ། སྐས་ཁ་ནས་སྟ་རེ་ཅན་འགས་མགོ་ལ་བརྒྱབ་ནས་བསད་དོ། །ཞེས་རུས་མཛོད་མེ་ཏོག་སྐྱེད་ཚལ་གྱི་ཤོག་ངོས་༦༡་པར་གསལ་བ་འདི་དག་གིས་མདོ་སྨད་སྤྱི་དང༌། ལྷག་ཏུ་མགོ་ལོག་ཡུལ་ཁམས་ཀྱིས་སོག་པོའི་བཙན་འཛུལ་ལ་ངོ་རྒོལ་ཡ་ལན་ཇི་ལྟར་བསློགས་མིན་དང༌། མི་རབས་མང་པོའི་རིང་དཀའ་ངལ་གཉའ་གནོན་གྱི་ནམ་ཟླ་ཇི་ལྟར་བསྐྱལ་མིན་སོགས་གསལ་བོ་ཆགས་ཡོང་བའང་ཤེས་དགོས་པས་འཕྲོས་དོན་ཙམ་ཡིན་ནོ། །

  དབལ་ཤུལ་གསེར་རྟའི་ཡུལ་ཁམས་ཀྱི་ས་བབ་ཆགས་ཚུལ་དང༌། སྔོན་དང་ད་ལྟའི་གནས་སྟངས་སྤྱི་བཤད།

  ཕྱི་ལོ་༡༩༥༩་ཡར་སྔོན་གྱི་གསེར་རྟའི་སྣོད་བཅུད་ཀྱི་གནས་སྟངས་ནི་རྡོ་ཁོག་དང༌། གསེར་ཁོག གཡུ་ཁོག གཙང་ཁོག སྒེག་ཁོག ལི་ཁོག སྙི་ཁོག ཟླ་ཁོག་སོགས་སུ་ཁྱབ་ཡོད་ཅིང༌། ཕྱི་ལོ་༡༩༥༩་ལོར་རྒྱ་དམར་གྱིས་བོད་ཡུལ་བཙན་བཟུང་བྱས་རྗེས། དེ་སྔོན་དང་མི་འདྲ་བར་དབལ་ཤུལ་གསེར་རྟའི་ས་ཁུལ་བཅད་བགོས་འདྲ་མིན་བྱས་ཡོད་པ་རེད། དཔེར་ན། གསེར་རྟའི་ལྷོ་ནུབ་ཕྱོགས་ཀྱི་སྟོང་ཟ་ར་སྐོར་ཁག་གསུམ་དཀར་མཛེས་རྫོང་གི་ངོར་སྦྱར། ལྷོ་རྒྱུད་ཀྱི་རྩང་སྟོད་སྨད་གཉིས་དང༌། སྒེག་ཁོག ལི་ཁོག་སོགས་བྲག་མགོ་རྫོང་གི་ངོར་སྦྱར། ཤར་ལྷོའི་ཕྱོགས་ཀྱི་གཡུ་ཁོག་ནི་དཀར་མཛེས་ཁུལ་རྟའུ་རྫོང་ཁོངས་སུ་བཅུག ཤར་མཐའི་ན་མདའ་ཚང་དང༌། རྡོ་སྨད་ཀྱི་ཤུགས་ཆུང་དགོན། གཡུ་ཐོག་དགོན་སོགས་དགོན་པ་དང༌། ལྷ་སྡེ་གང་མང་བཅས་རྔ་བ་ཁུལ་འཛམ་ཐང་རྫོང་ངམ། སྐ་མདའ་རྫོང་གི་ངོར་བཅད། བྱང་ཤར་ཕྱོགས་ཀྱི་རྡོ་གྲུབ་དགོན་དང༌། དེའི་ལྷ་སྡེ་བོ་ཆུང་བླ་རྒྱ། བོ་ཆུང་རུ་སར་མ། བོ་ཆུང་ཆུ་དཀར་མ་སོགས་ད་ལྟའི་མཚོ་སྔོན་ཞིང་ཆེན་མགོ་ལོག་པདྨ་རྫོང་གི་ངོར་སྦྱར་བ་ལྟ་བུ་ཡིན། དེའི་ལྷག་མ་རྣམས་ཀྱི་སྟེང་རྒྱལ་རོང་ཁྲོ་སྐྱབས་ཁོངས་ཀྱི་གསེར་ལྷ་རྩེ་དགོན་དང༌། དེའི་ཡུལ་སྡེ་ཁག་གཅིག་གསར་སྣོན་གྱིས་ཆུས་བཞི་དང༌། ཞང་ཁག་བཅུ་བདུན་ཟེར་བས་གྲུབ་པའི་གསེར་རྟ་རྫོང་ཞེས་པ་བཙུགས་ཀྱང༌། དེང་སྐབས་སླར་ཡང་གསེར་རྟ་རྫོང་ཟེར་བ་དེ་ཀྲིན་གཉིས་དང༌། ཞང་ཁག་༡༥་ལས་གྲུབ་པར་བཟོས་ཡོད།

དེའི་ཕྱིར་སྔོན་གྱི་དབལ་ཤུལ་གསེར་རྟའི་ཡུལ་སྡེ་གང་མང་ཞིག་རྒྱ་དམར་གྱིས་བོད་ཡུལ་བཙན་བཟུང་བྱས་རྗེས། རྫོང་ཁག་གཞན་དང་གཞན་དུ་བཅད་བགོས་འདྲ་མིན་བྱས་ཡོད་པ་ནི་གོང་དུ་མདོར་ཙམ་བཤད་པ་ལྟ་བུ་ཡིན། ད་ལྟའི་གསེར་རྟ་རྫོང་གི་ཁོངས་སུ་སྔར་གྱི་གསེར་རྟའི་ཡུལ་སྡེའི་གནས་ཡུལ་རྡོ་ཁོག་དང༌། གསེར་ཁོག སྙི་ཁོག ཟླ་ཁོག་བཅས་ལུང་ཆེན་བཞི་ལས་གཞན་ཚུད་མེད། དེའི་ཕྱིར་ལུང་ཆེན་བཞིའི་ཆུ་བོ་བཞུར་རྒྱུན་ཇི་ཙམ་བར་གསེར་རྟའི་ཡུལ་སྡེས་ཁྱབ་མིན་ཇི་བཞིན་ཕྲན་གྱིས་ཚད་འཇལ་ཐབས་བྲལ་ཡང༌། ཕྱི་ལོ་༢༠༠༦་ལོར་དབལ་ཤུལ་བསོད་ནམས་དར་རྒྱས་ཀྱིས་བོད་ནང་བརྩམས་པའི་གསེར་ཐལ་གྱི་ལོ་རྒྱུས་དང་སྲོལ་རྒྱུན། ཞེས་པའི་དེབ་ཀྱི་ཤོག་ངོས་༣༦་པའི་ཐིག་ཕྲེང་༣་པར། དྭངས་བསིལ་གྱི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་སྟེ། ཆུ་ཆེན་བཞི་མཐའ་དབུས་ན་ཤར་མར་རྒྱུག་པ་དང་ཆུ་ཕྲན་ཡང་ཤིན་ཏུ་མང༌། གནས་སྡོད་བྱེད་པའི་ལུང་ཆུའི་རིང་ཚད་གསེར་ཆུའི་རིང་ཚད་སྤྱི་ལེ་༡༥༦་ཡས་མས་དང༌། རྡོ་ཆུའི་རིང་ཚད་སྤྱི་ལེ་༡༥༠་ཡས་མས། སྙི་ཆུའི་རིང་ཚད་སྤྱི་ལེ་༣༢༠་ཡས་མས། ཟླ་ཆུའི་རིང་ཚད་སྤྱི་ལེ་༨༥་ཡས་མས་ཡོད་པ་དེ་རྣམས་གནས་སྡོད་ལ་དབང་བའི་ཚད་ཡིན། རི་རྩེ་མཐོ་སྒང་གི་ངོས་ནས་མུའུ་༧༠༠་ནས་༩༠༠་བར་འབུར་ཡོད། ནུབ་བྱང་ནས་ཤར་ལྷོའི་རིང་ཚད་སྤྱི་ལེ་༤༠༠་ཡས་མས་སྔར་གྱི་སའི་རྒྱ་ཁྱོན་ཧ་ལམ་སྤྱི་ལེ་གྲུ་བཞི་མ་༩༣༨༧༌༦༧་ཡས་མས་རིའི་བརྒྱ་ཆ་༦༠་ཟིན། རི་མཚམས་ཐང་གི་བརྒྱ་ཆ་༢༠་ཟིན། རྒྱ་མཚོའི་ངོས་ནས་མཐོ་ཚད་མུའུ་༤༤༠༠་ནས་༤༩༠༠་བར་ཡིན། མཚོ་ངོས་ཆ་མཉམ་མཐོ་ཚད་༣༨༩༣༌༩་ཡིན། ཤིང་ནགས་རྒྱ་ཁྱོན་སྨིས་ཁྲི་༢༠༡༌༤༤་ཟིན། ཞེས་སོགས་བཤད་འདུག་པ་ཕལ་ཆེར་སོ་ན་གནས་པར་སྙམ། ས་དབྱིབས་ཆགས་ཚུལ་ཡང་སྙིའི་གཡག་མགོ་དཀར་པོ་འབྲོང་གི་མགོ་དང༌། གྲོགས་སྙིང་དཔའ་བོ་གཡུ་རྩེ་འབྲོང་གི་སྙིང༌། གསེར་སྨད་ཀྱི་སིལ་བོ་སིལ་དམར་འབྲོང་གི་རྔ་མ། རྡོ་སྨར་ཟླ་སྙི་བཞི་འབྲོང་གི་སུག་བཞིར་དཔྱད་པས་གསེར་རྟའི་ས་དབྱིབས་དེ་བྲེ་སེར་འབྲོང་གི་གཟུགས་སུ་ཡོད། ཅེས་དང༌། གསེར་སྟོད་ཀྱི་མགོན་པོ་འབྲོང་རི་སྨུག་པོ་ནི་འབྲོང་གི་མགོ་དང༌། དམ་ཅན་རྡོ་རྗེ་ལེགས་པའི་གནས་རི་འབྲོང་གི་སྙིང༌། གསེར་སྨད་ཀྱི་རྔ་ལ་གཡུང་དྲུང་སྟག་རྩེ་འབྲོང་གི་རྔ་མར་དཔྱད་ཚུལ་དང༌། གཞན་ཡང་འབྲོང་སྙིང་སྡེར་ནང་བཤམས་འདྲའི་གྲོགས་སྙིང་དཔའ་བོ་གཡུ་རྩེ། མདུང་ལ་བ་དན་བཏགས་འདྲའི་གསེར་སྟོད་ཀྱི་མགོན་པོ་འབྲོང་རི་སྨུག་པོ། ཁྲབ་ཅན་སྐེ་རགས་བཅིང་འདྲའི་ཁྲ་རྡུམ་རྡོ་རྗེ་འཕན་ཕྱུག རྨོག་ལ་སྒྲོ་འཕྲུ་བཙུགས་འདྲའི་གཡུ་བསེ་རྫ་རི་མདུང་རྩེ། གཡག་དཀར་འཕྲེད་ལ་འགྱིང་འདྲའི་སྙིའི་གཡག་མགོ་དཀར་པོ། སེང་གེ་གནམ་ལ་མཆོང་འདྲའི་ཤར་གྱི་སྟག་རྣ་གཟིག་རྣ། གཡུ་འབྲུག་དགུང་ལ་ཆས་འདྲའི་སྙི་གཞུང་དལ་འགྲོ་རིང་མོ་རྣམས་སའི་ཆེ་བ་བདུན་ཡིན། ཞེས་གནའ་མིའི་ངག་རྒྱུན་དུ་གྲགས།

      སྙན་གྲགས་ཅན་གྱི་རི་དང་། མཚོ། སུམ་ཆེན་ཁག་གཅིག་བཅས་ཀྱི་མིང་།

གསེར་སྟོད་ཀྱི་མགོན་པོ་འབྲོང་རི་སྨུག་པོ། བཙུན་མོ་གཡུ་སྒྲ་ཕྱུག་མོ། ཧ་ལུང་གདོང་ར་དཀར་བོ། གསེར་སྨད་ཀྱི་རྔ་ལ་སྟག་རྩེ། རྫོང་གི་སྟག་རྣ་གཟིག་རྣ། གསེར་ལག་སྟག་རྩེ། ཁྱི་རའི་བློ་གྲོས་སྤུན་གསུམ། འཛི་ཆུང་ལྷ་རྩེ། དམ་ཅན་རྡོ་རྗེ་ལེགས་པ། བཀྲ་ཤིས་ལྷ་སྒང་རིང་མོ། ཁྲ་རྡུམ་རྡོ་རྗེ་འཕན་ཕྱུག ཐོ་རོའི་རྫ་བྲ་རི་ཁྲ། གསེར་གྱི་ཁ་ལ་རོག་པོ། རྒྱལ་ཆེན་སིལ་བོ་སིལ་དམར། ཁྲོམ་གྱི་ལྭ་རྩེ་དཀར་ལྡང་། གཡུ་བསེ་རྫ་རི་སྨུག་པོ། རཀྲཾ་བྱམས་པའི་གནས། གྲོགས་སྙིང་དཔའ་བོ་གཡུ་རྩེ། འདབ་མའི་སིལ་སྙན་ཕྱུག་མོ༑ ཀ་རྒྱ་ལྷ་ཡི་བྲག་དཀར། ལྟེ་མའི་ལྟེ་ལག་བྲག་དཀར། གཡང་ལུང་འོ་མ་སྟག་རྩེ། འཕྲང་ཤུལ་ནོར་བུ་གཡུ་རྩེ། ཟླའི་མདའ་རིང་མདུང་རྩེ། སྐག་ཆུའི་དཀར་མོ་རྩེ་རྒྱལ། སྙིའི་གཡག་མགོ་དཀར་པོ། རྟ་རྔོག་དཔའ་བོ་མདུང་རྩེ། ལུང་ཕྲན་རྟ་མགོའི་རྭ་བ་དཀར་ནག ཨ་ཡུས་དཀར་མོ་རྩེ་རྒྱལ། ཆུ་ལུང་འོ་མ་སྟག་རྩེ། རྡོ་ལུང་ནས་སྒྱོ་ཕྱུག་མོ། ནས་སྐོངས་ཨ་མྱེ་ཕྱུག་མོ། ཚ་ཆུའི་རི་འཇོ་ནོར་ལྷ་ཕྱུག་མོ། ཧར་ཆེན་གཡག་སྙིང༌། ཧར་ཆུང་རྫ་དམར། སྒོག་གི་རི་ནག་མ། ཏ་ཟིའི་རྫ་ཁྲ་རྡོ་རྗེ་སེམས་དཔའ། ཏ་ཟིའི་འབྲི་བརྒྱ་ཕྱུག་མོ། རྒྱུ་ཚེར་གངས་རྒྱས། བྲང་གི་གླང་མ་རི་མཐོ། རྡོ་བླ་དཔའ་བོ་ལྕགས་རྩེ། རྡོའི་གནམ་ལྕགས་མདུང་རྩེ། རག་རའི་རྫ་དམར། རི་ཟབ་ལྕགས་རྩེ། གཙང་ཆེན་སྲིན་མོ། བྱ་སྙིང་མི་དཀར་དྲེལ་ཞོན། སྙན་ལུང་འོ་མ་སྟག་རྩེ། རི་འཕྱོར་གནམ་ལྕགས་མདུང་རྩེ། སྐྱ་རིང་ར་ཙ་ཐོག་རྒོད། རྫ་ཆེན་རྫ་རྒྱལ་འཕན་ཕྱུག གཏེར་སྲུང་མགར་བ་དམར་ནག ཀ་བཞིའི་རྡོ་རྗེ་དྲག་རྩལ། ལྷ་ལུང་ཀླུ་མཁར་ཕྱུག་མོ། ཨ་ལྕགས་དཔའ་བོ་ཡ་རྒོད། ཁྱོམ་ལམ་དཔའ་བོ་གཡུ་རྩེ། ཀ་ཐུང་རྫ་བཀྲ་ཕྱུག་མོ། ཅོག་ར་རྫ་རྒྱལ་ཕྱུག་མོ། རི་ཁྲ་དཔའ་བོ་ལག་ལྡན། རྡོ་ལག་དྲེལ་དཀར་ནོར་བུ་གཡུ་རྒྱལ། ཞང་བློན་ནོར་བུ་དགྲ་འདུལ། བཙན་གྱི་ཟེ་དམར་བན་ལུང་། རྔ་རླུང་ལྷ་རྩེ་ཞལ་དཀར། འཕྲང་ཤར་ཤན་པ་དམར་དྲིས། ཁྱི་ཉ་ཟེ་རྒྱལ་ཕྱུག་མོ། སྟག་རྩེ་ནོར་བུ་གཡུལ་རྒྱལ། ཁྱ་ལྡུམ་དཔའ་བོ་རྡོ་རྗེ། སྟག་རྩེ་རྡོ་རྗེ་ཐིག་ལེ་རྩལ། མཚོ་ལུང་ལ་རྩེ་ཕྱུག་མོ། ཡུལ་སྲུང་རྡོ་རྗེ་དགྲ་འདུལ། ཧྲེ་རའི་དུང་དཀར་ཕྱུག་མོ། སྐྱ་རིང་གཡུ་རྩེ་གཟིག་གི་ཐིག་ལེ་ཅན། གཙང་ཆེན་སྲིན་མོ། ཨ་མཐོའི་ནོར་རྒྱལ་ཕྱུག་མོ། དཀར་མོའི་རྩེ་རྒྱལ། རྒྱུ་བླ་འོ་མ་སྟག་རྩེ། ངང་མཆུ་རྡོ་རྗེ་དཔལ་བརྩེགས། གཡུལ་རྒྱལ་སྙག་གི་དེའུ་ལེ། དེ་དཀར་དེའུ་ལེ། ཕྱུག་གི་ཁྲ་ལྡུམ། སྒྲོག་གི་ཧྲེ་ཅོར། དངུལ་ཆུ་རྡོ་རྗེ་ལྷ་མོ། ཁྱ་ལྡུམ་དཔའ་བོ་དགྲ་འདུལ། འབོས་ཆེན་སྤྱོད་ཕུར་ཁྱུང་གི་རི། དྲང་སྲོང་པདྨའི་ཕུག ཁྲི་སྟོད་ཀྱི་བན་དེ་དཀར་དྲིས། ཁྲི་སྨད་ཀྱི་ཉ་རྒྱ་རི་བཙན། འབྲུག་རྡོ་རྗེ་ཁྱུང་བརྩེགས་སོགས་གྲགས་ལྡན་བརྗིད་ཉམས་ཆེ་བའི་རི་བོ་རྣམས་དང༌། དེ་བཞིན་ཆུ་དཀར་འོ་མའི་མཚོ། སྟོང་བཟའི་ན་མཚོ་ཕྱུག་མོ། སྙི་སྟོད་ཀྱི་སྙི་མཚོ་ཁྱ་ལི། བྱའི་སེ་ལོའི་མཚོ། རྫོང་གི་སྟག་རྣ་གཟིག་རྣའི་མཁའ་འགྲོ་སྡེ་ལྔའི་བླ་མཚོ་བདུན་སོགས་མཚོ་དང་མཚེའུ། དེ་བཞིན་སྙིའི་མེ་སྒྱོགས་ཁ་མདོ། འོམ་བུའི་མཚོའི་སུམ་མདོ། བྲང་གི་རྒྱ་མཁར་སུམ་མདོ། འཛི་དོམ་ཁ་མདོ། གསེར་ལག་ཁ་མདོ་སོགས་མདོ་ཆེན་མང་པོ་ཡོད་པ་རེད།

      གསེར་རྟའི་ལྷ་སྡེ་ཆགས་ཚུལ་རགས་བཤད།

      དབལ་ཤུལ་གསེར་རྟ་ཚོ་མ་ལག་བཅྭོ་བརྒྱད། ཡང་ལག་ཉི་ཤུ་རྩ་ལྔ༌། ཚོ་ཕྲན་སུམ་ཅུ་སོ་གཉིས། ཞེས་གསེར་རྟ་རང་ས་ནས་དང༌། གཞན་དག་ནས་ཀྱང་ཤོད་སྲོལ་འདུག་ཀྱང་དེ་ནི་སྔོན་མའི་སྐབས་ཤིག་གི་གནས་སྟངས་གཞིར་བཟུང་ཏེ། ངག་རྒྱུན་ཙམ་ལས། དེང་སྐབས་དངོས་ཡོད་གནས་ཚུལ་ལ་ཚོ་མ་ལག་བཅྭོ་བརྒྱད་དང༌། ཡང་ལག་ཉི་ཤུ་རྩ་ལྔ༌དང་། ཚོ་ཕྲན་སུམ་ཅུ་སོ་གཉིས་བཅས་འདི་དང་འདི་ཞེས་ཁུངས་ལྡན་ངོས་འཛིན་རང་གཞན་སུས་ཀྱང་མི་ནུས། སྔོན་བྱུང་ལོ་རྒྱུས་སུ་སྐབས་ཤིག་ལ་ཚོ་མ་ལག་བཅྭོ་བརྒྱད་ཅེས་པ་བྱུང་ཡོད་པར་སྙམ། དོན་ལ་ད་ཡོད་ཚོ་སྡེ་ཁག་དང༌། འཐོར་ཞིག་དང༌། ཡུལ་གཞན་དུ་ཕྱིན་པ་བཅས་བསྡོམས་པས་ཚོ་མ་ལག་བརྒྱ་སྐོར་བྱུང་ཡོད། དེ་ཡང་དགེ་རྩེ་ཚེ་རྡོར་གྱི་སྲས་དགེ་རྩེ་བསོད་རྒན་སྤྲུལ་སྐུ་གསེར་རྟའི་ཨ་བོས་སེ་ར་དགོན་པའི་གསེར་ཁྲི་མངའ་གསོལ་གྱི་ཁྲི་འདོན་མཛད་སྒོར། དགེ་རྩེ་བསོད་རྒན་སྤྲུལ་སྐུའི་ཡབ་སྐབས་དེའི་དགེ་རྩེ་ཟླ་ཐར་མ་ཡོངས་ཀྱི་དཔོན་ཆེན་དགེ་རྩེ་ཚེ་རྡོར་ཕེབས་ཡོད་པ་དང༌། སྐབས་དེར་ཟླ་གསེར་གཉིས་ལ་ཡུལ་ཁའི་འཁྲུགས་ཆ་ཅི་ཆེ་འབྱུང་བཞིན་པའི་སྐབས་ཡིན་པར་བརྟེན། ཉིན་དེར་མཛད་སྒོར་ཆེད་དུ་ཆིབས་བསྒྱུར་བསྐྱངས་པའི་དབལ་ཤུལ་གསེར་རྟའི་དཔོན་ཆེན་དབལ་ཤུལ་དཔོན་བླ་བསོད་ནམས་སྙན་གྲགས་ཀྱིས་གསུང་བཤད་གནང་སྐབས་ཁོང་གིས། སྟོད་རྐྱང་འབྲོང་གི་ས་མན་ཆད་ནས་སྨད་འབྲུ་རིགས་ཀྱི་ས་བོན་འདེབས་ས་ཡན་ཆད་འབྲོག་སྦྲ་ནག་ཅན་གྱི་ཁྲི་སྡེ་དང༌། རོང་ཤིང་སྒོ་ཅན་གྱི་ཁྲི་སྡེ་བཅས་ངེད་དབལ་ཤུལ་དཔོན་ཚང་གི་མངའ་འབངས་ཡིན་སྐོར་དང༌། འོན་ཀྱང་དཔོན་རབས་གོང་མ་ཚོའི་སྐབས་སུ་བྱུང་མ་མྱོང་བའི་དཔོན་ཁོང་གི་སྐབས་འདིར་དཔོན་ལ་ས་སྡེ་དབང་མིན་གྱི་གནས་སྟངས་ཡང་འབྱུང་བཞིན་ཡོད་སྐོར་སོགས་གསུང་བཤད་གནང་བ་རྒན་རབས་པ་ཚོའི་ངག་ལ་འཇགས་འདུག་པ་ལྟར་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་སྐབས་ཡས་མས་སུ་གསེར་རྟ་ལ་སྡེ་ཁྲི་སྐོར་གཉིས་ཡོད་པར་གྲགས། དེ་ཡང་དབལ་ཤུལ་ཁག་གསུམ་ནི་གུར་དཀར་མོ་ལྟ་བུར་རྩི་བཞིན་ཡོད་ཅིང༌། དེ་དག་ནི་དབལ་ཤུལ་ཤོས་སྟོད་སྨད་གཉིས། དབལ་ཤུལ་ཆོས་སྐོར་སྟོད་སྨད་གཉིས། དབལ་ཤུལ་རོགས་བཟའ་སྟོད་སྨད་གཉིས་(དབལ་ཤུལ་རོགས་བཟའ་སྟོད་མ་དང༌ཞོ་རོགས་)བཅས་ཡིན། མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་དབལ་ཤུལ་དཔོན་ཚང་ནི་གསེར་རྟ་ཡོངས་ཀྱི་གུར་དཀར་མོའི་ཏོག་ལྟ་བུ། གུར་དཀར་མོའི་ཆོན་ཆེན་བཞི་ཞེས་པ་ནི། ༡ སྟོད་འབུམ་ཤུལ་ཤོག་དྲུག ༢ སང་སང་རི་ཐང་བདུན། ༣ མཆོག་ཚང་བྱང་ཕྱོགས་བདུན། ༤ བུ་ཆུང་ཚོ་བཞི་བཅས་ཡིན་པར་གྲགས། དེ་ཡང་སྟོད་འབུམ་ཤུལ་ཤོག་དྲུག་ཅེས་པ་ནི། འབུམ་ཤུལ་སྟོད་སྨད་གཉིས། སྟོང་ཟ་དང༌ཁྲོམ་ཟ་གཉིས། གོས་ཚ་དང་རོང་ཐ་གཉིས་བཅས་ཡིན། སང་སང་རི་ཐང་བདུན་ནི། སང་སང་ཁྱུག་ཤུལ། སང་སང་གསེར་སྟོད་མ། སང་སང་སྒ་འབྲོག སང་སང་རི་ནང་སང༌། སང་སང་རི་ཟ་ཚང༌། སང་སང་རྒྱུ་ཐལ་མ། སང་སང་གནམ་ཤུལ་དང་བདུན་ནོ། ། མཆོག་ཚང་བྱང་ཕྱོགས་བདུན་ནི། མཆོག་ཚང་བྱ་ཐལ་མ། མཆོག་ཚང་སྙི་ཐལ་མ། མཆོག་ཚང་འོམ་ཐལ་མ། མཆོག་ཚང་འོན་ཟ། མཆོག་ཚང་ཁ་ཤུལ། མཆོག་ཚང་རྒྱ་ཕྱུག མཆོག་ཚང་རྒྱུ་ཚེར་མ་བཅས་སོ། ། བུ་ཆུང་ཚོ་བཞི་ནི། རྟ་ཡག་ཆོས་གསུམ་འཕན་དང་བཞི། །ཞེས་པ་རྟ་ཁོ། ཡག་འེ། ཆོས་ཕྱུག འཕན་ནེ་བཅས་བཞི་ལས་བྱུང་བར་བཤད། དེ་ཡང་རྟ་ཁོའི་རྒྱུད་པ་ལ་རྟ་ཤུལ་ཞེས་དང༌། ཡག་འེའི་རྒྱུད་པར་ཡག་ཤུལ། འཕན་ནེའི་རྒྱུད་པར་འཕན་ཤུལ། ཆོས་ཕྱུག་གི་རྒྱུད་པ་ལ་ཆོས་ཤུལ་ཁག་གསུམ་ཞེས་དང༌། དེ་དག་ཀྱང་། བུ་ཆུང་བླ་རྒྱ། བུ་ཆུང་རུ་སར་མ། བུ་ཆུང་ཆུ་གར་མ་བཅས་ཡིན། རྟ་ཤུལ་ལ་གོང་འགབ་བར་གསུམ་སྟེ། རྟ་ཤུལ་གོང་མ། རྟ་ཤུལ་བར་མ་ཞེས་པ་ད་ལྟའི་གཏེར་སྟོན་སྒར་རུ་མའི་ཁོངས་སུ་ཐིམ་ཟིན། རྟ་ཤུལ་འགབ་མའམ་རྟ་ཤུལ་རུ་ཐལ་མ་རྣམས་སོ། །སྟུག་རྒྱ་རྟ་ཤུལ་གྱི་ཁོངས་སུ་གཏོགས་ཤིང༌། དེ་ལ་སྟུག་རྒྱའི་ཨར་སྒ་ལྷ་གསུམ་ཞེས་པ། སྟུག་རྒྱའི་ཨར་བོན། སྟུག་རྒྱའི་སྒར་སྐོར། སྟུག་རྒྱའི་ལྷ་སྐོར་གསུམ་ལས་སྟུག་རྒྱའི་ཨར་བོན་འཐོར་ཟིན། སྟུག་རྒྱའི་ལྷ་སྐོར་ནི་ད་ལྟ་རྔ་བ་ཁུལ་འཛམ་ཐང་རྫོང་ངམ་སྐ་མདའ་རྫོང་གི་ཁོངས་སུ་ཡོད། གོང་དུ་བཤད་པའི་ཁྲི་སྡེ་གཉིས་ཞེས་པའི་ནང་དུ་ར་སྐོར་ཁག་གསུམ། ལི་ཁོག་མ། རྩང་སྟོད་སྨད་གཉིས། གཡུ་ཁོག་ཚང༌། རྡོ་སྨད་དང་རྡོ་སྟོད་ཚང༌། ན་མདའ་ཚང་སོགས་བརྩིས་པས་ཁྲི་སྣ་འཐོར་ཞིག་ཡོད། ཁྱོན་གསེར་རྟའི་ལྷ་སྡེ་ཚང་མའི་མིང་གཤམ་གསལ་ལྟར། དབལ་ཤུལ་ཤོས་སྟོད་སྨད་གཉིས། དབལ་ཤུལ་རོགས་བཟའ་སྟོད་སྨད་གཉིས། དབལ་ཤུལ་ཆོས་སྐོར་སྟོད་སྨད་གཉིས། འབུམ་ཤུལ་སྟོད་སྨད་གཉིས། སྟོང་(བཟའ)ཟ། ཁྲོམ་(བཟའ)ཟ། གོས་ཚ། རོང་ཐལ། བླ་རྒྱ། ཁེས་སྐོར། དཀྱིལ་རུ་འགོ་བ། རྒྱམ་ཤུལ། འགོ་(བཟའ་)ཟ། མཆོག་(བཟའ)ཟ། ཚེ་ཤུལ། སང་ཤུལ། ཆུང་ཡོས་སྟོད་སྨད་གཉིས། ཞོ་སང༌། དགེ་རྩེ་(བཟའ་)ས་སང༌། རྟ་ཤུལ་གོང་འགབ་བར་གསུམ། རྒྱ་ཤུལ། གེ་འཕན་རྡོ་དུག་རི་གསུམ་ཟེར་བ་གེ་འཕན་རྡོ་སྐོར་མ། དུག་(ཏོག་)ཚ། རི་ཤུལ་གསུམ། རྔ་ཟ་(བཟའ)། བག་འ་སྐོར་བ། སང་སང་། རཀྲཾ་བླ་རྒྱ། མཆོག་ཚང་བྱ་སྙི་འོམ་གསུམ་ནི་མཆོག་ཚང་བྱ་ཐལ་མ། མཆོག་ཚང་སྙི་ཐལ་མ། མཆོག་ཚང་འོམ་ཐལ་མ། འོན་(བཟའ་)ཟ། ཁ་ཤུལ། མཆོག་ཚང་སྨད་མ། ཁྱུག་ཤུལ། གསེར་སྟོད་མ། སྒ་འབྲོག གནམ་ཤུལ། རུ་ནང་ཚང༌། རུ་ཟ་(བཟའ་)ཚང༌། རྒྱུ་ཐལ་མ། ཚེ་བཟའ་ཚང༌། དོམ་ཆེན་མ། ཆུ་འཕོངས་མ། རྒྱ་ཕྱུག གནམ་མཚོ། ཡག་ཤུལ། འཕན་ཤུལ། རུ་སར་མ། ཆུ་གར་མ། བླ་རྒྱ། སྟུག་རྒྱའི་ཨར་སྒ་ལྷ་གསུམ་ཞེས་པ། སྟུག་རྒྱའི་ཨར་བོན། ལྷ་སྐོར། སྒར་སྐོར། རྡོ་འོང་མ། སྙག་གི་དབལ་སྐོར། ཞུག་སྐོར། ཨ་ཕང་རི་བཟའ་ཚང༌། གླིང་སྐོར། ཨ་བོས་མགོན་པོ་ཚེ་ལྡན་སྐོར་བ། ཨ་བོས་མ་སྐོར། ཨ་བོས་ལྗགས་ཐལ་མ། གནུབ་ཟུར་སྟོད་སྨད་གཉིས། རྡོ་ཀེར་མ། དབལ་ཤུལ་སྐ་བ་འགབ་ཞབས། དབལ་ཤུལ་རིག་འཛིན་འགབ་ཞབས་སོགས་དང་། སྟོང་བཟའ་ར་སྐོར་ཁག་གསུམ། ལི་ཁོག་མ། རྩང་སྟོད་སྨད་གཉིས། གཡུ་ཁོག་ཚང༌། དབལ་ཤུལ་སྒེག་ཐལ་མ། རྡོ་སྟོད་སྨད་གཉིས། ན་མདའ་ཚང་སོགས་ཡིན་པར་བཤད། གོང་གསལ་གྱི་ཚན་པ་འདི་ཡང་སང་སང་དུང་དཀར་དགོན་པའི་མཁན་སྤྲུལ་དགོང་ལོས་ཕྱི་ལོ་༡༩༨༩་ལོར་བོད་ནང་དུ་བརྩམས་པའི་དབལ་ཤུལ་གསེར་(རྟ)ཐར་གྱི་ལོ་རྒྱུས་བློ་ལྡན་མིག་གི་བདུད་རྩི་ཞེས་པར་གཙོ་བོར་ཁུངས་གཏུགས་ནས་བྲིས།

གསེར་རྟའི་ཡུལ་གྱི་དགོན་སྡེ་ཁག་ངོ་སྤྲོད།

  ཁྱུག་ཤུལ་ཨོ་རྒྱན་དང༌དབལ་ཤུལ་དཔོན་རབ་བརྟན་གཉིས་ཀྱིས་བོད་རབ་བྱུང་༡༡་པའི་མེ་སྟག ཕྱི་ལོ་༡༦༨༦་ལོར་བཏབ་པར་གྲགས་པའི་ཤར་རྒྱལ་བ་དུང་དཀར་དགོན་གསང་སྔགས་སྨིན་གྲོལ་གླིང༌། དབོན་པོ་ཉི་མ་རྒྱལ་མཚན་གྱིས་བོད་རབ་བྱུང་༡༢་པའི་ཤིང་ལུག ཕྱི་ལོ་༡༧༡༥་ལོར་སྙིའི་དྲའི་ཉི་མ་ལུང་དུ་བཏབ་པར་གྲགས་པའི་མཆོག་ཚང་སྟག་ལུང་དགོན་པ། གནུབ་ཟུར་བླ་མ་སྦྱིན་པ་རྒྱ་མཚོས་བོད་རབ་བྱུང་༡༢་པའི་མེ་སྤྲེལ། ཕྱི་ལོ་༡༧༡༦་ལོར་གནུབ་ཟུར་དགོན་པ་བཏབ་པར་གྲགས་ཀྱང༌། ཁམས་ཕྱོགས་དགོན་སྡེ་ཁག་གི་ལོ་རྒྱུས་ཕྱོགས་བསྒྲིགས་སུ་རབ་བྱུང་༨་ཤིང་འབྲུག་ཕྱི་ལོ་༡༤༨༤་ལོར་བཏབ་པར་བཤད་པས་དཔྱད་དགོས། ཨ་བོས་བླ་མ་བློ་བཟང་དང༌། སང་སང་པདྨ་སྦྱིན་པ་གཉིས་ཀྱིས་བོད་རབ་བྱུང་༡༢་པའི་མེ་འབྲུག་ཕྱི་ལོ་༡༧༣༦་ལོར་ཐོག་མར་སྙི་སྨད་ཀྱི་སེ་ར་ལུང་བའི་མདོར་བཏབ་ཀྱང་། དེ་རྗེས་ད་ལྟའི་དགོན་ས་སྙི་ལུང་དུ་སྤོས་པར་གྲགས་པའི་དཔལ་སེ་ར་ཐེག་ཆེན་གླིང་ངམ། ཨ་བོས་སེ་ར་དགོན་པ། བླ་མ་ཀུན་བཟང་དབང་ཕྱུག་གིས་བོད་རབ་བྱུང་༡༤་བའི་ནང་ཧོར་ཤུལ་དགོན་པ་བཏབ་པར་གྲགས་ཀྱང༌། ཁམས་ཕྱོགས་དགོན་སྡེ་ཁག་གི་ལོ་རྒྱུས་ཕྱོགས་བསྒྲིགས་སུ་རོང་སྟོན་ལྷུན་གྲུབ་རྒྱ་མཚོ་ཞེས་པས་བོད་རབ་བྱུང་༡༡་པའི་ལྕགས་ཁྱི་ཕྱི་ལོ་༡༦༧༠་ལོར་བཏབ་པར་བཤད་པས་དཔྱད་དགོས། གཞི་ཆེན་ཐེག་མཆོག་བསྟན་འཛིན་དང༌། སྦྲ་མགོ་ཀུན་བཟང་ངེས་དོན་དབང་པོ་གཉིས་ཀྱིས་བོད་རབ་བྱུང་༡༢་པ་ས་འབྲུག་ཕྱི་ལོ་༡༦༨༨་ལོར་རཀྲཾ་དགོན་པ་བཏབ་པར་གྲགས་ཀྱང༌། ཁམས་ཕྱོགས་དགོན་སྡེ་ཁག་གི་ལོ་རྒྱུས་ཕྱོགས་བསྒྲིགས་སུ་གླིང་བཞག་ཨོ་རྒྱན་ལྷུན་གྲུབ་ཀྱིས་བཏབ་པར་བཤད་པས་དག་མིན་དཔྱད་དགོས། གཡུང་ཤུལ་བླ་མ་གསུང་མཆོག་རྡོ་རྗེས་བོད་རབ་བྱུང་༡༥་བའི་ལྕགས་ལུག་ཕྱི་ལོ་༡༨༧༡་ལོར་བཏབ་པར་གྲགས་པའི་བརྡར་ཚང་དགོན་པ། རྒྱ་བོ་བླ་མ་ཚེ་རིང་སྐྱབས་ཞེས་པས་གསེར་སྨད་བསྟན་རྒྱས་དགོན་པ་བོད་རབ་བྱུང་༡༢་པའི་སྨད་དུ་བཏབ་པར་གྲགས་ཀྱང་། ཁམས་ཕྱོགས་དགོན་སྡེ་ཁག་གི་ལོ་རྒྱུས་ཕྱོགས་བསྒྲིགས་སུ་བླ་མ་བསྟན་འཛིན་རྒྱ་མཚོ་བྱ་བས་བཏབ་པར་བཤད་པས་དཔྱད་དགོས། རྡོ་གྲུབ་འཇིགས་མེད་འཕྲིན་ལས་འོད་ཟེར་རམ་རྡོ་གྲུབ་ཀུན་བཟང་གཞན་ཕན་༡༧༤༥-༡༨༢༡་ཞབས་ཀྱིས་རབ་བྱུང་༡༤་བའི་ལྕགས་རྟ་ཕྱི་ལོ་༡༨༡༠་ལོར་བཏབ་པར་གྲགས་པའི་བྲག་ཆེན་ཡར་ལུང་དགོན་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གླིང༌ངམ་། པདྨ་བཀོད་རྩ་གསུམ་མཁའ་འགྲོའི་གླིང་། བུ་ཆུང་བླ་མ་གསང་སྔགས་ཀྱིས་བོད་རབ་བྱུང་༡༣་པ་མེ་སྦྲུལ་ཕྱི་ལོ་༡༧༩༧་ལོར་བཏབ་པར་གྲགས་པའི་སྙན་ལུང་དགོན་པ། གྲྭ་གྲྭ་སྐུ་ཆེན་གྱིས་རབ་བྱུང་༡༤་བའི་ནང་བཏབ་པར་གྲགས་པའི་རྡོ་སྟོད་གྲྭ་གྲྭ་དགོན་པ། ཨ་བོས་བླ་མ་བསྟན་འཛིན་དར་རྒྱས་ཀྱིས་བོད་རབ་བྱུང་༡༤་བའི་ཆུ་གླང་ཕྱི་ལོ་༡༨༥༣་ལོར་བཏབ་པར་གྲགས་པའི་ཕུའུ་དགོན་པ། ཀཿ ཐོག་དྲི་མེད་ཞིང་སྐྱོང་གིས་བོད་རབ་བྱུང་༡༣་པའི་ས་གླང་ཕྱི་ལོ་༡༧༦༩་ལོར་བཏབ་པར་གྲགས་པའི་སྟག་རྩེ་བསམ་འགྲུབ་ཆོས་འཁོར་གླིང༌། བཱ་ཨ་བླ་མ་མདོ་སྔགས་ཀྱིས་རབ་བྱུང་༡༥་བའི་ནང་བཏབ་པའི་རྣམ་རྒྱལ་འབུམ་ལུང་དགོན་པ། སང་སང་དབོན་པོ་ཐེག་མཆོག་རྡོ་རྗེས་བོད་རབ་བྱུང་༡༥་བའི་ཤིང་ལུག་ཕྱི་ལོ་༡༨༩༥་ལོར་བཏབ་པར་གྲགས་པའི་ཞོ་རོག་དགོན་ནམ་མཆོད་རྟེན་དགོན། བསྟན་འཛིན་རྒྱ་མཚོ་དང༌། བསྟན་འཛིན་དར་རྒྱས་ཀྱིས་བོད་རབ་བྱུང་༡༣་པའི་མཇུག་ཏུ་སྐྱིད་སློང་དགོན་བཏབ་པར་གྲགས་ཀྱང༌། ཁམས་ཕྱོགས་དགོན་སྡེ་ཁག་གི་ལོ་རྒྱུས་ཕྱོགས་བསྒྲིགས་སུ་འཇིགས་མེད་དཔའ་བོ་རྡོ་རྗེས་བོད་རབ་བྱུང་༡༤་བའི་ཆུ་འབྲུག་ཕྱི་ལོ་༡༨༣༢་ལོར་བཏབ་པའི་དཀྱིལ་ལུང་དགོན་ཞེས་སོགས་བཤད་པས་དག་མིན་དཔྱད་དགོས། སྒོ་ཆེན་དབོན་པོ་བསོད་ནམས་སྙན་གྲགས་ཀྱིས་བོད་རབ་བྱུང་༡༢་པའི་སྨད་ལ་སྙིའི་ལྗོ་ནང་དུ་ཐོག་མར་བཏབ་ཅིང༌ཕྱིས་སུ་སྙིའི་མཁན་ལེབ་ཏུ་དགོན་ས་སྤོས་པའི་མཁན་ལེབ་དགོན་ཞེས་གྲགས་ཀྱང༌། ཁམས་ཕྱོགས་དགོན་སྡེ་ཁག་གི་ལོ་རྒྱུས་ཕྱོགས་བསྒྲིགས་སུ་འགྲོ་མགོན་ཆོས་ཀྱི་འབྱུང་གནས་ཞེས་པས་རབ་བྱུང་༢་པའི་ཤིང་གླང་། ཕྱི་ལོ་༡༡༤༥་ལོར་བཏབ་པར་བཤད་པས་དཔྱད་དགོས། བླ་མ་ཉི་འོད་འབུམ་གྱི་སྲས་རྒྱལ་བ་བྱང་ཆུབ་ཀྱིས་རབ་བྱུང་༡༣་ནང་ཐོག་མར་རི་ཁྲོད་ཅིག་བཏབ་པ་སྐབས་དེར་བཀའ་བརྒྱུད་པ་ཡིན་མོད། རྗེས་ནས་དཔལ་ཡུལ་བར་བསྒྱུར་བར་གྲགས་པའི་རྒྱ་ཕྱུག་དགོན་པ་ཞེས་གྲགས་ཀྱང༌། ཁམས་ཕྱོགས་དགོན་སྡེ་ཁག་གི་ལོ་རྒྱུས་ཕྱོགས་བསྒྲིགས་སུ་རབ་བྱུང་༦་པ་ཡས་མས་སུ་བཏབ་པའི་རི་ཁྲོད་རྒྱ་ཕྱུག་དགོན་པ་ཞེས་བཤད་པས་དཔྱད་དགོས། གསེར་བ་ཡེ་ཤེས་སེང་གེས་རབ་བྱུང་༡༡་པའི་མཇུག་ཏུ་གསེར་ལྷ་རྩེ་དགོན་བཏབ་པར་གྲགས་ཀྱང༌། ཁམས་ཕྱོགས་དགོན་སྡེ་ཁག་གི་ལོ་རྒྱུས་ཕྱོགས་བསྒྲིགས་སུ་གཡུང་དྲུང་ཁྲོ་རྒྱལ་ཞུ་བས་ཕྱི་ལོ་༦༣༩་ལོར་བཏབ་པར་བཤད་པས་དཔྱད་དགོས། (གསེར་ལྷ་རྩེ་དགོན་པ་ནི་སྔོན་བྱུང་ལོ་རྒྱུས་ཐོག་ནས་རྒྱལ་རོང་ཁོངས་གཏོགས་ཡིན་ཡང་ཕྱི་ལོ་༡༩༥༩་རྗེས་ནས་རྒྱ་གཞུང་གིས་གསེར་རྟ་རྫོང་གི་ངོར་སྦྱར་ཡོད།) གཙང་མདའ་བླ་མ་ཞེས་པས་གསེར་བག་སྟེང་དགོན་བཏབ་པར་གྲགས་ཀྱང༌། ཁམས་ཕྱོགས་དགོན་སྡེ་ཁག་གི་ལོ་རྒྱུས་ཕྱོགས་བསྒྲིགས་སུ་བླ་མ་ཨོ་རྒྱན་ནོར་བུས་རབ་བྱུང་༡༡་པའི་མཇུག་ཏུ་བཏབ་པར་བཤད་པས་དཔྱད་དགོས། བླ་མ་ཐབས་མཁས་ཀྱིས་རབ་བྱུང་༡༢་ནང་བཏབ་པར་གྲགས་པའི་ཅོག་སྟེང་དགོན་པ། བླ་མ་དོན་ཡོད་ཀྱིས་རབ་བྱུང་༡༡་པའི་མགོ་སྟོད་དུ་བཏབ་པར་གྲགས་པའི་གསེར་རྒྱ་གདོང་དགོན་པ། རབ་བྱུང་༨་པའི་ནང་གཏེར་སྟོན་ཆུ་ཕོ་རྟོགས་ལྡན་གྱི་ཆོས་བདག་མིག་ལུང་བླ་མ་དགེ་འདུན་རྒྱ་མཚོས་གསེར་སྨད་དབུ་ཚབ་དགོན་བཏབ་པར་གྲགས་ཀྱང་། ཁམས་ཕྱོགས་དགོན་སྡེ་ཁག་གི་ལོ་རྒྱུས་ཕྱོགས་བསྒྲིགས་སུ་ནམ་མཁའ་འཆི་མེད་སྐུ་མཆེད་ཀྱིས་རབ་བྱུང་༦་པའི་ནང་བཏབ་པར་བཤད་པས་དཔྱད་དགོས། གེ་འཕན་སྐུ་སྐྱེས་ཀྱིས་དཀྱིལ་སྔོན་དགོན་པ་རབ་བྱུང་༡༡་པའི་ནང་བཏབ་ཅིང༌། དེ་རྗེས་བསོད་ནམས་ནོར་བུ་བྱ་བའི་ཕུར་བའི་རྣལ་འབྱོར་བ་ཞིག་གི་སྐབས་དར་རྒྱས་བྱུང་བར་གྲགས་ཀྱང༌། ཁམས་ཕྱོགས་དགོན་སྡེ་ཁག་གི་ལོ་རྒྱུས་ཕྱོགས་བསྒྲིགས་སུ་བསོད་ནམས་ནོར་བུ་ལ་ལུང་བསྟན་ལྟར་རབ་བྱུང་༩་བའི་མེ་སྤྲེལ་ལོའི་ཧོར་ཟླ་༤་བའི་ཚེས་༡༥་ཉིན་བཏབ་རབས་བཤད་པས་དེ་ལྟར་ན་ཕྱི་ལོ་༡༥༣༦་ལོར་ཁེལ་བས་དཔྱད་དགོས་སོ།།
སྲོང་བཙན་གྱི་བཙུན་མོ་ཀོང་ཇོ་བོད་དུ་ཕེབས་སྐབས་བཞེངས་པར་གྲགས་པ། མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་གི་གྲས་སུ་གཏོགས་པར་བཤད་པའི་འཕྲུལ་སྟེང་དགོན། རྡོ་གྲུབ་སྐུ་ཕྲེང་གསུམ་པ་འཇིགས་མེད་བསྟན་པའི་ཉི་མ་༡༨༦༥-༡༩༢༦་ཞབས་ཀྱིས་བོད་རབ་བྱུང་༡༥་བའི་ལྕགས་འབྲུག་ལོ་༡༨༨༠་ལོར་བཏབ་པར་གྲགས་པའི་རྡོ་གྲུབ་ཆེན་དགོན་གཙང་ཆེན་དངོས་གྲུབ་དཔལ་འབར་གླིང༌། སྒོ་ཆེན་ཤེས་རབ་རིན་ཆེན་གྱིས་བཏབ་པའི་སྒོ་ཆེན་དགོན་པ་དེང་སྐབས་བྲག་མགོ་རྫོང་ཁོངས་སུ་ཡོད། ད་ལྟ་འཛམ་ཐང་རྫོང་ཁོངས་ཀྱི་ཤུག་ཆུང་དགོན་པ། ད་ལྟ་འཛམ་ཐང་རྫོང་གི་ཁོངས་ཀྱི་གཡུ་ཐོག་དགོན་པ། རབ་བྱུང་༡༠་ནང་སྔགས་འཆང་ཨ་མགོན་གྱིས་བཏབ་པར་གྲགས་པའི་འཁོར་ལོ་གདོང་དགོན་པ། སང་སང་དབོན་པོ་ཐེག་མཆོག་རྡོ་རྗེས་བོད་རབ་བྱུང་༡༥་ཤིང་སྦྲུལ་ཕྱི་ལོ་༡༩༠༥་ལོར་བཏབ་པའི་རི་ནང་དགོན་པ། གླིང་བཞག་ཨོ་རྒྱན་ལྷུན་གྲུབ་ཀྱིས་རབ་བྱུང་༡༣་པའི་མཇུག་ཏུ་གཞི་ཆེན་དགོན་པའམ། གཞི་ཆེན་མཁར་དམར་གླིང་བཏབ་པར་གྲགས་ཀྱང་། ཁམས་ཕྱོགས་དགོན་སྡེ་ཁག་གི་ལོ་རྒྱུས་ཕྱོགས་བསྒྲིགས་སུ་རབ་བྱུང་༡༢་པའི་ནང་བཏབ་པར་བཤད་པས་དཔྱད་དགོས། དགོན་འདི་ད་ལྟ་དཀར་མཛེས་རྫོང་ཁོངས་སུ་ཡོད། ཁམས་གཙང་གཏེར་སྟོན་ཞེས་པས་བོད་རབ་བྱུང་༡༥་ནང་བཏབ་པའི་འབྲོང་རི་དགོན། རབ་བྱུང་༡༥་ནང་གཡུ་ཁོག་བླ་མ་ཆོས་དབྱིངས་རང་གྲོལ་གྱིས་བཏབ་པའི་ཡག་འེའི་སྒར། འདས་རྒན་སྟོན་འདྲེས་ཀྱིས་བོད་རབ་བྱུང་༡༦་པའི་ལོ་རབས་༤༠་བའི་ནང་བཏབ་པའི་ཁང་དམར་ན་མདོ་དགོན། ལྕགས་ཀོང་བདུད་འཇོམས་རྡོ་རྗེ་༡༨༣༥-༡༩༠༣་ཞབས་ཀྱིས་བོད་རབ་བྱུང་༡༥་བ་ཤིང་ལུག་༡༨༩༥་ལོར་བཏབ་པའི་ཨོ་རྒྱན་བསམ་ཡས་ཆོས་འཁོར་གླིང་ངམ་བརྡར་ཚང་རླུང་ཤར་དགོན། ལྕགས་ཀོང་བདུད་འཇོམས་རྡོ་རྗེས་བོད་རབ་བྱུང་༡༥་བའི་ལྕགས་འབྲུག་ཕྱི་ལོ་༡༨༨༠་ལོར་བཏབ་ཅིང་། ཕྱིས་སུ་རབ་བྱུང་༡༦་པའི་ལྕགས་སྤྲེལ་ཕྱི་ལོ་༡༩༨༠་ཙམ་ནས་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་༡༩༣༣-༢༠༠༤་ཞབས་ཀྱིས་ཉམས་གསོ་གནང་བའི་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང༌། བླ་མ་རིག་འཛིན་ཉི་མས་ཕྱག་བཏབ་མཛད་པའི་རྡོའི་ཙོང་ཤར་དགོན། གཞི་ཆེན་དབོན་སྤྲུལ་གྱིས་བོད་རབ་བྱུང་༡༧་པའི་ཤིང་ཕག་ཕྱི་ལོ་༡༩༩༥་ལོར་བཏབ་པའི་འབུམ་བརྩིགས་དགོན། དེང་སྐབས་འཛམ་ཐང་རྫོང་ཁོངས་ཀྱི་དགོན་གོང་མ་བཀྲ་ཤིས་ཆོས་གླིང༌དང་། འོག་མ་རྟག་བརྟན་དགོན། བག་གདོ་དགོན། རྡོ་སྨད་གསེར་མཁར་འཛི་ལུང་དགོན། ན་མདའ་གསང་སྔགས་ལུང་བསྟན་དགོན་སོགས་སྔོན་ཆད་གསེར་རྟའི་ཁོངས་གཏོགས་ཡིན་འདུག དེ་བཞིན་བློ་ལྡན་མིག་གི་བདུད་རྩིའི་ཤོག་ངོས་༡༤༦་པའི་ཐིག་ཕྲེང་༤་བར་རང་རྫོང་གི་གནམ་མཚོ་མའི་དགོན། རྦ་སྡེ་དགོན། ཨ་བོས་ལི་ཤུལ་གྱི་དགོན། ཀླས་ཡག་དགོན། དགུ་གདོང་དགོན་རྣམས་ཀྱང་སྔོན་གསེར་(རྟ་)ཐར་གྱི་དགོན་ཡིན་ཡང་ད་ལྟ་ཁང་ཤུལ་ལ་བདག་པོ་མེད་པར་གྱུར་ཟིན་ཏོ། །ཞེས་གསལ་བ་དང་། ཡང་བློ་ལྡན་མིག་གི་བདུད་རྩིའི་ཤོག་ངོས་༡༥༢་པའི་ཐིག་ཕྲེང་༢་པར། གོང་གསལ་དགོན་པ་ཁག་གི་ནང་ནས་སྔོན་ཆད་གསེར་(རྟ་)ཐར་མིན་པའི་ལྷ་རྩེ་དགོན། བག་སྟེང་དགོན། རྒྱ་གདོང་དགོན། དབུ་ཚབ་དགོན། དཀྱིལ་སྔོན་དགོན། འཕྲུལ་སྟེང་ལྷ་ཁང་རྣམས་དམངས་གཙོ་བཅོས་བསྒྱུར་བྱས་རྗེས་གསེར་(རྟ་)ཐར་ལ་ཁ་སྣོན་བྱས་པ་ཡིན། ཞེས་གསལ་བ་ལྟར་རོ། །

  སེ་རའི་རིན་ཕྲེང་ཚང་གིས་དབལ་ཤུལ་དཔོན་སྐལ་བཟང་མགོན་པོ་ལ་བསྩལ་པའི་བསླབ་བྱ།

  སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་མདོར་བསྡུས་ན་སྤང་བླང་གཉིས་སུ་འདུས་པ་ཡིན། སྤང་བྱ་མི་དགེ་བ་བཅུ་དང་བླང་བྱ་དགེ་བ་བཅུར་བསྡུས་ནས་གསུངས་པ་ཡིན། དེ་ཚུལ་བཞིན་སྒྲུབ་པ་ལ་ལས་འབྲས་ཀྱི་སྤང་བླང་ཟེར་བ་དང་འཇིག་རྟེན་ཡང་དག་པའི་ལྟ་བའང་ཟེར། དེ་ལ་གནས་ན་ངན་སོང་གསུམ་གྱི་སྒོ་ཁེགས་ནས་བདེ་འགྲོ་ལྷ་དང་མིར་སྐྱེས་ནས་མཐོ་རིས་ཀྱི་རྟེན་དེ་ལ་ཐར་པ་དང་ཐམས་ཅད་མཁྱེན་པ་གང་བསྒྲུབ་ཀྱང་དཀའ་ཚེགས་མེད། དེའི་རྒྱུ་མཚན་གྱིས་གནམ་གྱི་ལྷ་འཇམ་དབྱངས་གོང་མ་རྒྱལ་པོ་དང་། བོད་ཀྱི་རྒྱལ་པོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་ལས་འབྲས་དང་མཐུན་པའི་རྒྱལ་ཁྲིམས་ཆོས་བཞིན་བསྐྱངས་པའི་ལུགས་སྲོལ་གྱི་ཡི་གེ་མི་ཆོས་གཙང་མ་བཅུ་དྲུག་དང༌། དགེ་བཅུའི་ཁྲིམས་ཟེར་བ་ལ་བརྟེན་ནས་ལས་འབྲས་དྲང་པོར་སྤྱོད་པ་ལ་བདག་རྐྱེན་དང་གཟེངས་བསྟོད། ལས་འབྲས་ལོག་པར་སྤྱོད་པ་ལ་བཀའ་བཀྱོན་དང་ཆད་ལས་གཅོད་པ་དེ་ལ་རྒྱལ་ཁྲིམས་ཟེར་བ་རེད། དེ་ཡང་ཐོག་མར་རང་མ་ཐུལ་བར་གཞན་མི་འདུལ་བས་རང་གིས་དགེ་བཅུའི་ཁྲིམས་ལེགས་པར་བསྲུངས་ནས་དེ་ནས་གཞན་ལ་དེ་དང་མཐུན་དགོས་པར་བཀའ་བསྩལ་ན་ཀུན་གྱིས་དང་བླང་བྱེད་པ་ཆོས་ཉིད་ཡིན། གཞན་གྱི་སྲོག་གཅོད་པ་དང༌གཞན་ལ་བརྡུང་བཙོགས་བྱེད་པ་སྤངས་ནས་སྲོག་བསྐྱབས་པ་དང༌། ཚེ་བསླུ་གཏོང་བ་སོགས་བྱས་ན་རང་ཚེ་རིང་ཞིང་ནད་མེད་པ་ཡིན། གཞན་གྱི་ནོར་འཕྲོག་པ་སོགས་མ་བྱིན་ལེན་སྤངས་། སེར་སྣ་མེད་པར་དཀོན་མཆོག་གསུམ་མཆོད་པ་དང༌། ངན་སློང་ལ་སྦྱིན་པ་གཏོང་བ་སོགས་ཕན་བཏགས་ན་རང་ལ་ལོངས་སྤྱོད་རྒྱས་ཤིང་ཆུད་མི་ཟ་བར་བསགས་པ་ཆོས་ཕྱོགས་ལ་གཏོང་ནུས་པ་ཡིན། གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་འཕྲོག་པ་དང༌། འདོད་ལོག་སྤྱོད་པ་སོགས་སྤངས་ནས་ཉ་སྟོང་ཚེས་བརྒྱད་ལ་བསྙེན་གནས་བསྲུང་བ་དང་དགོན་གནས་དང་རྟེན་དྲུང་དུ་མི་ཚངས་སྤྱོད་བསྲུང་བ་དང༌། ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་ལ་བསྔགས་བརྗོད་དང་ཕན་ཐོགས་བྱེད་པ་དང༌། ཚུལ་འཆལ་སྡོམ་ཤོར་སོགས་ལ་ཐུགས་མི་དགྱེས་པའི་རྣམ་འགྱུར་དང༌། བཀག་ཆ་མཛད་པ་དང༌། གྲུབ་རྟགས་དང་ལུང་བསྟན་ཡོད་ཟེར་བའི་ཟོག་པོའི་རིགས་དབུ་འཕང་མི་བསྟོད་པ་སོགས་ཡ་རབས་དམ་པའི་ལུགས་སྲོལ་ལ་གནས་ན་ཚེ་རབས་ཐམས་ཅད་དུ་རང་གི་བདེ་འགྲོའི་ལུས་རྟེན་ཁྱད་པར་ཅན་ཐོབ་པ་དང༌། རང་གི་ཡིད་དང་མཐུན་པའི་འཁོར་ཕུན་སུམ་ཚོགས་པ་འདུ་བ་དང༌། དེ་དག་གིས་རང་མི་བསླུ་ཞིང་བློ་གཏད་ཆོག་པ་སོགས་ཡོང་ངེས་པ་ཡིན། དགོས་པ་མེད་པར་རྫུན་མི་སྨྲ་ཞིང༌བདེན་པར་སྨྲས་ན་རང་གི་ཚིག་གཞན་གྱིས་ཚད་མར་འཛིན་པ་དང༌། གཞན་གྱིས་རང་ལ་བསྟོད་པ་དང༌། བསྔགས་པ་བརྗོད་པ་དང༌། གཞན་གྱིས་རང་ལ་བདེན་པར་སྨྲ་ཞིང་མི་བསླུ་བ་སོགས་ཀྱི་ཕན་ཡོན་ཚེ་འདི་དང་ཕྱི་མ་ཐམས་ཅད་ལ་ཐོབ་ངེས་ཡིན། གཞན་ལ་དགོས་མེད་དུ་ཕྲ་མ་བྱེད་པ་སྤངས་ནས་འཁོན་བསྡུམས་པ་སོགས་བྱས་ན་རང་དང་རང་གི་མཛའ་བཤེས་ཀྱི་བར་དུ་ཕྲ་མ་མི་ཆུད་པར་འདྲིས་ཡུན་འགྲོགས་ཡུན་རིང་བ་དང༌། འཁོར་གཡོག་བཟང་པོ་རང་ལ་ཕན་ཐོགས་ངེས་ཤིག་དང་དུས་ནམ་ཡང་འཕྲད་པ་སོགས་ཡོང་ངེས་ཡིན། དོན་མེད་པར་གཞན་ལ་བརྙས་སྨོད་དང་ཚིག་རྩུབ་གཏོང་བ་སྤངས་ནས་ངག་འཇམ་པོའི་སྒོ་ནས་གཞན་གྱི་ཡིད་ལ་འཐད་པའི་གཏམ་སྨྲ་མཁས་ཤིང་ཀུན་དགའ་བར་བྱས་ན་རང་གིས་མི་སྙན་པ་མི་ཐོས་ཤིང་ཡིད་དུ་འོང་བའི་གཏམ་ཐོས་པ་དང༌སྐྱེ་བོ་ཐམས་ཅད་དགའ་ནས་རང་ལ་འདུད་པ་དང༌། གུས་པ་དང༌། སྙན་པར་བརྗོད་པ་སོགས་འདི་ཕྱི་ཐམས་ཅད་ལ་ཐོབ་ངེས་ཡིན། དོན་མེད་པའི་ངག་འཁྱལ་གླུ་ལེན་པ། སྒྲུང་བཤད་པ། བོན་ཆོས་འདོན་པ་སོགས་སྤངས་ནས་མ་ཎི། ལྟུང་བཤགས། སྒྲོལ་མ། སྐྱབས་འགྲོ་སོགས་ཁ་འདོན་བཟང་པོ་ཚེ་འདི་ཕྱི་ལ་ཕན་ཐོགས་ནུས་སྐྱོབས་ངེས་ཅན་རེ་ལ་དུས་རྒྱུན་པར་གསོལ་བ་བཏབ་ན་ཚེ་རབས་ཐམས་ཅད་དུ་ངག་བཙུན་ཞིང་། ཚིག་གཟུང་བར་འོས་པ་དོན་དང་ལྡན་པའི་གཏམ་སྨྲ་ཤེས་པ། དོན་མེད་པའི་འཆལ་གཏམ་མི་མང་བ། ངེས་པའི་དོན་ལ་སྤོབས་པ་ཆེ་བ། མ་ངེས་པའི་དོན་ལ་སྤོབས་པ་ཆུང་བ་ཡ་རབས་ཀྱི་ལུགས་སྲོལ་ཅན་ཞིག་ཡོང་ངེས་ཡིན། བརྣབ་སེམས་འདོད་པ་ཆེ་ལ་ཆོག་མི་ཤེས་པ་སྤངས་ནས་ནོར་ལོངས་སྤྱོད་ཐམས་ཅད་བསགས་པའི་ཐ་མ་འཛད་པ་ཡུན་རིང་ལ་མི་དབང་བར་གཞན་ལ་ཐོབ་འགྲོ་བ་ཤ་སྟག་ཡིན། དེར་མ་ཟད་རང་གི་ལུས་ལོངས་སྤྱོད། གཉེན་མཛའ་བཤེས་རིགས་རུས་ཐོབ་ཐང་ལོ་བཅུ་སྐོར་ཚུན་ཆད་ལ་འབྲལ་ནས་ས་ཕྱོགས་གཞན་ངོ་མི་ཤེས་པ་ཞིག་ཏུ་ལུས་ངན་པ་ལོངས་སྤྱོད་ཆུང་བ། དབང་ཆུང་བ་ཞིག་ཏུ་སྐྱེ་འགྲོ་བ་ཁོ་ཐག་ཡིན་བསམ་པ་ལྟ་བུའི་བློ་དུས་རྒྱུན་པར་སེམས་ལ་ཤར་ན་ནོར་ལོངས་སྤྱོད་ཀྱི་སྟེང་གི་ཆགས་ཞེན་དང་སེར་སྣ་ལྡོག་ནས་ནོར་ལ་སྙིང་པོ་ལེན་འདོད་འོང་བ་ཆོས་ཉིད་ཡིན། གཞན་ལ་གནོད་སེམས་ཟེར་བ་གཞན་གྱི་དཔལ་འབྱོར་རྒུད་ན་ཅི་མ་རུང་སྙམ་པའི་ཕྲག་དོག་དང་ཁོང་ཁྲོ་ལ་ཟེར། རང་མཐོ་ན་ལོངས་སྤྱོད་རྒྱས་ན་སྙམ་པ་ང་རྒྱལ་དང་འདོད་འདུན་རེད། དེ་ཚོ་སེམས་ལ་ཤར་མི་བཅུག་པར། ཁོང་ཁྲོས་དགེ་རྩ་བཅོམ། ཕྲག་དོག་ཆེ་ན་བསོད་ནམས་ཅན་ཐམས་ཅད་ལ་སྡང་ཞིང་ཁ་ལས་མི་དགེ་བ་སོགས་ཉེས་དམིགས་དྲན་པའི་སྒོ་ནས་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་ཡིན་པས་དགྲ་གཉེན་ལ་ངེས་པ་མེད། ལོ་རེ་རེ་གཉིས་གཉིས་ནས་འགྱུར་འགྲོ། དེས་ན་དགྲ་ལ་སྡང་སེམས་ཧ་ཅང་མི་ཆེ། གཉེན་ལ་ཆགས་སེམས་ཧ་ཅང་མི་ཆེ་བར་དགྲ་གཉེན་འགོ་སྙོམས་ཞིག་ཡོང་ན་སྙམ་དུ་བསམ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ན། སྡུག་བསྔལ་དང་བྲལ་ན་སྙམ་དུ་བྱམས་སྙིང་རྗེ་བསྒོམ་ན་ཚེ་རབས་ཐམས་ཅད་དུ་ལྷ་མི་ཐམས་ཅད་བྱམས་ཤིང་ལས་གང་བསམ་ཐམས་ཅད་འགྲུབ་པར་ལྷ་དང་སྲུང་མ་ཐམས་ཅད་ཀྱིས་སྐྱོང་བར་ངེས་པ་ཡིན། དགེ་བས་ཕན་མི་ཐོགས། སྡིག་པས་གནོད་མི་སྐྱེལ་ཟེར་བ་ལྟ་བུ་ལོག་ལྟ་ཟེར་བ་དེ་རེད། དེ་རྒྱུད་ལ་སྐྱེས་ན་དགེ་རྩ་ཐམས་ཅད་བཅད་ནས་ཕྱི་མ་དམྱལ་བར་སྐྱེ་འགྲོ་བ་རེད། དེ་སྤངས་ནས་ཡང་དག་པའི་ལྟ་བ་ཟེར་བ་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་དེ་རེད། དེ་ལ་སངས་རྒྱས་ལ་ཡིད་ཆེས་དགོས། དེ་ལ་ཡིད་ཆེས་ན་དེས་གསུངས་པའི་མདོ་སྔགས་ཀྱི་ཆོས་ལ་ཡིད་ཆེས་འོང༌། ཆོས་ལ་ཡིད་ཆེས་ན་དེ་ཉམས་སུ་ལེན་པའི་དགེ་འདུན་དང༌། ཆོས་ནས་བཤད་པའི་སྤང་བླང་ཐམས་ཅད་ལ་ཡིད་ཆེས་འོང་བ་རེད། མདོར་ན་དཀོན་མཆོག་གསུམ་ཁོ་ན་ལ་ཡིད་ཆེས་དགོས། མི་མ་ཡིན་རེ་ལ་གཏན་གྱི་སྐྱབས་སུ་འཛིན་མི་ཉན། རང་ཤི་ན་དེའི་འཁོར་གྱི་ཡི་དྭགས་རེ་ལ་སྐྱེ་འགྲོ་ངེས་ཡིན། འདི་ཡན་ཆད་ཀྱི་རང་དགེ་བཅུའི་ཁྲིམས་ལ་གནས་ཚུལ་ཡིན།

གཞན་ཡང་དགྲ་གཉེན་བར་མ་ཐམས་ཅད་དགེ་བཅུའི་ཁྲིམས་ལ་འགོད་དགོས་སྙམ་པའི་ཀུན་སློང་བཅོས། རང་བཞིན་དྲང་ཞིང་བློ་གཟུ་བོར་གནས་པའི་བློན་པོ་དང་འགྲོགས་ནས་དེ་ལ་བློ་འདྲི་དགོས། རང་ཨུ་ཚུགས་ཆེ་ན་མི་བཟང༌། ངོ་བསྟོད་ངོ་དགའ་བྱེད་མཁན་དེ་ལ་བློ་རྩེ་ཆེར་གཏད་རྒྱུ་མེད། གཞན་གྱིས་ངན་སྨྲས་དང་སྐྱོན་གྱི་རིགས་ཐམས་ཅད་གོ་ཡང་ཞུ་མི་སྤོབས། གང་ཡག་ཡག་པོ་དེ་ཞུ་འདུག་པ་རེད། ལྐོག་ཁ་བཙད་པོ་ལའང་གཏོང་ཟེར་བ་ལྟར་ལྐོག་ནས་ངན་བརྗོད་མཁན་དང་བཟང་བརྗོད་མཁན་ལ་མང་ཉུང་མེད། བཤད་ཚད་མི་བདེན། ཁ་ནས་ཡག་པོ་བཤད་ཀྱང་ཁོག་ན་དེ་ཙམ་དགའ་མི་དགའ་མངོན་ཤེས་མེད་ན་མི་ཤེས་པས་ངོ་བསྟོད་ལྟ་བུ་དེ་ལ་ཐུགས་ཧ་ཅང་དགའ་མི་ཉན། ཤ་ཚ་བ་སྙིང་ཉེ་བ་རེ་གཉིས་ཀྱིས་མཚང་དམར་འདོན་འདྲ་བ་རེ་ཞུ་མཁན་ཡོད་ན་ཐུགས་ཟུར་ལ་མི་ཕོག་པར་དེས་བཤད་པ་དེ་བདེན་མི་བདེན་ཐུགས་དཔྱད་བཏང་ནས་གོ་བ་ལེན་ཤེས་ན་མཁས་པ་ཡིན། བསོད་ནམས་ཅན་གྱི་རིགས་དེ་ཚོ་སུ་ཡིན་ཡང་གཏམ་གང་བཤད་པ་དེ་ཐོག་ཏུ་ཁེལ་བ་དང༌། ལས་གང་བསྒྲུབ་པ་དེ་བསམ་དོན་ལྟར་འགྲུབ་པ་རེ་ཞིག་གི་བར་ཡོད་པ་འདྲ་བར་འདུག་ཀྱང་སྙིང་པོ་མེད། དེ་ལ་དམིགས་ནས་ང་རྒྱལ་སྐྱེ་མི་ཉན། ང་རྒྱལ་འདི་ཚེ་རབས་ཐམས་ཅད་ལ་རིགས་དམན་པ་བྲན་གྱི་རིགས་སུ་སྐྱེ་བའི་རྒྱུ་ཡིན། བསོད་ནམས་ལྡན་པའི་མི་ཡི་བསམ་པ་ཐམས་ཅད་འགྲུབ། །ཅེས་གསུངས་པ་ལྟར་བྱ་བ་གལ་ཆེན་རེ་བསྒྲུབ་ན་གཙོ་བོ་དཀོན་མཆོག་གསུམ་ལ་མཆོད་པ་ཕུལ་ལ་སྐྱབས་འགྲོ་བྱས་ནས་བསྒྲུབ་ན་རབ་ཅིག་འགྲུབ། ཞོར་ལ་མགོན་པོ་སོགས་ལའང་འཕྲིན་བཅོལ་བྱས་ན་བཟང༌། གལ་ཏེ་བསམ་དོན་ལྟར་མ་འགྲུབ་ཀྱང་དཀོན་མཆོག་ལ་ཡིད་ཆད་མི་ཉན། འགྲུབ་ཀྱང་དོན་མེད་པ་ཞིག་ཡིན་ལས་ཆེ། དཀོན་མཆོག་གསུམ་མི་བསླུ་བ་རེད་བསམ་དགོས། བསོད་ནམས་ཟད་པའི་ཚེ་ན་བསམ་དོན་ལྟར་མི་འགྲུབ་པ་མང་པོ་འོང་བར་གསུངས་པས་དེ་ལྟར་བྱུང་ན་སྟབས་གཟབ་དགོས། དེ་འཆི་ལྟས་ཡིན་ཟེར་དར་བས་མོ་ལྟ་རྩིས་འདེབས་གལ་ཆེ། སྐུ་རིམ་རིམ་གྲོ་གལ་ཆེ། མི་སུ་ཡིན་ཡང་རང་གི་དབང་དུ་འགྱུར་བར་ངེས་ན་བཙན་པོའི་གཉའ་ནོན། གཉོམ་ཆུང་གི་ཟེ་འཐེན་བྱེད་པ་གལ་ཆེ་བས་དྲང་པོའི་ལམ་དུ་གཏོང་ཐབས་ལ་ཐུགས་རྩེ་གཏད་དགོས། གལ་ཏེ་དབང་དུ་མི་འདུ་བར་ཤེས་ན་ཨུ་ཚུགས་མཐའ་སྐྱེལ་མི་གནང་བར་ཐབས་མཁས་པའི་སྒོ་སྣ་ཚོགས་ནས་བསྡུ་དགོས་རིགས་ཀྱང་ཡོད། རང་ཡན་ཆད་ཀྱི་དབང་ཆེན་ཚོ་ལ་སྟབས་ཡག་ཉེས་ཆེ་བས་སྟབས་གཟབ་དགོས། འཐེན་ལྷོད་མ་ཤེས་ན་ཉེས་ཁ་ཆེན་པོ་འོང་ངེས་ཡིན་པ་གཞན་ཚོ་ལ་བལྟས་ན་ཤེས། མདོར་ན་དགྲ་སྡེ་ཟིལ་གྱིས་གནོན་པའི་དཔའ་རྩལ་དང༌། མངའ་འབངས་ཆོས་བཞིན་སྐྱོང་བའི་བྱམས་བརྩེ་ཟེར་བ་རྒྱལ་པོའི་ལུགས་སྲོལ་ཡིན་ཀྱང༌། རང་རེའི་དཔོན་སྔ་མ་ཚོ་ཆོས་རྒྱལ་ཤ་སྟག་ཡིན་པས་ཆོས་མིན་གྱི་ལས་མང་པོའི་མགོ་མི་འཛིན་པས་དེ་ལུགས་བྱས་ན་བཟང་སྙམ་པ་ཤར། མདོར་ན་ཚེ་ཐུང་དགུན་ཉི་ལྟ་བུ་འདི་ལ་སྐྱིད་ཀྱང་སྐྱིད་ཁོམ་སྡུག་ཀྱང་སྡུག་ཁོམ་ཆེན་པོ་མེད། ལོ་གཉིས་གསུམ་ཙམ་ནས་བྱ་བཞག་ཕལ་ཆེར་འགྱུར་འགྲོ་བ་རེད། བསམ་པའི་མཐའ་མ་བསམ་པ་ཞིག་གིས་སྡུད་འགྲོ་བ་རེད། ཕུན་སུམ་ཚོགས་པ་ཐམས་ཅད་རྒུད་འགྲོ་བ་ཡིན་པས་དལ་འབྱོར་ཐོབ་པ་དོན་ལྡན་རེ་བྱས་ཏེ། འཆི་ཁ་སྐྲག་མི་དགོས་པའམ་མི་འགྱོད་པ་རེ་འོང་ཐབས་ཐུགས་ལ་ཟུངས། ཞེས་ས་སྐྱོང་མིའི་དབང་པོ་དབལ་ཤུལ་སྐལ་བཟང་མགོན་པོ་ལ་རིན་ཕྲེང་སྐྱེ་མིང་བས་སྙན་བསྐུལ་ཕུལ་བ་ལགས། དགེའོ། ། སརྦ་མངྒ་ལཾ།

  ཞེས་གོང་གསལ་བསླབ་བྱ་འདི་སེ་རའི་རིན་འཕྲེང་རིན་པོ་ཆེས་དབལ་ཤུལ་སྐལ་བཟང་མགོན་པོས་ཞུས་ངོར་བསྩལ་པ་ཞིག་ཡིན་འདུག དབལ་ཤུལ་སྐལ་བཟང་མགོན་པོ་ནི་ཕྱི་ལོ་༡༩༥༩་ལོར་གཡུལ་འཁྲུགས་སར་རྒྱ་དམར་གྱིས་བཀྲོངས་པའི་དབལ་ཤུལ་བསྟན་འཛིན་མགོན་ནམ་དབལ་ཤུལ་རིག་འཛིན་དོན་གྲུབ་ཀྱི་ཡབ་རེད། ལུགས་གཉིས་བླང་དོར་སྟོན་པའི་བསླབ་བྱ་འདི་དབལ་ཤུལ་སྐལ་བཟང་མགོན་པོ་ཡན་ཆད་ཀྱི་གསེར་རྟའི་དཔོན་རབས་ཚོའི་རྒྱལ་ཁྲིམས་བསྐྱངས་པའི་ལུགས་སྲོལ་ཕལ་ཆེར་སོར་བཞག་བསྩལ་པ་ཞིག་ཡིན་འདུག་སྟབས། དབལ་ཤུལ་གསེར་རྟའི་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་ཉམས་ཞིབ་གནང་མཁན་གཟུར་གནས་རྣམ་དཔྱོད་ཅན་དག་ལ་ཕན་ཆེད། རིན་འཕྲེང་གསུང་འབུམ་ནས་འདིར་ཟུར་འདོན་ཞུས།

  ཕྱི་ལོ་༡༩༥༩ལོའི་བར་གྱི་དབལ་ཤུལ་གསེར་རྟའི་གནས་བབ་དང༌། རྒྱ་དམར་ནག་གིས་གསེར་གྱི་ཆོ་ལོ། ཐོབ་གོ་ས་དངུལ་ལོར་བཅས་ཀྱིས་བསླུ་བྲིད་མ་ནུས་པའི་དབལ་ཤུལ་གསེར་རྟའི་དཔོན་རིགས།

དེ་ཡང་༧གོང་ས་མཆོག་གི་ཞལ་ནས་བོད་ཤར་ཕྱོགས་ཀྱི་འགའ་རེ་ནི་སྔོན་མ་བར་ལམ་ནས་ཁྲིམས་མགོ་རང་བཙན་གྱི་ཟོལ་གྱིས་གནས་ཡོད་པ་རེད། ཅེས་གསུངས་པ་ལྟར་ཕྱི་ལོའི་དུས་རབས་༡༧་པའི་དཀྱིལ་ཙམ་ནས་མགོ་ལོག་ཁག་གསུམ་གྱི་འབྲི་རིགས་ཀྱི་དཔོན་རྣམས་ཀྱི་ཆབ་སྲིད་ཀྱི་མངའ་ཐང་ཇེ་ཞན་དུ་ཕྱིན་པ་ནས་ཕྱི་ལོ་༡༩༥༩་བར་དུ་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟ་ལ་མཚོན་ན་ཁྲིམས་མགོ་རང་བཙན་གྱི་ཡུལ་ཁམས་ཞིག་ཡིན་པ་རེད། ཕྱི་ལོ་༡༩༤༥་ཡར་སྔོན་དུ་གོ་མིན་ཏང་གིས་དབལ་ཤུལ་གསེར་རྟའི་དཔོན་པོ་ཚོར་འབྲེལ་ལམ་འཛིན་ཐབས་སྒོ་གང་ས་ནས་ལན་མང་བྱས་སྐབས་དེ་དག་གི་དབལ་ཤུལ་གསེར་རྟའི་དཔོན་རིགས་ཚོས་མོས་མཐུན་བྱས་མི་འདུག དེ་རྗེས་ཕྱི་ལོ་༡༩༤༩་ཚུན་ཆད་ནས་རྒྱ་དམར་གུང་ཁྲན་གྱིས་བོད་སར་བཙན་འཛུལ་སྐབས། གུང་ཁྲན་གྱིས་ཀྱང་སྐབས་དེའི་དབལ་ཤུལ་གསེར་རྟའི་དཔོན་ཆེན་དབལ་ཤུལ་བསྟན་འཛིན་མགོན་ནམ། དབལ་ཤུལ་རིག་འཛིན་དོན་གྲུབ་ལ་ཞི་དྲག་ཚ་འཇམ་སྣ་ཚོགས་ཀྱིས་རྒྱ་ནང་ལ་མགྲོན་འབོད་དང༌། འབྲེལ་ལམ་འཛིན་ཐབས་བྱས་ཀྱང་ཁོང་གིས་ང་རྒྱ་ཡུལ་ལ་ཡོང་དགོས་དོན་མེད། ང་ལ་ཟླ་ཕོག་དང༌། ཐོབ་གོ་ས་ཅི་ཡང་ཁྱེད་ཚོས་སྤྲད་དགོས་དོན་མེད། ཁྱེད་ཚོ་ཡང་ང་ཚོའི་ས་ཐོག་ལ་ཡོང་དོན་ཡོད་པ་མ་རེད་ལ་ཡོང་ཡང་མི་ཆོག ཅེས་ཨུ་ཚུགས་མཐའ་བསྐྱལ་དང༌། ཐབས་བརྒྱ་བྱུས་སྟོང་གིས་གསེར་རྟ་ས་ཆར་རྒྱ་དམག་འགོག་ཐབས་སུ་མཐའ་གཅིག་ཏུ་བརྩོན་པར་མཛད་རབས་ནི་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་དམངས་ཁྲོད་ལ་ད་བར་ཡོངས་གྲགས་ཤིག་ཡིན།

      དབལ་ཤུལ་གསེར་རྟའི་ཁྲིམས་དང༌། ཁྲིམས་གཏམ།

དབལ་ཤུལ་གསེར་རྟའི་ཡུལ་གྲུ་འདི་ན་རྒྱལ་ཁྲིམས་བཙན་པོ་མི་བཟོད་པ་ཡང་མེད་ལ། དྲག་ཞན་ལ་ལྟོས་ནས་རྡུང་རྡེག་བཅོམ་འཕྲོག་གསོད་གཅོད་སོགས་ཁྲིམས་མེད་ལུགས་མེད་ཀྱི་རྗེ་འབངས་ཤིག་ཀྱང་མིན། འོ་ན་རྗེ་ཡིས་འབངས་སྐྱོང་སྟངས་དང་འབངས་ཀྱིས་རྗེ་བཀུར་སྟངས་རྗེ་འབངས་བར་གྱི་འབྲེལ་བ་ཇི་ལྟར་ཡིན་ཞེ་ན། གཅིག་མཚུངས་ཀྱིས་དང་ལེན་བྱེད་པའི་ཁྲིམས་སམ་སྲོལ་རྒྱུན་ལ་ཁྲིམས་བཞི་འགུགས་བརྒྱད་དང་ཇག་བུ་རྟའི་འགྲོ་སྡུད། ཁྲལ་ཨ་རིའི་རྫུས་སྒྲིག སྐྱ་ལོ་སྔོ་ཁྲིམས། ཇག་རྒྱ་རྔོན་ཁྲིམས། དཔོན་གྱིས་སྡེ་དང༌། སྡེ་ཡིས་དཔོན་ལ་གཅིག་ཕན་གཅིག་རོགས། གོང་མར་གུས་བཀུར། འོག་མར་བྱམས་སྐྱོང༌། མཆོད་འབུལ་སྦྱིན་གཏོང༌། འདོན་སྒྲུབ་མཆོད་བསྟོད། དགེ་སྒྲུབ་སྡིག་སྤོང་སོགས་ཀྱི་ཁྲིམས་སམ་སྲོལ་རྒྱུན་ཡོད། སྡེ་དཔོན་རྣམས་ལ་ཆེ་འགྱིང་ང་རྒྱལ་མེད་ལ་བྱམས་སྐྱོང་ཞི་བདེའི་ཆབ་སྲིད་ཀྱི་ཐབས་ཤེས་འདོན་པར་འབངས་ཀྱིས་ལྷ་ཁྲིམས་ཞེས་བཏགས་ཏེ་དབལ་ཤུལ་དཔོན་ནི་མགོན་པོ་འབྲོང་རིའི་ལྷ་སྲས་ཡིན་ཟེར་ཏེ། ཆོས་ལུགས་ལྟར་དཔོན་ལ་བླ་སྤྲུལ་གྱི་འདུ་ཤེས་བཟུང་ནས་སྐྱབས་འཇུག་དང་མཆོད་གནས་བྱེད་པ་ལུང་བསྟན་ཞུ་བ། གསོལ་བ་འདེབས་པ་སོགས་ཀྱི་ལུགས་སྲོལ་ཆགས་ནས་རྗེ་འབངས་བར་གྱི་འབྲེལ་བ་དགེ་ཞིང་ལེགས་པས་རྗེ་ཡི་སྲིད་དབང་ཡུན་རིང་དུ་བརྟན་པ་བྱུང༌།

      གསེར་འབྲོག་གི་ཁྲིམས་གཏམ།

ལེགས་སོ། ད་དེ་རིང་མདོ་སྨད་གསེར་ཡུལ་འཛིན་མའི་གཞི་ཁྱོན་འདི་ས་ཁ་རྒྱ་ཆེ་ས། གནམ་ལྟོ་བ་ཡངས་ས། ཞྭ་དཀར་ལྡོང་གི་རྒྱུད་པ་དབལ་ཤུལ་དཔོན་ཚང༌། གནམ་ལྷ་བབ་ཀྱི་རྒྱལ་པོ། ས་ལྷུན་གྲུབ་ཀྱི་མངའ་བདག་འདི་ལ། ཕྱི་ཁྲི་སྡེ། ནང་སྟོང་སྡེ། ཧུ་ར་བརྒྱ་སྡེའི་མངའ་ཐང་འདི། མཚོ་ཆེན་པོ་ཁ་ཞགས་ཀྱི་ལེ། སྡེ་ཆེན་པོ་འཇམ་དལ་ཉི་ལེར། སྲིད་འབྱོར་དགུང་སྔོན་དབྱིངས་དང་མཉམ་པའི་བསྐལ་བཟང་ལྷ་ཉིན་དཀར་པོ་འདི་ལ། ངས་གོང་བཞུགས་རྗེ་ཡི་གདུང་རབས། འོག་སྡེ་སྲིད་པའི་ཆགས་ཚུལ། ལུགས་ཟུང་ཁྲིམས་ཀྱི་དར་ཚུལ། མདོར་བསྡུས་ཤིག་སྐབས་སུ་བབ་པའི་གཏམ་དང༌། དུས་སུ་བབ་པའི་ཆར་གྱི་དཔེ་ལྟར་ཞུ་དགོས་ན། གཏམ་ཡར་ཞུ་རྒྱལ་པོའི་ཐུགས་ལ་འབབ་ནི་ཞིག་དང༌། གཏམ་མར་བཤད་ཁྲོམ་པའི་རྣ་བར་སྙན་ནི་ཞིག་ཞུ་བཤད་མི་ཤེས་པ་ནི། བདག་ལ་སྦྱང་བའི་བློ་གྲོས་ཉག་ཕྲ་ནི། ཤེས་བྱའི་མཐོང་རྒྱ་གྲངས་ཉུང་ནི་འདྲ་འདྲ་ཞིག་གིས་ཡིན་རུང༌། ད་ངས་རྟེན་འབྲེལ་བརྡ་མཚོན་ཙམ་ལ། ངོ་མཚར་གཏམ་གྱི་ལབ་གླེང་བྱེད་པ་ལ། གོང་བཞུགས་རྗེ་ཡི་གདུང་རབས་བྱོན་ཚུལ་ནི། གངས་དཀར་ཚར་དུ་དངར་བའི་ཞིང་ཁམས་འདི་ལ། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་གནམ་ལ་ཁྲི་བདུན་དང༌བར་གྱི་སྟེང་གསུམ། ས་ལ་ལེགས་དྲུག ཆུ་ལ་སྡེ་བརྒྱད། བར་ལ་བཙན་ལྔ༌། བོན་གྱི་རྒྱལ་པོ་བཞི། ཆོས་ཀྱི་རྒྱལ་པོ་བཅུ། མཐའ་མའི་རྒྱལ་པོ་གཅིག་བཅས་རྒྱལ་རབས་བཞི་བཅུ་ཞེ་ལྔ་ཡིད་བཞིན་དབང་གི་རྒྱལ་པོ་ཕྲེང་མ་ཆད་པར་བྱོན་ལ་དེའི་ནང་དུ་ཤིན་ཏུ་སྐྱིད་པའི་རྒྱལ་རབས་ཕྱེད་དང་བཅུ་གསུམ་དང༌། དེ་ལས་ཀྱང་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཉི་ཟླ་སྐར་གསུམ་གྱི་ཚུལ་དུ་བྱོན་ནས་སྲིད་དཔལ་གྱི་མངའ་ཐང་དགུང་དང་མཉམ་མོ། །འོག་སྡེ་སྲིད་པའི་ཆགས་ཚུལ་ལ་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་སོགས་ཀྱི་མངའ་ཐང་ཕྱོགས་བཅུར་རྒྱས་པས་ཕྱི་གངས་ལྗོངས་ཡངས་པའི་གཞི་ཁྱོན་རྒྱ་ཆེ་ལ། ནང་གདོང་དམར་བོད་ཀྱི་རུས་ཚན་གྲངས་མང་བར་གྱུར། དེས་ན་འབངས་སྡེ་སྐྱོང་བའི་རྗེ་ཡོད་ན། སྐྱོང་བྱེད་ཁྲིམས་ཀྱི་གཞི་ཡང་ཡོད་དགོས་པའི་དཔེ་ལྟར་རྒྱལ་ཁྲིམས་གསེར་གྱི་འཁོར་ལོ་རྩིབས་སྟོང་དེ་འཕགས་མཆོག་ཕྱག་ན་པདྨོའི་ཐུགས་བསྐྱེད་དམ་བཅའི་སྨོན་ལམ་དུས་སུ་བབ་པ། གང་འདུལ་སྤྲུལ་བའི་རྒྱལ་པོ་ཚངས་པ་ཆེན་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་བསམ་བཞིན་དུ་བསིལ་ལྗོངས་གདོང་དམར་གྱི་སྐྱེ་འགྲོར་ལུགས་གཉིས་ཁྲིམས་ཀྱིས་སྐྱོང་བའི་རྗེ་བོར་བྱོན་ཏེ། ཐབས་མཁས་འགྲོ་བ་འདུལ་བའི་ཕྱིར་དུ་བཀའ་ཡི་ཁྲིམས་ཆེན་དྲུག་བཞག་པ་ནི། ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་དང༌། འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས། རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས། མདོ་ལེན་ཞུ་བཅད་ཀྱི་ཁྲིམས། དབང་ཆེན་བཀའ་(བཀས་)བཅད་ཀྱི་ཁྲིམས། ཁབ་སོ་ནང་གི་ཁྲིམས་ཏེ་དྲུག་བཞག དེ་ནས་མཛངས་བློན་ཐུ་མི་རྒྱ་གར་འཕགས་པའི་ཡུལ་དུ་མངགས་ནས་དམ་པ་ཆོས་ཀྱི་སྲོལ་བཏོད་ཅིང༌ཆོས་རྒྱལ་ཆེན་པོས་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཞག་པ་ནི། དཀོན་མཆོག་ལ་གུས་པ་དང༌། དམ་པའི་ཆོས་སྒྲུབ་པ། ཕ་མར་བཀུར་བ། ཡོན་ཏན་ཅན་གོང་དུ་བཀུར་བ། རིགས་མཐོ་བ་དང་རྒན་པ་ལ་ཕུ་དུད་བྱེད་པ། ཡུལ་ལ་ཕན་འདོགས་པ། ཡིད་དྲང་བ། མིག་ཡ་རབས་ལ་ལྟ་བ། ཟས་ནོར་སྤྱོད་ཤེས་པ། དྲིན་ཅན་ལ་དྲིན་ལན། བྲེ་སྲང་ལ་གཡོ་སྒྱུ་མེད་པ། སྤྱི་སྙོམས་ཤིང༌ཕྲག་དོག་མེད་པ། བུད་མེད་ཀྱི་ཁ་ལ་མི་ཉན་པ། ངག་འཇམ་ཞིང་སྨྲ་མཁས་པ། ཐེག་ཆེ་ཞིང་བློ་ཁོག་ཡངས་པ། མཛའ་བཤེས་ལ་གཞུང་དྲང་བ་རྣམས་བཞག་ནས་ལུགས་ཟུང་གི་ཁྲིམས་ཡོ་མེད་ཚངས་པའི་ཐིག་འདྲ་བ་ཞིག་གིས་མངའ་རིས་སུ་གཏོགས་པ་ཐམས་ཅད་བདེ་སྐྱིད་དགའ་བ་བརྒྱ་ལྡན་གྱི་འགྲན་ཟླར་འོས་པ་ཞིག་ཏུ་གྱུར། ཕྱིས་སུ་བོད་ཀྱི་སྡེ་སྲིད་སྐྱོང་བ་རིམ་བྱོན་གྱིས། ནག་ཆེན་ཁྲག་གཅོད་ཀྱི་ཞལ་ལྕེ་དང༌། བསད་པ་སྟོང་གི་ཞལ་ལྕེ། བརྐུས་པ་འཇལ་གྱི་ཞལ་ལྕེ། བསྙོན་ཧམ་མནའ་དག་གི་ཞལ་ལྕེ་སོགས་ཞལ་ལྕེ་བཅུ་གསུམ་དང་བཅུ་དྲུག་རྣམས་བླང་དོར་ལམ་སྟོན་གསལ་བའི་ཁྲིམས་སུ་བཅས་ནས་ཁྲིམས་ལྡན་བོད་ཀྱི་རྒྱལ་ཁམས་སུ་གྱུར་བ་ཡིན་ལ། སྡེ་བ་སོ་སོ་ལ་ཡུལ་ཁྲིམས་ཐ་དད་རེ་ཡོད་པ་ནི། ཕྱིས་བལྟས་ན་གཡང་དཀར་ཁྱུ་གཅིག་ལ། སྒོས་མ་རེའི་རྩིབ་ན་བུ་རེ་ཞེས་པའི་དཔེ་ལྟར། ས་གནས་ཡུལ་སྲོལ་རེ་ལ་བབ་བསྟུན་བདེ་འགོད་ཀྱི་ནང་ཁྲིམས་ལག་བསྟར་མ་རེ་ཡོད་ཀྱང༌། ད་རྗེ་དཔོན་གོང་མ་ཚོས་མཛད་པའི་ཁྱབ་ནོན་བླང་དོར་གསལ་བའི་ཡུལ་ཁྲིམས་ཤིག་ཡོད་པ་ནི། ཁྲིམས་བཞི་ལ་འགུགས་བརྒྱད་བཀོད་ཡོད་པ་དེ་ཡིན་ལ། ཁྲིམས་བཞི་ནི་མི་བསད་ན་སྟོང་དང༌། རྐུ་བྱས་ན་འཇལ། རྫུན་བཤད་ན་མནའ། ཆུང་མ་ཕྲོགས་ན་རིན་དང་བཞི། འགུགས་བརྒྱད་ནི་བཙན་པོའི་ཁ་གནོན་དང༌། གཉོམ་ཆུང་གི་འདབས་སྐྱོར། ཕྱིའི་ཁ་གོང༌། ནང་གི་ལ་རྒྱ། ཡ་རབས་ལ་བཟང་བསྟོད། མ་རབས་ལ་དམའ་འབེབ། བཟང་པོ་ལ་གཏང་རག ངན་པ་ལ་ཆད་པ་དང་བརྒྱད། ཁྲིམས་དེ་ཚོ་ཁྱབ་ནོན་གྱི་སྡེ་ཁྲིམས་སྤྱི་ཡིན། དེ་མིན་རང་སྡེ་རེ་ལ་རང་ཁྲིམས་དམིགས་བསལ་བ་རེ་ཡོད་པ་དེ་ཚོ་བརྩི་སྲུང༌དང་ལེན་བྱེད་པར་ཁྲིམས་ཀྱི་གཞི་ནི་ངོ་ཚ་ཁྲེལ་ཡོད་དང༌། ཁྲིམས་ཀྱི་རྩ་བ་ནི་དོ་མཉམ་པ་དེ་ཡིན། དེས་ན་ཕྱི་ན་དགྲ་མེད་པ། ནང་ན་གྱོད་མེད་པའི་དཔེ་ལྟར་འཐབ་ཅིང༌རྩོད་པའི་འཁྲུག་ལོང་དང་ཁ་མཆུ་དཀར་ནག་ཁྲ་གསུམ་སོགས་མི་བདེ་བ་བདེ་བ་ལ་འགོད་པའི་ཆོས་སྲིད་བླང་དོར་གྱི་གནས་རྣམས། འཁྱོག་བྲལ་དྲང་པོར་སྲང་བ་ཚངས་པའི་ཐིག་གི་ཁྲིམས་བཟང་གསལ་བ་འདི་ལ་བརྟེན་ནས་ཉེས་ཅན་ལ་ཆད་པ་དང༌སྡིག་ཆེན་ལ་རྣམ་སྨིན་ཡོང་དུ་འཇུག་པ་ནི་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་དང༌། ལེགས་པའི་རྒྱལ་ཁྲིམས་ལ་བརྩི་སྲུང་དམ་གནས་ཡོང་བའི་ཐབས་རྒྱ་གཅིག་ཡིན། མ་ཟད་གོང་དཔོན་པོས་ཅི་གསུངས་ལ་ཡ་ཡ་ཡིན་ཡིན། འབངས་སྡེ་བའི་སྐྱིད་སྡུག་ལ་གཅིག་ཕན་གཅིག་གྲོགས་བྱས་ན། ཕྱི་པདྨ་དཀར་པོའི་རྒྱ་མི་ཞིག །ནང་ཅོ་ག་གྲོ་མོའི་ཚང་མི་འཐོར། །ཟེར་བའི་དཔེ་བཞིན་འོང་བ་དང༌། དེ་ལྟར་དུ་བྱས་ན་གཅིག་བཤད་ན་སྡེ་དཔོན་མགོ་འཛོམས་ཀྱང་ཟེར། གཉིས་བཤད་ན་སྡེ་དཔོན་ཁྲིམས་ལྡན་ཡང་ཟེར། ཕྱི་ནས་ཁྲིམས་འཛིན་གྱི་དཔོན་ཞིག་དང༌ཁྲིམས་སྲུང་གི་སྡེ་རེ་བྱེད་རྒྱུ་བཀའ་དྲིན་མི་ཆུང་བར་ཞུ་ཞུ། གོང་དུ་ཞུས་པ་དེ་ཚོ་རེད་བསམ་ན་རི་བོའི་རྩེ་དང༌། རེད་མ་བསམ་ན་ཆུ་ཆེན་འགྲམ་དུ་ཞོག་དང་ཆོག་གི དེ་མིན་ཞུ་བྱ་ཅི་ཡང་མེད་པས་ཀུན་གྱིས་ངེས་འདྲོངས་མཛོད། ཅེས་སོ། །གོང་གསལ་དབལ་ཤུལ་གསེར་རྟའི་ཁྲིམས་དང༌། ཁྲིམས་གཏམ་ཞེས་པའི་ཚན་པ་འདི་གཉིས་ཀ་དབལ་ཤུལ་བསོད་ནམས་དར་རྒྱས་ཀྱིས་བརྩམས་པའི་གསེར་ཐལ་གྱི་ལོ་རྒྱུས་དང་སྲོལ་རྒྱུན་ཞེས་པའི་དེབ་ནས་ཟུར་འདོན་ཞུས།

      རྒྱ་དམར་བཙན་འཛུལ་བས་དྲག་གནོན་དང༌། གསེར་རྟ་མི་མང་གིས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ།

དབལ་ཤུལ་གསེར་རྟའི་ལྷོ་མཐའི་འགག་སྒོ་ནས་མ་ཁོག་པར་ཏྲེ་ཧོར་བྲག་མགོ་ཕྱོགས་ནས་རྒྱ་དམར་བཙན་འཛུལ་བ་གསེར་རྟ་ས་ཆར་ཐོག་མར་བསླེབས་པ་དང༌། སྐབས་དེར་རྒྱ་སྣེ་ཁྲིད་ཡོང་མཁན་གྱི་གཙོ་བོ་ཡང་སྔོན་ར་སྟག་ནང་འཁྲུག་གི་དུས་སུ་སེ་ར་བྱེས་པ་གྲྭ་ཚང་གི་མཁན་པོ་ཞིག་བོད་གཞུང་ལ་ངོ་ལོག་ནས་རྒྱ་ནང་དུ་ཕྱིན་པའི་སེ་རའི་མཁན་པོ་ངག་དབང་རྒྱལ་མཚན་ཟེར་བ་དེ་ཡིན་པར་གསེར་རྟ་ས་ཆ་ཕལ་ཆེ་བར་གྲགས་ཤིང༌། མཁན་པོ་དེས་གོས་ཆེན་གྱི་ལྭ་བ་སེར་བོ་ཞིག་གྱོན་ནས་སྐུ་སྲུང་དམག་མི་ཚོ་དང་མཉམ་དུ་འགྲོ་བཞིན་འདུག ཅེས་ཕྱི་ལོ་༡༩༥༩་ལོར་བོད་ནས་བཙན་བྱོལ་ལ་འབྱོར་ཞིང༌། བྷེལ་ཀོབ་གཞིས་ཆགས་སུ་གནས་སྡོད་ཀྱིས་རང་ལོ་༧༤་ལ་སོན་པ་ཕྱི་ལོ་༢༠༠༨་ཟླ་༥་ཚེས་༡༠་ཉིན་འདས་གྲོངས་ཕྱིན་པའི་གསེར་རྟ་པདྨ་དོན་གྲུབ་མཆོག་གི་ངག་ནས་ཐོས། སྐབས་དེར་ཁོང་གིས་རྒྱ་སྣེ་འཁྲིད་བཞིན་གོས་ཆེན་ལྭ་བ་གྱོན་ཏེ། མི་མང་གིས་མཐོང་སར་འབུད་དགོས་དོན་ཡང་ཁོང་ལ་གྲྭ་སའི་མཁན་པོའི་མིང་ཡོད་པ་དང༌། བོད་མིར་ཆོས་དད་ཆེ་བ་སོགས་ལ་བརྟེན་མི་མང་གི་བློ་འགུག་ཐབས་ཡིན་ཡང་སྲིད། འོན་ཀྱང་ཁོང་ལ་དབལ་ཤུལ་གསེར་རྟའི་ས་ཆར་རྒྱལ་ཚོང་བ་དེ་གསོད་ཐུབ་ན་དགེ་བ་ཡོད་ཟེར་མཁན་ལས། དེར་མཇལ་ཁ་ཞུས་ན་བྱིན་རླབས་ཡོད་ཟེར་མཁན་བྱུང་མི་འདུག རྒྱ་དམར་བཙན་འཛུལ་བས་ཡུལ་ཁག་བར་འབྲེལ་ལམ་དང༌། མི་མང་ལ་རོགས་རམ་སོགས་ཀྱི་མིང་ཐོག་ནས་ཕན་འདོད་ཀྱི་རྣམ་འགྱུར་བཅོས་མའི་འཛུམ་མདངས་སྟོན་བཞིན་ཕྱི་ལོ་༡༩༥༢་ལོར་གསར་དུ་གསེར་རྟ་ས་ཆར་འཛུལ་ཞུགས་བྱས་འདུག་ཀྱང་། གསེར་རྟའི་དཔོན་ཆེན་དབལ་ཤུལ་རིག་འཛིན་དོན་གྲུབ་ཀྱིས་དང་པོ་ནས་མཐའ་གཅིག་ཏུ་རྒྱ་དམར་ལ་ངོ་རྒོལ་བྱས་རབས་དང༌། རྒྱ་དམར་ལ་རྒོལ་གཏམ་སྤེལ་རབས་སོགས་ཧ་ཅང་མང་མོད། འདིར་དེ་ཙམ་ལས་མང་བར་དོགས་ནས་མ་བྲིས་ཀྱང༌། དབལ་ཤུལ་གསེར་རྟའི་དཔོན་བློན་དང༌། མི་མང་གིས་རང་སྲོག་བློས་བཏང་ནས་རྒྱ་དམར་བཙན་འཛུལ་བར་རྒོལ་འཛིང་གནམ་ས་འགུལ་བ་ལྟ་བུའི་གཡུལ་འཁྲུག་ལན་མང་བྱས་རབས་སོགས་ཨ་མདོ་ཨ་ཁུ་རྡོ་ཐར་དང༌། ཉག་རོང་ཨ་བསྟན་སོགས་ཀྱི་དེབ་ནང་སྙིང་བསྡུས་རེ་འཁོད་ཡོད་པ་རྣམས་འོག་ཏུ་བཤད་པར་འགྱུར་ཞིང་། དོ་སྣང་ཆེན་པོ་ཡོད་པ་རྣམས་ཀྱི་རེ་བ་སྐོང་ཆེད་དུ་དམིགས་ཚད་ལྡན་ཡིག་ཆའི་ནང་གསལ་བའི་ཁུངས་ལྡན་ལོ་རྒྱུས་རེ་ཟུང་འདིར་བཀོད་ན། དེ་ཡང་བོད་གཞུང་ཕྱི་དྲིལ་ཟུང་དྲུང་བ་རི་ཟླ་བ་ཚེ་རིང་མཆོག་གིས་རྒྱ་ཡིག་ཐོག་བརྩམས་ཤིང་། འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་བོད་བསྒྱུར་བྱས་ཏེ། ཕྱི་ལོ་༢༠༠༧་ལོར་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་ཐེངས་དང་པོར་དཔར་བསྐྲུན་བྱས་པའི་<<ཟུངས་ཁྲག་དྲོན་མོ་གངས་ཅན་ལྗོངས་སུ་མཆོད།>> ཅེས་པའི་སྟོད་ཆའི་ཤོག་ངོས་༡༨༠་བའི་ཐིག་འཕྲེང་༢་ན། སྐབས་དེར་དམངས་གཙོ་བཅོས་བསྒྱར་གྱིས་ཁམས་ཁུལ་ཚང་མར་འཐབ་འཁྲུགས་ལངས་ཏེ། གྲོང་ཚོའམ། ཚོ་བ་རེའི་མི་བཅུ་གྲངས་ཙམ་འདུས་ནས་རྒྱ་རྒོལ་བྱས་པས། རྒྱ་མིས་ཚུར་རྒོལ་འོག་རང་སར་གནས་ཐབས་མེད་པར་རི་འགོར་བྲོས་པའམ་ཕྱི་ལོགས་སུ་བྲོས་པ་ལས་ཐབས་མེད། འོན་ཀྱང་ཝ་(དབལ་)ཤུལ་གསེར་ཐར་གྱི་རྒྱ་རྒོལ་དཔུང་དམག་ཚོ་མི་མང་ཞིང་དཔའ་ངར་ཆེ་བས། རྒྱ་མི་དང་དམག་འཁྲུག་བརྒྱབ་ནས་རྒྱལ་ཁ་ཐེངས་མང་པོ་ཐོབ་པ་དང་། བྲག་མགོ་དང་ཐག་ཉེ་བའི་གཙང་སྟོད་དང་གཙང་སྨད། ལི་རྫོང་ཆོས་གཞིས། ལེ་(ལི་)ཁོག གཡུ་ཁོག་སོགས་ཚང་མར་རྒྱ་རྒོལ་དམག་དཔུང་བཙུགས་ཡོད། དེ་ནས་བྱང་ཁུལ་དུ་འགོ་(མགོ་)ལོག་གི་དབང་ཆེན་འབུམ་ཁོངས་ཀྱི་སྟོད་པ་དང་། འབོས་པ། གྲི་ལུང་ཚང་། ཁ་ནང་ཚང་གི་རྒྱ་རྒོལ་དམག་དཔུང་ཡང་ཁོང་ཚོ་དང་མཉམ་དུ་འཛོམས་ཡོད་པས། དམག་འཁྲུག་སྐབས་རྒྱ་དམག་ཐེངས་མང་པོར་ཕམ་པར་བྱས་ནས། སྡེ་དགེ་དང་། ཉག་རོང་། བྲག་མགོ དར་རྩེ་མདོ། རྡོ་ཁོག ཁྲོ་ཆུ་སོགས་ཀྱི་བོད་མི་གཅིག་རྗེས་གཉིས་མཐུད་ཀྱི་ཁོང་ཚོས་གྲས་སུ་ཞུགས་ཤིང་། བོད་དམག་ཧ་ཅང་སྟོབས་ཆེན་པོ་ཆགས་ཡོད། ཅེས་དང་།
ཡང་དེའི་ཤོག་གྲངས་༡༨༢་པའི་ཐིག་འཕྲེང་༡༣་ན། སྐབས་དེར་གསེར་རྟ་ས་ཁུལ་དུ་བོད་དམག་ཁྲི་ཁ་ཤས་ཡོད་པས། དགྲ་དམག་གིས་གློ་བུར་འཇབ་རྒོལ་བྱས་རྗེས་ལམ་སེང་ཕྱིར་འཐེན་བྱེད་པ་ལས་ཡུན་རིང་སྡོད་ཕོད་ཀྱི་མེད། ཅེས་དང་།
ཡང་དེའི་ཤོག་ངོས་༡༨༣་པའི་ཐིག་འཕྲེང་༡༩་ན། ཟླ་བ་ཁ་ཤས་རྗེས། ཕལ་ཆེར་༡༩༥༨་ལོའི་ལོ་མཇུག་ལ། དགྲ་དམག་གིས་བྲག་མགོ་དང་། ཉག་རོང་། དཀར་མཛེས། རྨ་ཆུ། རྡོ་ཁོག འགོ་(མགོ་)ལོག སྡེ་དགེ རྫ་ཆུ་ཁ་ཕྱོགས་ནས་མཉམ་དུ་གསེར་རྟར་གཞི་རྒྱ་ཆེ་བའི་དཔུང་འཇུག་བྱས། ནམ་རྒྱུན་བོད་དམག་ཚང་མ་རྩྭ་ཐེངས་ཐོག་ཁ་འཁོར་ནས་བསྡད་ཡོད་པས། ཁོ་ཚོས་སོ་སོའི་མདུན་ངོས་ཀྱི་དགྲ་དམག་ལ་ཁ་གཏད་དང་ཕར་རྒོལ་བྱེད་ཀྱི་ཡོད། དེ་ནས་བཟུང་བོད་དམག་ཁྲི་ཕྲག་ཁ་ཤས་དང་། བོད་དམག་ལས་མང་པའི་དགྲ་དམག་བར་ཉིན་མཚན་དབྱེར་མེད་དུ་གསོད་རེས་ཁྲག་གི་འཁོར་ལོ་བསྐོར། དམག་འཁྲུག་སྐབས་རྒྱ་མིའི་གནམ་གྲུ་བོད་དམག་གི་མགོ་ཐོག་ནས་ཕར་ཚུར་འཕུར་ཏེ། བོད་དམག་གི་འགུལ་ཕྱོགས་མྱུར་ཞིབ་དང་ཡིག་ཆ་མང་པོ་གཏོར། ཡིག་ཆའི་ནང་དོན་ནི་མགོ་འདོགས་དགོས་པ་དང་འགོ་འདོགས་སྟངས། དཔེར་ན་གུར་སྒང་ལ་ཕྱ་ར་དཀར་པོ་དང་། མི་ཡིས་རས་དཀར་པོ་འཁྱེར་དགོས་པ། གལ་སྲིད་མགོ་མ་བསྒུར་ན་ཤི་ལམ་ཁོ་ན་ཡིན་པ་སོགས་བྲིས་ཡོད།
དགྲ་དམག་གིས་ས་ཕྱོགས་ཚང་མ་ནས་དཔུང་འཇུག་བྱས་པར་བརྟེན། ཁ་འཐོར་དུ་གནས་པའི་བོད་མིས་ཕན་ཚུན་རོགས་སྐྱོབས་བྱ་ཐབས་བྲལ་ནས། སོ་སོ་ཁེར་རྐྱང་དུ་མདུན་ཕྱོགས་ཀྱི་དགྲ་དམག་ལ་གདོང་ལེན་བྱས་ཏེ། ཟླ་བ་གསུམ་ཙམ་རིང་ཡ་ང་བའི་དམག་འཁྲུག་བརྒྱབ་པས། ཕྱོགས་གཉིས་ཀར་ཤི་རྨས་ཚབས་ཆེན་བྱུང་ཡོད། དེ་ནས་རིམ་གྱིས་བོད་དམག་གི་ས་ཆ་ཇེ་ཆུང་དུ་ཕྱིན་པས། མཐར་དཔུང་གཤགས་ནས་འགྲོ་རྒྱུ་ཐག་བཅད།
ཉིན་དེར་དམག་ཁུལ་སོ་སོར་ཚོགས་འདུ་ཚོགས་པའི་བརྡ་འབྱོར་ཞིང་། དགེ་(དགུ་)དཔོན་དམག་སར་གྲོངས་ཟིན་པས། ཕུན་ཚོགས་ལས་ལོ་གཅིག་གིས་ཆུང་བའི་ཁོའི་བུ་ཟླ་སྤངས་ཀྱིས་ཕའི་ཚབ་ཏུ་འགོ་ཁྲིད་ལ་བསྐོས། ཉིན་དེར་ཟླ་སྤངས་དང་ཕུན་ཚོགས་གཉིས་ཚོགས་འདུར་བཅར་དུས། སྡེ་ཤོག་ཁག་གི་འགོ་དཔོན་བརྒྱ་ལྷག་ཐང་ཐོག་ཏུ་འཛོམས་ཟིན་ཞིང་། དམག་འཁྲུག་དྲག་པོ་རྒྱག་བཞིན་པར་བརྟེན། ཚང་མ་རྟ་ཞོན་བཞིན་ཏུ་གོར་གོར་བྱས་ནས་ཚོགས་འདུ་ཚོགས་པ་རེད། ཝ་(དབལ་)ཤུལ་རིག་འཛིན་དོན་གྲུབ་ཀྱིས་ཟླ་སྤངས་མཐོང་སྐབས་དགེ་(དགུ་)མདའ་དཔོན་གྲོངས་ཚར་བ་ཤེས་ཏེ། ཟླ་སྤངས་ལ་སེམས་གསོ་བྱས་པ་དང་། ཉི་མ་དེ་རིང་ནས་བཟུང་ང་ཁྱོད་རང་གི་ཨ་ཕ་ཡིན་ཞེས་གསུངས། ཚོགས་འདུའི་ཐོག་ཝ་(དབལ་)ཤུལ་རིག་འཛིན་དོན་གྲུབ་ཀྱིས་སྐད་མཐོན་པོས། “དེ་རིང་ང་ཚོས་ངེས་པར་དུ་དཔུང་གཤགས་དགོས། དགེ་(དགུ་)ཚང་དང་དབང་ཆེན་སྟོད་པ་ས་བབ་ལ་རྒྱུས་ཡོད་པས་སྔོན་ལ་འགྲོ་མཁན་ཡིན། ཁྱོད་ཚོས་ཡིན་གཅིག་མིན་གཅིག་ལམ་ཁ་ཞིག་བཏོད་ཐུབ་པ་བྱེད་དགོས། སྡེ་ཤོག་སོ་སོའི་བླ་མ་དང་ནང་མི་སོགས་དཀྱིལ་དུ་འགྲོ་དགོས། གཞན་པ་ཚོ་སྔ་རྗེས་སུ་འགོག་སྲུང་བྱེད་དགོས། ཚང་མ་ཞིང་པའི་དམག་མི་ནང་བཞིན་ཟོག་སེམས་ཅན་དེད་མི་ཆོག ནང་མི་ཁྲིད་མི་ཆོག མགོ་སྒུར་བསམ་མཁན་ཡོད་ན་སོ་སོས་ཐག་བཅད་ནས་མགོ་སྒུར་དུ་སོང་། ང་མི་དགའ་བ་ཅི་ཡང་མེད།” ཅེས་གསུངས། ཞེས་དང་།
ཡང་དེའི་ཤོག་ངོས་༡༨༦་པའི་ཐིག་འཕྲེང་༡༨་ན། དེ་ནས་ཝ་(དབལ་)ཤུལ་གསེར་(རྟའི)ཐར་གྱི་དམག་དཔུང་མང་ཆེ་བ་དང་སྡེ་ཤོག་གཞན་པ་ཚོ་དཔུང་གཤག་མ་ཐུབ་པར་རྒྱ་དམག་གི་སྐོར་བསྐྱིལ་ནང་ལྷག་པས། ཁོ་ཚོས་བཙན་ས་བཟུང་ནས་རྒྱ་དམག་བཀག་རྒོལ་བྱས་ཏེ། ཕྱིའི་རོགས་སྐྱོར་གང་ཡང་མེད་པའི་བོད་མི་ཁྲི་ཚོ་མང་པོས་སྙིང་སྟོབས་ཆེན་པོས་རྫོགས་མཐའ་མེད་པའི་དགྲ་དམག་དང་ཟླ་བ་ཁ་ཤས་དམག་འཁྲུག་དྲག་པོ་བརྒྱབ་མཐར། མེ་མདའ་དང་། མདེའུ་སོགས་མཚོན་ཆ་ཚང་མ་དགྲ་ལག་ནས་འཕྲོག་ཐབས་ཁོ་ནར་བརྟེན་དགོས་པས། ཡུན་རིང་མ་བརྟན་པར་ཕམ་ནས་བོད་དམག་ཤི་རྨས་ཚད་མེད་བྱུང་ཡོད། དམག་དཔོན་དང་དམག་མི་མང་ཆེ་བ་དམག་སར་གྲོངས་པ་དང་། ཁ་ཤས་འཛིན་བཟུང་བྱས། གནས་སྐབས་ཐར་པའི་མི་ཉུང་ཤས་ཀྱང་རྗེས་སུ་འཇབ་དམག་ཏུ་ཞུགས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་གཅིག་སྲོག་ཤོར་བས། རྒྱ་གར་ལ་འབྱོར་མཁན་གཅིག་ཀྱང་བྱུང་མེད།
རྒྱུས་ལོན་བྱས་པ་ལྟར་ན། ཝ་(དབལ་)ཤུལ་གསེར་རྟར་བོད་དམག་ཁྲི་ཚོ་ཁ་ཤས་འདུས་ཡོད་པས། ལྕགས་ར་དཔལ་འབར་སོགས་ཀྱི་གཡུལ་འཐབ་ལས་ཛ་དྲག་ཆེ་ནའང་། དམག་འཐབ་དེ་ལས་ཐར་མཁན་གྱི་མི་ཞིག་ངས་རྩད་ཆོད་མ་སོང་བས། དོན་གཉེར་ཅན་གྱིས། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་གཅེས་སྲོག་ཕུལ་བའི་སྔོན་གཤེགས་དཔའ་བོ་དེ་དག་གི་སྙིང་སྟོབས་དང་བྱས་རྗེས་རྣམས་རྗེས་མེད་དུ་མ་སོང་བར་ཁ་གསབ་གནང་ཐབས་ཞུ་གི་ཡོད། ཅེས་གསལ་འདུག་པ་འདི་དག་མཐོང་ཙམ་ནས་སྐབས་དེར་བོད་ཡུལ་སྤྱི་དང་། ལྷག་ཏུ་སྐབས་དེའི་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ཛ་དྲག་གི་གནས་སྟངས་རང་རེའི་བློ་ངོར་ལམ་མེར་ཤར་ཡོང་བ་འདི་ཡིན་ནོ། །

     
ཁྲི་བཞི་ཁ་བསྡོང་གི་དམག་འཁྲུགས་ཁྲོད་འཆི་བར་མི་སྐྲག་པའི་དབལ་ཤུལ་དཔོན་ཆེན་རིག་འཛིན་དོན་གྲུབ་དང༌། དུམ་བུ་དྲུག་ཏུ་བགོས་པའི་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ཡུལ་ཁམས།

དེ་ཡང་བོད་གཞུང་ཕྱི་དྲིལ་ཟུང་དྲུང་བ་རི་ཟླ་བ་ཚེ་རིང་མཆོག་གིས་རྒྱ་ཡིག་ཐོག་བརྩམས་ཤིང་། འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་བོད་བསྒྱུར་བྱས་ཏེ། ཕྱི་ལོ་༢༠༠༧་ལོར་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་ཐེངས་དང་པོར་དཔར་བསྐྲུན་བྱས་པའི་<<ཟུངས་ཁྲག་དྲོན་མོ་གངས་ཅན་ལྗོངས་སུ་མཆོད།>> ཅེས་པའི་སྟོད་ཆའི་ཤོག་ངོས་༡༨༠་བའི་ཐིག་འཕྲེང་༢་ན།
རྒྱུས་ལོན་བྱས་པ་ལྟར་ན། ཝ་(དབལ་)ཤུལ་གསེར་རྟར་བོད་དམག་ཁྲི་ཚོ་ཁ་ཤས་འདུས་ཡོད་པས། ལྕགས་ར་དཔལ་འབར་སོགས་ཀྱི་གཡུལ་འཐབ་ལས་ཛ་དྲག་ཆེ་ནའང་། དམག་འཐབ་དེ་ལས་ཐར་མཁན་གྱི་མི་ཞིག་ངས་རྩད་ཆོད་མ་སོང་བས། དོན་གཉེར་ཅན་གྱིས། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་གཅེས་སྲོག་ཕུལ་བའི་སྔོན་གཤེགས་དཔའ་བོ་དེ་དག་གི་སྙིང་སྟོབས་དང་བྱས་རྗེས་རྣམས་རྗེས་མེད་དུ་མ་སོང་བར་ཁ་གསབ་གནང་ཐབས་ཞུ་གི་ཡོད། ཅེས་གསལ་བ་ལྟར། ཕྱི་ལོ་༡༩༥༩་ལོར་སྐབས་དེའི་དབལ་ཤུལ་གསེར་རྟ་སྡེ་ཁྲི་སྐོར་གཉིས་ཀྱི་དཔོན་ཆེན་དབལ་ཤུལ་བསྟན་འཛིན་མགོན་ནམ། དབལ་ཤུལ་རིག་འཛིན་དོན་གྲུབ་ཀྱིས་གསེར་རྟ་ས་ཆའི་བྱ་ཁོག་གི་སྐྱ་རིང་རྐྱང་མཚོ་ཞེས་པའི་ལུང་པ་དེའི་རྐེད་པ་དེ་ག་རང་དུ་རྒྱ་དམག་དང་མེ་མདའ་འཕེན་རེས་བྱས་ཏེ། མདེའུ་ཚང་མ་རྫོགས་འཕྲལ་རྒྱ་དམག་གི་ཁྲོད་དུ་མཆོང་ནས་དཔའ་བོས་གྲི་འཛིང་གཅིག་པུས་ཀྱང་རྒྱ་དམག་བཅུ་ཕྲག་དྲུག་ཙམ་དམར་གསོད་བྱས་མཐར། དེ་ག་རང་དུ་དཔའ་བོའི་སྐུ་སྲོག་དགྲ་ལ་ཤོར་བ་རེད། དབལ་ཤུལ་དཔོན་སྐུ་བཀྲོངས་ཉིན་ཁོང་ལ་ཕྱག་རོགས་གེ་འཕན་གཡུ་རྩང་སྒེག་གསུམ་གྱི་ནང་ཚན་དབལ་ཤུལ་རྩང་སྨད་ཚང་གི་དཔོན་པོ་རྩང་སྨད་ལྕགས་སྲས་ཚེ་དབང་རྣམ་རྒྱལ་དང༌། རྩང་སྨད་ལྕགས་སྲས་ཀྱི་བུ་སྟོབས་ལྡན་བཅས་ཡོད་པ་དང༌། དབལ་ཤུལ་དཔོན་རིག་འཛིན་དོན་གྲུབ་ཀྱིས་ཐོག་མར་རྩང་སྨད་ལྕགས་སྲས་དང༌། དེ་ནས་ལྕགས་སྲས་ཀྱི་བུ་རྒྱ་དམག་གི་མགོར་རྒྱུགས་བཅུག་པ་དང༌། མཐར་ཁོང་ཉིད་ཀྱང་བརྒྱུགས་ཏེ་ཉིན་དེར་ཁོང་ཅག་མཉམ་དུ་རྒྱ་དམག་གིས་དམར་གསོད་བྱས། དབལ་ཤུལ་བསྟན་འཛིན་མགོན་རྒྱ་དམག་གིས་དམར་གསོད་བྱེད་དུས་ནི་ཕྱི་ལོ་༡༩༥༩་ལོའི་བོད་ཟླ་དྲུག་པ་སྔ་མའི་ཚེས་༡༥་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༣་པའི་ཐོག་རེད། ཅེས་གསེར་རྟ་རང་སའི་སྐབས་དེའི་རྒན་རབས་པ་དུང་དཀར་དབོན་པོ་དགེ་འདུན་རྒྱ་མཚོ་ཚང་གིས་གསུང་གིན་འདུག་ཀྱང༌། རྒྱ་གཞུང་གི་ཡིག་ཆའི་ནང་ཕྱི་ལོ་༡༩༥༩་ལོའི་ཕྱི་ཟླ་༧་ཚེས་༢༣་ཉིན་བཀྲོངས་པ་ཡིན། ཞེས་འཁོད་འདུག་པས་དེ་ལྟར་ན་ལོ་དེའི་བོད་ཟླ་༦་པ་སྔ་མའི་བོད་ཚེས་༡༩་རེས་གཟའ་ཕུར་བུའི་ཉིན་མོར་ཁེལ་ཡོད། དེ་འཕྲལ་རྒྱ་དམར་གྱི་དམག་ཁྲི་ཚོ་བཞིས་གསེར་རྟ་ཕྱོགས་བཞི་ནས་བསྐོར་ཏེ། འཁྲུག་ཆེན་སྐབས་སྐྱ་སེར་ཕོ་མོ་མེད་པར་ཐ་ན་ཕྱུགས་རྫི་དང༌། སྒོ་ཟོག་སྒོ་ཁྱི་བཅས་མིག་གིས་མཐོང་ཚད་བསད་ནས་ལུང་པ་བེམ་པོས་བཀང་མཐར་དམག་བཀོད་དང༌། གོ་ལག་གི་བཟང་ངན་ཁོ་ནས་བར་ཁྱད་ཀྱིས་རྒྱ་དམར་གྱི་བཙན་གནོན་འོག་དབང་མེད་དུ་ཚུད་པ་དང༌། དམག་འཁྲུག་དེར་ད་ལྟ་ཡང་གསེར་རྟ་ཡུལ་མི་ཚོས་ཁྲི་བཞི་ཁ་བསྡོངས་ཀྱི་དམག་འཁྲུག་ཅེས་མིང་ཐོགས་ཡོད། དེ་རྗེས་རྒྱ་དམར་གྱིས་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་སྣོད་བཅུད་དུམ་བུ་ཁག་དྲུག་ཏུ་བཏང་བའི་སྐོར་ནི་གོང་དུ་བཤད་ཟིན་པས་འདིར་བསྐྱར་ཟློས་མ་བྱས།

  རྒྱ་དམར་གྱི་དྲག་གནོན་འོག་གངས་སེང་དཀར་མོའི་བུ་རྒྱུད་ཅིག་གི་འཇིགས་པ་མེད་པའི་ངར་སྐད།

  དབལ་ཤུལ་ཚེ་སྒྲུབ་མགོན་ནི་རྒྱ་དམར་གྱི་སྡུག་སྦྱོང་མནར་གཅོད་འོག་ནས་འཚར་ལོངས་བྱུང་ཞིང༌། ཕྱི་ལོ་༡༩༨༦ལོའི་ཟླ་༨་ཚེས་༡༤ཉིན་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་དངོས་གསེར་རྟའི་ས་ཆར་ཆིབས་བསྒྱུར་གནང་རྗེས་ནས་རྒྱ་གཞུང་གིས་གསར་དུ་དབལ་ཤུལ་ཚེ་སྒྲུབ་མགོན་ལ་རྫོང་ཆབ་སྲིད་གྲོས་ཚོགས་ཁང་ནང་གོ་གནས་ཕུལ།

༡༽ རྒྱ་དམར་གྱི་རིམ་པ་ཁག་གིས་ཏང་ཀྲུང་དབྱང་བཀའ་དྲིན་ཆེ་ཚུལ་ངོ་སྤྲོད་དང༌། བཀའ་དྲིན་དྲན་ཤེས་དགོས་སྐོར་ཚོགས་འདུ་གང་མང་ནང་དབལ་ཤུལ་ཚེ་སྒྲུབ་མགོན་གྱིས་ངས་ཁྱེད་ཚོར་དྲང་མོ་བཤད་དགོས། ང་དངོས་གནས་རྒྱ་ནག་གུང་ཁྲན་ཏང་ལ་མི་དགའ། དེའི་རྒྱུ་མཚན་ནི་རྒྱ་ནག་གུང་ཁྲན་ཏང་གིས་ངའི་ཕ་དམར་གསོད་བྱས་པར་མ་ཟད། ང་ཚོར་ཐུབ་ཚོད་ཧ་ལས་པ་བཏང་ཡོད་པས་རེད། ཅེས་ཁ་རྩོད་གང་མང་ཤོར་ཡོད་ཅིང༌། རྒྱ་དམར་གྱི་ལས་བྱེད་ཚོས་དབལ་ཤུལ་ཚེ་སྒྲུབ་མགོན་ལ་ཁྱོད་ཀླད་པ་རྙིང་པ་རེད། ཅེས་བཤད་པར་ཚེ་སྒྲུབ་མགོན་གྱིས་ངས་བལྟས་ན་བཟང་ངན་གོ་ལྡོག་གི་བསམ་བློ་ཅན་ཁྱོད་ཚོ་ཀླད་པ་རྙིང་པ་རེད། ཅེས་སོགས་གསུངས་ཏེ་རྒྱ་གཞུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས།

༢༽ རྒྱ་གཞུང་གིས་གོ་སྒྲིག་འོག་གསེར་རྟ་རྫོང་དབུ་བརྙེས་ནས་ལོ་འཁོར་ལྔ་བཅུ་དང༌། སྐབས་བཅུ་བའི་གསེར་རྟ་སྒྱུ་རྩལ་དུས་སྟོན་ཞེས་པ་ཞིག་ཕྱི་ལོ་༢༠༠༥་ལོའི་ཟླ་༨་པའི་ནང་གསེར་རྒོད་རྒན་ཐང་དུ་བསྐོངས་འཚོགས་བྱས་ཤིང༌། རྒྱ་གཞུང་གིས་འོད་སྟོང་འབར་བའི་ལོ་འཁོར་ལྔ་བཅུ། ཞེས་པའི་ཁ་གཡང་སྙན་མོའི་ཁྲོད་ཡུལ་སྡེ་སོ་སོའི་བར་གསེར་དངུལ་གཟི་བྱུར་དང༌། སྟག་གཟིག་སྲམ་གསུམ་སོགས་གོས་ངོམ། རྒྱན་ངོམ་དགོས་སྐོར་མི་ཚོགས་ནང་འུར་ཟིང་བསླངས་པར་བརྟེན། སྐབས་དེར་དབལ་ཤུལ་ཚེ་སྒྲུབ་མགོན་གྱིས་འོད་སྟོང་འབར་བའི་ལོ་འཁོར་ལྔ་བཅུ་ཟེར་བ་དེ་ནི་མིང་ཙམ་རེད། དེ་ལྟ་བུའི་ཡར་རྒྱས་རྒྱ་ཆེན་པོ་མེད་པ་ང་ཚོས་མཐོང་སར་ཡོད་པ་འདི་རེད། འོན་ཀྱང་ལོ་རབས་དྲུག་ཅུའི་ནང་མི་གང་མང་ལྟོགས་ཤི་བྱུང་བ་སོགས་ལ་བསྡུར་ན་ད་ལྟ་དེ་ལས་ཇེ་དགར་ཕྱིན་ཡོད་ཀྱང་དངོས་ཡོད་གནས་ཚུལ་ལ་ད་དུང་མང་ཚོགས་ཀྱི་འཚོ་བ་ཧ་ཅང་སྐྱོ་བོ་རེད། ང་ཚོའི་མང་ཚོགས་རྣམས་ཀྱིས་གོས་ངོམ་རྒྱན་ངོམ་ཆེད་ས་ཆ་གཞན་དག་ལ་བཅའ་ལག་གཡར་དུ་འགྲོ་བཞིན་པ་འདི་རེད། མི་ལ་བཅའ་ལག་གཡར་བར་གཏའ་མ་སོགས་ལ་སྒོར་འབུམ་ཁ་ཤས་རེ་འཇོག་དགོས་ཡོད། དེ་འདྲའི་སྒོར་གང་ནས་བཙལ་རྒྱུ་ཡིན་ནམ། གལ་སྲིད་མིའི་ས་ནས་གཡར་བའི་བཅའ་ལག་བོར་བརླགས་སོང་ན་དེ་ཕར་འཇལ་དགོས་པས་ལས་སླ་བོ་མེད། རྩ་བའི་ང་ཚོ་གསེར་རྟ་ལ་མི་རབས་མང་པོའི་གོམས་གཤིས་འགྲོ་སྟངས་ཤིག་ཡོད། ཕོ་མོ་གཉིས་ཀྱིས་གོས་ལྭ་དང༌། ཕྲུག་ལྭ་གྱོན་གི་རེད། ཞྭ་མོའང་གསེར་གྱི་འབྲོང་རི་སྨུག་པོ་དང༌། ཨ་མྱེ་རྨ་ཆེན་སོགས་ཀྱིས་གྱོན་པའི་ཕྱིང་ཞྭ་ཇ་ལ་དམར་པོ་ཅན་དེ་གསེར་རྟའི་ཆས་གོས་ཤིག་རེད། དེ་མཚུངས་ལྷམ་ཡང་བོད་ལྷམ་གྱོན་ན་ཡག་པོ་ཡོད། དེ་བཞིན་རྟ་ལ་སྒ་ཆས་ཀྱང་ཕྱིང་སྟན་གཡོགས་ཅན་དང༌། ཕྲུག་སྟན་སོགས་ཀྱི་སྟེང་བོད་སྒ་སོགས་སྒ་སྟན་སྤུས་དག་སྟོད་རྒྱུ་རེད། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཟེར་བ་དེ་རེད། ངོ་བོ་དེ་འདྲའི་ཐོག་ནས་ང་ཚོའི་རྫོང་སྟོན་གོ་སྒྲིག་བྱས་ན་འགྲིགས་ངེས་ཡིན། ཚང་མས་གསེར་དངུལ་གཟི་བྱུར་དང༌། སྟག་གཟིག་སྲམ་གསུམ་སོགས་གོས་ངོམ་རྒྱན་ངོམ་མི་དགོས་པ་གྱིས། ཞེས་གསུངས་པར། རྒྱ་དམར་ལས་བྱེད་ཚོས་དེ་ཁྱོད་ཀྱིས་ཀླད་པ་རྙིང་པའི་སྐད་ཆ་ཁོ་ན་རེད། ང་ཚོའི་རྫོང་སྟོན་འདི་དུས་རབས་གསར་བའི་འགྲོ་སྟངས་ཡིན་སྐོར་དང༌། ངེས་པར་དུ་དུས་རབས་གསར་བ་ལ་གོས་ངོམ་རྒྱན་ངོམ་མ་བྱས་ཐབས་མེད་རེད། ཅེེས་སོགས་བཙན་བཀའ་བཏང་ཡོད་ཀྱང༌། དབལ་ཤུལ་ཤོས་སྟོད་སྨད་གཉིས་ཀྱིས་གཙོས་སྡེ་བ་གང་མང་ཞིག་གིས་དབལ་ཤུལ་ཚེ་སྒྲུབ་མགོན་གྱིས་ལམ་སྟོན་ཕེབས་པ་ལྟར་རྫོང་སྟོན་ནང་ཆ་ཤས་བླངས་པར་བརྟེན་སྔ་རབས་ནས་མི་རིགས་ཀྱི་གོམས་གཤིས་སུ་འཇགས་པའི་རིག་གཞུང་གི་བརྗིད་ཉམས་ཀྱིས་དེར་འདུས་རྒྱ་བོད་གཉིས་ཀྱི་མང་ཚོགས་ཡིད་དབང་འཕྲོགས་པ་ཞིག་བྱུང་བར་བརྟེན། སྐབས་དེའི་རྣམ་པ་དེས་རྒྱ་དམར་གྱིས་བོད་ཀྱི་སྤྱི་ཚོགས་རྙིང་པ་ཆེས་ཀླ་ཀློ་དང༌། ཆེས་རྗེས་ལུས་ཟེར་བ་བདེན་འབྲེལ་སྤུ་ཙམ་མེད་པའི་ར་སྤྲོད་ཐེངས་ཤིག་བྱས་ཡོད། འོན་ཀྱང་རྒྱས་ཅི་གསུང་བཀའ་སྒྲུབ་ཀྱིས་རང་ལ་ཡོད་ན་དེ་དང༌། མེད་ཀྱང་མི་ས་ནས་གཡར་བའི་རྒྱན་ཆ་འདྲ་མིན་གྱིས་རང་ལུས་གཡོགས་པའི་བྱབ་ཆུང་མང་དག་རེས་འོད་སྟོང་འབར་བའི་ལོ་འཁོར་ལྔ་བཅུ་འདི་རེད། ཅེས་རྒྱ་དམར་གྱི་འདོད་དོན་བསྐངས་ཏེ། རང་ཉིད་ཁོང་ཚོའི་ལག་ཆ་ཆགས་སུ་འཇུག་མཁན་ཡང་མ་བྱུང་བ་མིན།

༣༽ ཕྱི་ལོ་༢༠༠༧་ལོའི་ཟླ་༨་པ་ཡས་མས་ནས་རྒྱ་དམར་གྱིས་གསེར་རྟ་རྫོང་ཡོངས་ཀྱི་ལས་བྱེད་པར། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་མགོ་བཙུགས་ཏེ། ༧གོང་ས་སྐྱབས་མགོན་ཆེན་པོར་སྐུར་འདེབས་དགོས་སྐོར་དང༌། ཁ་ཞེ་གཉིས་མེད་ཀྱིས་ཀྲུང་གོའི་རྒྱལ་ཁབ་ལ་ཞབས་ཕྱི་ཞུ་དགོས་སྐོར། གལ་སྲིད་ཁྱེད་ཚོ་སུ་ཞིག་གིས་གནད་དོན་འདི་གཉིས་ཐོག་མི་འདོད་པའི་རྣམ་འགྱུར་སྟོན་མཁན་བྱུང་ན་འགྲོ་ས་གཅིག་མ་གཏོགས་མེད། ཅེས་འཇིགས་སྣང་ཚད་མེད་བསྐུལ་བར་བརྟེན། དེར་གནས་སྙིང་ཆུང་གང་མང་ཞིག་གིས་ཅི་བྱ་གཏོལ་མེད་དུ་གྱུར་ཏེ། ཐ་ན་གློ་སྙིང་ཡང་ཁ་ནས་ཐོན་གྲབས་ཡོད་པའི་སྐབས་ཤིག་ཏུ་དབལ་ཤུལ་ཚེ་སྒྲུབ་མགོན་གྱིས་ཀྲུང་གོའི་རྒྱལ་ཁབ་ལྟ་བུའི་རྒྱལ་ཁབ་ཆེན་པོ་ཞིག་ལ་ཞབས་ཕྱི་ཞུ་དགོས་ན་དེ་དང་འདྲ་བའི་ཤེས་ཡོན་དགོས་ངེས་རེད། ང་ལ་མཚོན་ན་ཕྲུ་གུ་ཆུང་ངུའི་སྐབས་ནས་འཐབ་རྩོད་རྡུང་རྡེག་གང་མང་རེག་མྱོང་བ་ལས། ཤེས་ཡོན་གྱི་གོ་སྐབས་ག་ཚོད་ཐོབ་ཡོད་མེད་ཁྱེད་ཚོས་ཤེས་ངེས་ཡིན། དེར་བརྟེན་ད་བར་ངས་ཀྲུང་གོའི་རྒྱལ་ཁབ་ལ་ཞབས་ཕྱི་ཞུ་ཐུབ་མ་སོང༌། ཁྱེད་ཚོས་རེ་བ་མ་རྒྱག མ་འོངས་པར་ཡང་ངས་ཞབས་ཕྱི་ཞུ་ཐུབ་ས་མ་རེད། དེ་བཞིན་༧རྒྱལ་བ་རིན་པོ་ཆེ་ནི་འཕགས་པ་སྤྱན་རས་གཟིགས་རེད། ང་ཚོས་ཁོང་ལ་སྐུར་བ་འདེབས་མི་སྲིད། གལ་སྲིད་ང་ཚོས་འདི་ནས་སྐྱོན་བརྗོད་ཞུས་ཀྱང་སྤྱན་རས་གཟིགས་ཇེ་ཆུང་དུ་གཏང་ཐུབ་རྒྱུ་མ་རེད། སྤྱིར་བཏང་ནས་ཀྲུང་གོའི་རྒྱལ་ཁབ་ཀྱིས་ཀྱང་མི་རིགས་མཐུན་སྒྲིལ་གལ་ཆེན་ཡིན་ཚུལ་ནམ་རྒྱུན་ཤོད་བཞིན་པར་བརྟེན་ངོ་མ་མི་རིགས་མཐུན་སྒྲིལ་ཡོང་དགོས་ན་རྒྱལ་བ་རིན་པོ་ཆེ་ལ་ཁ་གཏང་ཉན་གི་མི་འདུག དེར་བརྟེན་ངས་སྐུར་འདེབས་མི་ཞུ་ཐག་ཆོད་ཡིན། ཞེས་སོགས་གསུངས་པར་བརྟེན་དེར་ཡོད་གང་མང་ཞིག་ལ་བློ་སྤོབས་སོགས་སྤར་ཡོད།

  རྒྱ་དམར་གྱིས་བཙན་འཛུལ་སྐབས་གསེར་རྟའི་ཆེས་ཛ་དྲག་གི་གནས་སྟངས་དང༌། མདོ་དབུས་ཁམས་གསུམ་གྱི་གནད་ཡོད་མི་སྣས་
གསེར་རྟ་མགོ་ལོག་ཡིན་པའི་ལྟ་ཚུལ།

༡༽ ཕྱི་ལོ་༡༩༨༧་ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་དཔར་བསྐྲུན་བྱས་པའི་ཉག་རོང་ཨ་བསྟན་གྱི་མི་ཚེའི་བྱ་བཞག་དངོས་མྱོང་མ་འོངས་དྲན་བསྐུལ་གྱི་ཤོག་ངོས་༡༨༨པར། རྫ་སྟོད་ཏིང་ཁོག་ཟེར་བའི་སྟོད་ལ་ཡོད་སྐབས་རྒྱ་དམག་གྲངས་མང་སླེབས་བྱུང་བས་ང་ཚོ་མི་ཧྲག་རྣམས་ཀྱིས་འཐབ་སྟེ་རྒྱ་མི་བཅུ་སྐོར་བསད་ནས་ང་ཚོར་ཉེས་སྐྱོན་མེད་པའི་ངང་བུད་མེད་རྣམས་ཀྱིས་རྟ་ཁལ་དེད་རྗེས་སོང་ནས་བརྡ་(ཟླ་)ཁོག་ཕྱོགས་སུ་སོང་བ་ཡིན། བརྡ་(ཟླ་)སྟོད་ལ་གྲྭ་ལག་ཕྱག་ཚ་སྤྲུལ་སྐུ་དང༌། བརྡ་(ཟླ་)ཐར་མ་ཐམས་ཅད་ཀྱིས་ངོ་རྒོལ་བྱས་ནས་འདུག་པ། ང་ཚོ་རྡ་(ཟླ་)སྟོད་སྤེན་རྒན་མ་ཟེར་བའི་ལུང་པ་ལ་བསྡད་ཡོད། ལུང་པ་དེའི་སྟོད་ཕྱོགས་ལ་ཕྱག་ཚ་སྤྲུལ་སྐུའི་ཤོག་ཁག་ཡོད། དེའི་ཕྱོགས་ནས་རྒྱ་དམག་སུམ་བརྒྱ་སྐོར་བྱུང་བས་ཕྱོགས་ཐམས་ཅད་ཀྱིས་འཐབ་པས་ཕྱག་རྩ་(ཚ་)སྐོར་གྱི་དངོས་རྫས་རྣམས་ཤོར་སོང༌། རྒྱ་དམག་༢༥་སྐོར་བསད་འདུག ང་ཚོའི་ཤོག་ནས་མི་བཞི་ཤོར་སོང༌། དེ་ནས་འགུ་ལོག་བསེ་ཐར་(གསེར་རྟ)ཕྱོགས་སོང་བ་ཡིན། ཞེས་དང༌། ཡང་དེར། དེ་ནས་བསེ་ཐར་(གསེར་རྟ)ནང་འབྱོར་སོང༌། བསེ་ཐར་(གསེར་རྟ)ནང་ངོ་རྒོལ་མཁན་ཅི་མང་འདུག སྐབས་དེར་བསེ་ཐར་(གསེར་རྟའི་དབལ་ཤུལ་)དཔོན་རིགས་འཛིན་དོན་གྲུབ་དང༌། ཀྲེ་བོ་དགུ་མདའ་དཔོན་ངག་ཆུང༌། དབང་ཆེན་དཔོན་སྐོར་གྱི་དཔོན་བར་ཚུ་(དབལ་ཤུལ་པད་ཚུལ་)རྐང་ཚ་སྒྲོལ་མ་སྐྱབས། གྲྭ་ལག་ཕྱག་ཚ་སྤྲུལ་སྐུ། གླིང་རུ་ཚུལ་ལོ། ཡིད་ལྷུང་ཙ་ཤུལ་སྤྲུལ་སྐུ་དང༌། ང་ཚོ་ཉག་རོང་བ་བཅས་འཛོམས་ནས་གྲོས་བྱུང་དོན་ལ་འདི་ཁུལ་སྡོད་པས་དོན་ཕན་མི་ཆེ་བས་ལྷ་སའི་ཕྱོགས་སུ་འགྲོ་རྒྱུ་བློ་འཆམས་བྱུང༌ཡང་རྟ་ཁལ་རྣམས་ཤ་ཞན་པས་འགྲོ་ཐབས་མི་འདུག ཟླ་ལྔ་བའི་སྐོར་ལ་འགྲོ་རྒྱུ་གྲོས་འཆམས་སོང༌། སྐབས་དེར་བསེ་ཐར་(གསེར་རྟ)སྡེ་ཤུགས་ཆེན་པོ་འདུག་ཀྱང་ཡུལ་ལུང་དེར་ཕྱེ་ཟ་རྒྱུ་ཡོད་མཁན་མི་འདུག མདའ་རྫས་ཀྱང་ཤིན་ཏུ་དཀོན་པས། མདའ་རེ་ལ་དྭ་སྒོར་བརྒྱད་ནས་བཅུ་བར་དང༌། རྟ་རྒོད་མ་རེ་ལ་མདའ་རྫས་བཅུ་ཙམ་རེད། གཡག་རབ་རེ་ལ་མདའ་གསུམ་རེ་རེད། དེ་ཡང་རང་རང་དགོས་མཁོས་ཉུང་ཤས་ལས་མང་པོ་ཚོང་རྒྱུ་མེད། ཅེས་དང༌། ཡང་དེ་ལས། ཞག་ཤས་མཚམས་རྒྱ་མིས་གནམ་གྲུའི་ནང་ནས་ཡིག་ཆ་མང་པོ་བསྟོར་(གཏོར་)བ་རེད། ཡིག་ཆའི་ནང་ལ། ལྷ་ས་ལྷོ་ཁ་ཕྱོགས་ལ་ལོག་སྤྱོད་ཕྱོགས་ཁག་ཡོད་ལུགས་དང༌། དེས་ངན་གཡོ་བྱས་ཏེ་ཏཱ་ལའི་བླ་མ་བཙན་འཁྲིད་བྱས་འདུག ལྷ་སར་ཟིང་འཁྲུགས་ལངས་ནས་ཆོུད་༣་མཚམས་འཁྲུགས་ཐག་ཆོད་པ་རེད། ད་དུང་ཁྱེད་རང་ཚོས་མགོ་མ་བཏགས་ན་རྩ་མེད་བཟོ་རྒྱུ་རེད། ཅེས་བྲིས་འདུག དེ་ང་ཚོས་མཐོང་སྐབས། དེ་རིང་གཏམ་བཟང་ཞིག་གོ་བྱུང༌། ༧རྒྱལ་བ་ཡིད་བཞིན་ནོར་བུ་ཁོང་རྒྱ་དམར་གྱི་འོག་ནས་བྱོན་ཐུབ་ཡོད་ངེས་རེད། ཡིད་བཞིན་ནོར་བུ་ཁོང་རྒྱ་མིའི་ལག་ཏུ་མ་ཤོར་ན་ང་ཚོ་ག་དུས་ཡིན་ཡང་སྡུག་པོ་མི་ཡོང་ཟེར་ནས་ཐམས་ཅད་དགའ་སྤྲོའི་ངང་དུ་བསྡད་པའི་དུས་སྐབས་ཤིག་བྱུང༌། ཞེས་དང༌། ཡང་དེ་ཉིད་ཀྱི་ཤོག་ངོས་༢༡༤་པར། དེ་ནས་བོད་ཟླ་༨་པར་འབྲི་ཆུའི་སྟོད་ལ་སླེབས་སོང༌། དེར་སླེབས་དུས་སྔར་མགོ་ལོག་གསེར་ཐར་(རྟ)ནང་ཡོད་པའི་བྲག་མགོ་དགུ་མདའ་ཚང་ཚོ་ཁག་དང་ཐུག་བྱུང༌། ཞེས་གསལ། ༼སྒྲིག་མཆན། ཉག་རོང་ཨ་བསྟན་ནི་ཁམས་ཉག་རོང་ནས་རེད། ཁོང་བོད་ཀྱི་སྐད་ཡིག་རིག་གནས་ལོ་རྒྱུས་བཅས་སུ་ཤེས་ཡོན་ཚད་རན་པོ་ཡོད་པར་མ་ཟད། ཁོང་ཆུང་དུས་རྒྱ་ནང་སློབ་གྲྭར་ཕྱིན་ཏེ། རྒྱའི་སྐད་ཡིག་དང༌། དམར་པོའི་ལྟ་གྲུབ། སྲིད་བྱུས་སོགས་ཤེས་ཚད་མཐོན་པོར་སླེབས་པ་དང༌། དེའི་རིང་ཁོང་གིས་རྒྱ་དམར་གྱི་ཕྱི་ནང་གསང་གསུམ་གྱི་སྲིད་བྱུས་ཀྱི་ངོ་གདོང་ངོ་མའི་མཐིལ་རྟོགས་ཏེ། རང་ཡུལ་དུ་རྒྱ་དམར་བཙན་འཛུལ་བར་ངོ་རྒོལ་འཐབ་འཛིང་ལན་མང་བྱས། ཁམས་ཉག་རོང་རྒྱ་དམར་གྱི་བཙན་གནོན་འོག་ཚུད་སོང་བ་དང༌། ཁོང་གསེར་རྟའི་ས་ཆར་དངོས་སུ་ཕྱིན་ནས་མཐར་༡༩༥༩་ལོའི་ཟླ་༥་བའི་ཚེས་༡༨་ཉིན་གསེར་རྟ་ནས་གོམ་ཁ་གསར་དུ་རྒྱ་གར་དུ་བསྒྱུར་ཏེ། སྐྱབས་བཅོལ་ལ་ཡོང་བ་ཞིག་རེད།༽

༢༽ ཨ་མདོ་ཨ་ཁུ་རྡོ་ཐར་གྱི་མི་ཚེ་དང་འབྲེལ་བའི་དང་དམག་གི་ལོ་རྒྱུས་དངོས་མྱོང་མཐོང་གསུམ་གྱི་གཏམ། ཞེས་པའི་ཤོག་ངོས་༥༥་པར། འབྲི་ཆུ་བརྒལ་ཏེ། ཤི་བའི་སྔ་འབུ་ལ་རྒྱབ་ནས་ཨ་མདོ་མགོ་ལོག་ས་ཆར་འབྱོར། མགོ་ལོག་སྟོད་སྨད་གཉིས་ཀྱི་ས་ཁུལ་གང་སར་རྒྱ་ནག་དམར་དམག་གིས་བཙན་རྒོལ་མུ་ནས་མུར་བྱེད་བཞིན་འདུག རྒྱལ་གཅེས་དཔའ་རྒོད་དེ་དག་གིས་དམག་འཐབ་དེ་འདྲ་བོད་ཡོངས་ཀྱིས་གཅིག་སྒྲིལ་གྱིས་བྱེད་ཐུབ་པ་ཡིན་ན། རྒྱའི་འདྲེ་དམག་སའི་རྡུལ་དང་མཉམ་པ་བྱུང་ཡང་མི་མང་རུང་རོ་མང་བ་ལས། གཞན་མེད་པ་རེད་ཅེས་བཤད་ཚུལ་ཡོད་པ་དང་གཅིག་པ་ཆགས་ངེས་རེད། བོད་ས་སྟོད་སྨད་བར་གསུམ་དུ་རྒྱ་དམག་གིས་ཁེངས་ཟིན་ནའང༌། མགོ་ལོག་དཔའ་བོའི་དྲག་ཤུགས་ཀྱི་ཡུལ་གྲུ་དེར་རྒྱ་གུང་བྲན་སླེབས་ཐུབ་མི་འདུག མགོ་ལོག་གསེར་རྟ་ས་ཁུལ་དུ་མི་ཚང་མ་རི་མགོར་བསྡད་དེ་བཙན་རྒོལ་མཐའ་བསྐྱལ་བྱེད་བཞིན་པ་དང༌། ཡུལ་དེ་དང་ཉིན་བཅོ་ལྔ་ཙམ་གྱི་གོམ་བགྲོད་ལ་བརྟེན་དགོས་པའི་མགོ་ལོག་ཨ་སྐྱོང་ཞེས་པར་ཡང་དེ་དེ་བཞིན་བཙན་རྒོལ་གྱིས་གནམ་ས་གས་པ་ལྟ་བུའི་མུར་ལུས་འདུག ཅེས་སོགས་གསལ།

༼སྒྲིག་མཆན། རྡོ་ཐར་ནི་ཆུང་ངུའི་དུས་མདོ་སྨད་བྱ་ཁྱུང་དགོན་གྱི་གྲྭ་བ་ཞིག་ཡིན་པ་དང༌། དེ་རྗེས་དབུས་གཙང་དུ་གྲྭ་སར་ཕྱིན་ནས་དགའ་ལྡན་དུ་ཆོས་ཞུགས་བྱས་པ་དང༌། བར་དུ་ཕྱི་ལོ་༡༩༥༡་ལོར་ཕ་ཡུལ་ལ་གཉེན་གཏུག་ཏུ་སྐྱོད་སྐབས་གསེར་རྟ་ས་ཆ་དངོས་སུ་བརྒྱུད་ནས་ཕྱིན་པ་དང༌། ཁོང་རང་ཉིད་ཀྱི་འགྲོ་ལམ་ཁག་གིས་གཙོས་སྐབས་དེའི་མདོ་དབུས་ཁམས་གསུམ་གྱི་གནས་ཚུལ་ལ་དོ་སྣང་དང༌། མཐོང་རྒྱ་ཐོས་རྒྱ་དང༌། ཉམས་མྱོང་ཆེན་པོ་ཡོད་མཁན་ཞིག་རེད།༽

༣༽ ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་བརྩམས་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་གླེགས་བམ་གཉིས་པའི་ཤོག་ངོས་༥༡༠བར། དེ་དང་དུས་མཚུངས་སུ་ཆར་ཕྲེང་བསམ་འཕེལ་གླིང༌། འབའ་ཆོས་སྡེ། རྨར་ཁམས་ཀླུ་ར་དགོན། ཏྲེ་ཧོར་བྲག་འགོ་དགོན། འགུ་ལོག་གསེར་རྟ་དགོན། ལྡན་ཁོག གླིང་ཚང་བཅས་པར་གནམ་ས་གཉིས་ནས་དྲག་གནོན་བྱས། ཞེས་གསལ།

༤༽ མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི་བྱང་འབྲོག་གི་ལམ་ཡིག་ལག་བྲིས་དེབ་གཟུགས་ཀྱི་ཤོག་ངོས་༢༦་པའི་སྒང་ནས་མར་བརྩིས་པའི་ཐིག་ཕྲེང་གཉིས་པར། གསེར་ཐ་(རྟ་)ནི་རྫ་ཆུ་ཁ་བའི་ཤར་མཐའ་དང༌། ཨ་མྱེས་རྨ་ཆེན་གྱི་ལྷོ་ནུབ་ཏུ་ཡོད་ཅིང༌། དེ་ཡང་ཨ་མྱེས་རྨ་ཆེན་གྱི་མཐའ་སྐོར་དུ་ཆགས་པའི་ཡུལ་སྤྱིའི་མིང་ལ་འགོ་ལོག་ཅེས་སུ་གྲགས་པ་ལྟར་གསེར་ཐ་(རྟ)ནི་མགོ་ལོག་གི་ནང་ཚན་འབྲོག་ཡུལ་བཙན་ཤོས་ཤིག་ཡིན་པ་རེད། ཅེས་གསལ།༼སྒྲིག་མཆན། ནམ་མཁའི་ནོར་བུ་ནི་དེང་རྒྱལ་ཕྱི་ནང་ཀུན་ལ་མཁས་པའི་མཚན་སྙན་ཆེ་ཞིང༌། ཁོང་ཕྱི་ལོ་༡༩༥༣་ལོར་གསེར་རྟ་ལ་བཞུགས་མྱོང་ཡོད།༽

༥༽ འཕགས་པ་འཇིགས་རྟེན་དབང་ཕྱུག་གི་རྣམ་འཕྲུལ་རིམ་བྱོན་གྱི་འཁྲུངས་རབས་དེབ་ཐེར་ནོར་བུའི་འཕྲེང་བའི་གླེགས་བམ་ལྔ་བའི་ཤོག་ངོས་༦༤༧་པའི་ཐིག་འཕྲེང་༡༠་བའི་ནང༌། ཟླ་བ་ལྔ་བའི་ནང་སེར་བྱེས་སྐེད་ཚང་སྤྲུལ་སྐུ་དང༌། ཤིང་བཟོ་ཀུན་དགའ་རྒྱལ་མཚན་གཉིས་འགོ་ལོག་སེ་ཐར་(མགོ་ལོག་གསེར་རྟ)ཕྱོགས་གཏེར་ནས་འཁྲུངས་པའི་རྟ་ཕག་ཡབ་ཡུམ་གྱི་བླ་རྡོ་ངོ་མཚར་ཅན་གདན་ཞུར་རྫོང་བདའ་གནང༌། ཞེས་དང༌། ཤོག་ངོས་༦༤༩་བའི་ཐིག་འཕྲེང་༥་བར། ལྔ་མཆོད་ཉིན་རྒྱས་སྟོན་གནས་གཟིགས་སོགས་ཀྱི་མཛད་སྒོ་འཆར་ཅན་ཉམས་མེད་ཐོག། དེ་ཉིན་སེར་བྱེས་སྐེད་ཚང་སྤྲུལ་སྐུ་དང༌། ཤིང་བཟོ་ཀུན་དགའ་རྒྱལ་མཚན་གཉིས་ནས་རྟ་ཕག་ཡབ་ཡུམ་གྱི་བླ་རྡོ་ངོ་མཚར་ཅན་གདན་འདྲོངས་ཏེ་རྟེན་འབྲེལ་གྱི་དགེ་མཚན་ཕུན་སུམ་ཚོགས་པ་དང་བཅས་ཕྱག་ཏུ་རྒྱས་བཏབ་ནས་གཟིམས་ཆུང་རྟེན་གྲས་སུ་སྒྲིགས་པར་མཛད་ཅིང༌། སྐེད་ཚང་སྤྲུལ་སྐུ་དང༌། ཤིང་བཟོ་གཉིས་ཀྱང་ལེགས་སྐྱེས་ཀྱིས་ཡང་དག་པར་གཟེངས་བསྟོད་པ་གནང༌། ཞེས་གསལ།

༼སྒྲིག་མཆན། གོང་གསལ་གླེགས་བམ་ལྔ་བ་ཞེས་པ་འདི་ནི། ༧རྒྱལ་མཆོག་༡༣་པ་ཆེན་པོའི་རྣམ་ཐར་ཡིན་ཞིང༌། དེ་ཡང་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་མཆོག་དང༌། སྐབས་དེའི་ནང་བློན་ཆེན་པོ་ཡབ་གཞིས་གླང་མདུན་པ་ཀུན་དགའ་དབང་ཕྱུག་རྣམ་གཉིས་ནས་ཇི་ལྟར་བསྐུལ་པ་ལྟར། ཕུར་ལྕོགས་ཡོངས་འཛིན་སྤྲུལ་སྐུ་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་བསྟན་འཛིན་གྱིས་བརྩམས་ཤིང༌། རྒྱལ་མཆོག་སྐུ་འཕྲེང་༡༤་བ་ཆེན་པོ་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོའི་རྫོགས་ལྡན་བསྐལ་བཟང་ཉིན་མཇུག་ལེགས་པར་གྲུབ་པ་ཞིག་རེད། འདིའི་སྐབས་ཀྱི་སྐེད་ཚང་སྤྲུལ་སྐུ་ཞུ་བ་དེ་ནི་ལྷ་མིའི་རྣམ་འདྲེན་༧གོང་ས་༡༤་བ་ཆེན་པོ་འཚོལ་བར་མདོ་སྨད་སྐུ་འབུམ་སྟག་འཚེར་དུ་ཕེབས་མཁན་གྱི་ཀེའུ་ཚང་རིན་པོ་ཆེ་ཞུ་བ་དེ་ཡིན་ནོ། །༽ ༦༽ ཀེའུ་ཚང་སྤྲུལ་སྐུ་འཇམ་དཔལ་ཡེ་ཤེས་ཀྱི་རང་རྣམ་མ་བསྐུལ་ཀུན་གྱིས་མཐོང་བ་སྐྱིད་སྡུག་གི་མྱོང་བྱ། ཞེས་པའི་ཤོག་ངོས་༣༤༠་བའི་ཐིག་འཕྲེང་༡༩་བར། གསང་སྔགས་སྔ་འགྱུར་བའི་ཆོས་འབྲེལ་གསན་བཞེས་མཛད་པའི་ཚད་ལྡན་གཏེར་སྟོན་རིན་པོ་ཆེ་བསོད་ནམས་རྒྱལ་པོས་མགོ་ལོག་སེ་ཐར་(གསེར་རྟ་)ཕྱོགས་ནས་གཏེར་བཞེས་པའི་རིན་པོ་ཆེའི་རྡོ་རིགས་རྒྱབ་མདུན་དམར་ལྗང་ངོས་གཉིས་སོ་སོར་རྟ་མགྲིན་དང༌། ཕག་མོའི་སྐུ་འདྲ་སོ་སོའི་གཟུངས་སྔགས་བཅས་འབུར་དོད་རང་བྱོན་གྱི་རྟ་ཕག་བླ་རྡོ་ངོ་མཚར་ཤིན་ཏུ་ཆེ་བ་གཏེར་བྱང་ནང་གསལ་ལྟར། ༧གོང་ས་༧སྐྱབས་མགོན་ཆེན་པོར་སྙན་ཐོག་ནས་འབུལ་ལམ་ཞུ་གནང་མཛད་པ་རབ་བྱུང་བཅོ་ལྔ་བའི་མེ་སྟག་ལོར། ས་གནས་ནས་གདན་ཞུར་ཀེའུ་ཚང་རིན་པོ་ཆེ་དང༌། ཤིང་བཟོ་ཀུན་དགའ་རྒྱལ་མཚན་ཆེད་བརྫོངས་གནང་བ་བཞིན་རྟ་ཕག་བླ་རྡོ་གདན་དྲངས་ཏེ། ༧གོང་ས་ཆེན་པོར་འབུལ་གནང་ལ་དགྱེས་མཉེས་ཀྱིས་ལེགས་སྐྱེས་གནང་ཆ་བསྩལ་ཞིང༌། རྟ་ཕག་བླ་རྡོའང་སྤྱན་གླང་ཕོ་བྲང་གི་གཟིམ་ཆུང་བསྐལ་བཟང་བདེ་འཁྱིལ་གྱི་གཟིམ་སྦུག་རྟེན་གྲས་སུ་བཞུགས་པར་རྟེན་དེབ་ནང་ཡོད་པ་དངོས་སུ་ཐོས། ཞེས་གསལ། ༼སྒྲིག་མཆན། ༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་༡༤་བ་ཆེན་པོའི་བཀའ་འབྲེལ་ལྟར་དར་ཧན་ཀེའུ་ཚང་ཡེ་ཤེས་སྨོན་ལམ་དཔལ་བཟང་པོའི་ཡང་སྤྲུལ་ཀེའུ་ཚང་རིན་པོ་ཆེ་འཇམ་དཔལ་ཡེ་ཤེས་ཆོས་ཀྱི་སྨོན་ལམ་མཆོག་གིས་བོད་རྒྱལ་ལོ་༢༡༡༦་ས་སྦྲུལ་ཟླ་༡༢ཚེས་༡། ཕྱི་ལོ་༡༩༩༠་ཟླ་༡་ཚེས་༢༧་ཉིན་རྫོགས་པར་བྲིས་པ་ཡིན་ཞིང༌། གཏེར་སྟོན་བསོད་ནམས་རྒྱལ་པོ་ཞུ་བ་དེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་སྐུ་གོང་མ་གཏེར་ཆེན་ལས་རབ་གླིང་པ་ཡིན་ནོ། །༽

༧༽ མཁས་དབང་ངག་དབང་སྐལ་ལྡན་གྱིས་དབྱིན་ཡིག་ཏུ་བརྩམས་ཤིང༌། མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་གྱིས་བོད་བསྒྱུར་གྱིས་ཨ་རིའི་ས་པཎ་བཤད་སྒྲུབ་གླིང་གིས་ཕྱི་ལོ་༢༠༠༦་ལོར་དཔར་བསྐྲུན་བྱས་པའི་རྗེ་བཙུན་བླ་མ་དམ་པ་སྡེ་གཞུང་ལུང་རིགས་སྤྲུལ་སྐུ་བྱམས་པ་ཀུན་དགའ་བསྟན་པའི་ཉི་མ་རིན་པོ་ཆེའི་རྣམ་ཐར་དད་གསུམ་པདྨོ་བཞད་པའི་ཉིན་བྱེད། ཅེས་པའི་ཤོག་ངོས་༩༧་པའི་ཐིག་འཕྲེང་༣་པར། སྡེ་གཞུང་འབྲོག་སྡེའི་དཔོན་རྒྱུད་ནི། གླིང་རྗེ་གེ་སར་རྒྱལ་པོའི་ཟུར་སྲས་གེལ་པ་ཁ་ཤོ་བྱ་བའི་རིགས་ལས་མཆེད། བོད་དུ་གྲགས་པའི་རུས་ཆེན་བཞི་ལས་ལྡོང་གི་རུས་ཡིན། དེ་ལ་ནང་ཚན་གྱི་བྱེ་བྲག་དུ་མ་ཡོད་པའི་ནང་ནས་ལྦ་(དབལ)ཤུལ་ཏེ་མགོ་ལོག་གསེར་(རྟ)ཐ་དང་རིགས་གཅིག་པའི་ལྦ་(དབལ)ཤུལ་ཨ་འབུམ་ཚང་ཞེས་གྲགས་པའི་མདོ་སྨད་ཀྱི་དཔོན་སྐྱ་ཆེ་གྲས་ཤིག་ཡིན། ཞེས་དང༌། ཤོག་ངོས་༡༦༡་པར། སྐབས་དེ་ཤེད་དུ་མགོ་ལོག་གསེར་རྟ་ཡུལ་གྱི་གཏེར་སྟོན་ཨོ་རྒྱན་ཕྲིན་ལས་གླིང་པ། ཡོངས་གྲགས་སུ་ཨ་པམ་(ཨ་ཕང)གཏེར་སྟོན་(༡༩༤༤་ལོ་ཙམ་ལ་འདས།) དང་མཇལ་འཕྲད་བྱུང༌། གཏེར་སྟོན་དེ་མི་ཉག་ནང་འཁྱུག་སྐོར་མཛད་མཐར་དེར་འདས། མ་འདས་སྔོན་ལ་ཁོང་ས་སྐྱ་འཁོན་གྱི་རིགས་སུ་འཁྲུངས་ཡོང་གསུངས་མྱོང༌། ཞེས་གསལ།

༼སྒྲིག་མཆན། ཨ་ཕང་གཏེར་ཆེན་དཔའ་བོ་ཆོས་དབྱིངས་རྡོ་རྗེའམ། ཨོ་རྒྱན་འཕྲིན་ལས་གླིང་པ།༡༨༩༥-༡༩༤༥་ཁོང་ནི་ད་ལྟའི་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེའི་སྐུ་གོང་མ་དེ་རེད། དེབ་འདི་སྒྱུར་བ་པོ་མཁས་དབང་གདོང་ཐོག་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་ནི་མཁས་གྲགས་ཆེ་ཞིང༌། དབྱིན་བོད་ཤན་སྦྱར་ཚིག་མཛོད་དང༌། བོད་ཀྱི་རྒྱལ་རབས་སོགས་གསུང་རྩོམ་མང༌།༽

༨༽ སྐྱབས་རྗེ་རྡོ་གྲུབ་སྐུ་འཕྲེང་བཞི་བ་ཐུབ་བསྟན་འཕྲིན་ལས་དཔལ་བཟང་རིན་པོ་ཆེས་བརྩམས་པའི་དེང་དུས་ཀྱི་དགོས་མཁོ་དང་བསྟུན་པའི་མགོ་ལོག་གི་ཡུལ་སྤྱི་དང༌བྱེ་བྲག་ལུགས་གཉིས་ཀྱི་ཕྱོགས་ནས་རབས་བརྗོད་པ། ཞེས་པའི་དེབ་ཀྱི་ཤོག་ངོས་༡༣་པའི་ཐིག་འཕྲེང་༢་པར། བོད་ལ་བོད་དང༌། བོད་ཆེན་པོའི་རྒྱལ་ཁབ་གཉིས་སུ་གྲགས་པ་ལས། བོད་ཆེན་པོའི་སྨད་ཀྱི་མདོ་ཁམས་སྒང་དྲུག་གི་ནང་ཚན། ཟལ་མོ་སྒང་གི་ནུབ་བྱང་དུ་མགོ་ལོག་གསེར་ཐལ་དང༌། བྱང་ཕྱོགས་མགོ་ལོག་ཅེས་བྱ་ཡོད། ཅེས་དང༌། ཡང་དེའི་ཤོག་ངོས་༡༩་བའི་ཐིག་འཕྲེང་༢པར། མགོ་ལོག་གི་ཟོ་དོར། གཉན་པོ་གཡུ་རྩེའི་ལྷོ་ཕྱོགས། མདོ་ཁམས་ཟལ་མོ་སྒང་གི་ནུབ་བྱང་ན། མགོ་ལོག་གསེར་ཐལ་ཞེས་བྱ་བ་ཡོད། ཅེས་གསུངས་ཡོད།

༩༽ སྐྱབས་རྗེ་ཛེ་སྨད་རིན་པོ་ཆེས་བརྩམས་པའི་བསིལ་ལྡན་ཁ་བ་རི་བའི་བརྟན་གཡོའི་ཡུལ་སྣང་རགས་པར་ཤར་བའི་བརྗེད་བྱང་ཀུན་གསལ་དངུལ་དཀར་མེ་ལོང་ཞེས་བྱ་བར། མདོ་སྨད་ཨ་མདོ་མགོ་ལོག་གི་ལོ་རྒྱུས་ནི་མགོ་ལོག་ཁང་རྒན་ཤོག་ཆེན་སྡེ་མི་ཚང་ལྔ་སྟོང་ཙམ་ཡོད་པ་དེའི་དཔོན་དབང་གཅེས། གཉིས་པ། མགོ་ལོག་གོང་མ་ཚང་ཞེས་པ་ནས། བདུན་པ། མགོ་ལོག་ལྦ་ཤུལ་གསེར་ཐ(དབལ་ཤུལ་གསེར་རྟ།)སྡེ་མི་ཚང་ཉིས་ཁྲི་ཙམ་ཡོད་སྐད། དེའི་ཁུངས་སུ་དཔལ་ནག་པོ་ཆེན་པོ་ཚོགས་ཀྱི་བདག་པོའི་གནས་རི་ཆེན་པོ་གསེར་གྱི་འབྲོང་རི་སྨུག་པོ་ཞེས་ཡོངས་གྲགས་ཅན་དེ་ཡོད། ཅེས་གསལ། (སྒྲིག་མཆན། ཛེ་སྨད་རིན་པོ་ཆེ་ནི་༡༩༢༧་ལོར་མདོ་སྟོད་ཁམས་ཀྱི་འདབ་ཡང་སྟེང་དུ་འཁྲུངས། དགུང་གྲངས་༡༡་པར་དགའ་ལྡན་ཤར་རྩེ་གྲྭ་ཚང་ལ་ཆོས་ཞུགས་མཛད། ཁོང་སྐྱེས་སྟོབས་ཀྱི་མཁྱེན་རབ་ཤིན་ཏུ་རྣོ་བས་ཕྱི་ལོ་༡༩༤༨་ལོར་དགུང་གྲངས་༢༡་ཐོག་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་མཚན་བཞེས་གནང༌། ༧གོང་ས་མཆོག་རྒྱ་གར་ནག་ཏུ་ཕེབས་སྐབས་གལ་ཆེའི་འཐུས་མིའི་ཁོངས་ཆིབས་ཞབས་སུ་བཅར། ཕྱི་ལོ་༡༩༥༩་རྗེས་ལ་བཙན་བྱོལ་ནང་དགེ་རྒན་འོས་སྦྱོང་གི་དབུ་བཞུགས་དང༌། སློབ་གྲྭ་ཁག་གི་སློབ་སྤྱི་སོགས་སྤྱི་ཚོགས་ཞབས་ཞུ་གནད་སྨིན་མཛད། ཁོང་ནི་བོད་ཀྱི་ཆོས་དང༌། རིག་གཞུང་། རྒྱལ་རབས་ལོ་རྒྱུས་སོགས་ལ་མཁས་པ་རྩེ་ཕུད་ཅིག་ཡིན་པ་དང༌། གསུང་རྩོམ་ཡང་པོད་ཆེན་དྲུག་ཡོད་པ་རེད།)

༡༠༽ འཕགས་ཡུལ་བཞུགས་སྒར་དྷ་རམ་ས་ལའི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་བཏོན་པའི་ལྗང་གཞོན་དུས་དེབ་འདོན་ཐེངས་བརྒྱད་པའི་ཤོག་ངོས་༤༨་པར། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་གནའ་དེང་གི་ལོ་རྒྱུས་སྨྲ་བར་སྤོབས་པ་མཆོག་ཏུ་དགེ་བའི་མཁས་དབང་བཀྲ་ཤིས་ཚེ་རིང་མཆོག་གིས། བོད་ཁམས་སྨྲ་རྫ་ཟལ་མོ་སྒང་གི་སའི་ཐིག་ལེའི་ཆར་འཁོད་པའི་ལྕགས་མོ་མགོ་ལོག་གི་དབལ་ཤུལ་གསེར་ཐལ་(རྟ)འདི་ལ་ནང་གསེས་ས་གཡུ་ཁོག གསེར་ཁོག རྡོ་ཁོག་གསུམ་དང༌། སྟོད་འབུམ་(ཤུལ་)ཤེས་ཤོག་དྲུག་མན་ཆད། སྨད་ལི་གཙང་ཆུ་བཞི་ཡན་ཆད་སོགས་ཡོད་པ་ལས་རྡོ་ཁོག་གི་གཙང་ཆེན་ནམ་གསང་ཆེན་དངོས་གྲུབ་དཔལ་འབར་གླིང་གི་དགོན་བདག་རྡོ་གྲུབ་ཆེན་སྐུ་འཕྲེང་གསུམ་པ་འཇིགས་མེད་བསྟན་པའི་ཉི་མའི་(༡༨༦༥-༡༩༢༦)ཞབས་ཀྱི་གསུང་འབུམ། ཞེས་སོགས་གསུངས། ༼སྒྲིག་མཆན། བཀྲ་ཤིས་ཚེ་རིང་མཆོག་ནི་རྒྱལ་རབས་ལོ་རྒྱུས་ཀྱི་རིགས་དང༌། གནའ་དེང་ཕྱི་ནང་གི་རིག་གནས་ལ་མཁྱེན་རྒྱ་ཤིན་ཏུ་ཡངས་ཤིང༌། ད་བར་ཕྱི་ནང་གང་སར་བོད་ཀྱི་རིག་གཞུང་ཞིབ་འཇུག་ཚོགས་འདུ་དུ་མར་བསྐྱོད་དང༌སྐྱོད་བཞིན་པའི་མཁས་པ་ཚད་ལྡན་ཞིག་རེད།༽

༡༡༽ ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་འབྱུང་ཆོས་དུང་གཡས་སུ་འཁྱིལ་བའི་སྒྲ་དབྱངས། ཞེས་པའི་སྨད་ཆའི་ཤོག་ངོས་༣༧༧་པར། དབལ་ཤུལ་ཡེ་བློ་རིན་པོ་ཆེའི་མཛད་རྣམ་རང་རྩོམ། ཁོ་བོའི་སྐྱེ་འཕྲེང་གོང་མར་བརྩི་བ་དགེ་བཤེས་ཡེ་བློ་ནི་འགུ་ལོག་གསེར་རྟར་འཁྲུངས། ཁོང་གི་ལོ་རྟགས་ཤིང་བྱ་ཡིན་པས་དེ་ལྟར་ན་ཕྱི་ལོ་༡༨༨༥་ལོར་འཁྲུངས། ཡབ་ཡུམ་སོགས་ནི་རྙིང་མ་དང་དགེ་ལུགས་གཉིས་ཀར་ཁྱད་མེད་དད་པ་ཞུ་མཁན་ཞིག་ཡིན་འདུག ཅེས་གསལ། ༼ཆོས་འབྱུང་འདི་རྩོམ་པ་བོ་ནི་འབྲས་སྤུངས་ཁྲི་བ་དང༌། སྒོ་མང་གྲྭ་ཚང་གི་གདན་རབས་བདུན་ཅུ་དོན་གཅིག་པ་སྐྱབས་རྗེ་མཁན་ཟུར་བསྟན་པ་བསྟན་འཛིན་མཆོག་གིས་བརྩམས་ཤིང༌། ཕྱི་ལོ་༢༠༠༣་ཟླ་༧་ཚེས་༡༥་ཉིན་སྒོ་མང་དཔེ་མཛོད་ཁང་གིས་མ་དཔེ་དག་བསྒྲིགས་དང༌དཔར་བསྐྲུན་ཞུས།༽

གསེར་རྟ་རང་ཡུལ་གྱི་མང་ཚོགས་ནང་དུའང་སྔོན་ནས་ད་བར་གསེར་རྟ་མགོ་ལོག་ཡིན་པའི་ལྟ་ཚུལ།

       
མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟ་ལ་མགོ་ལོག་གསེར་རྟ་ཞེས་གསེར་རྟ་མགོ་ལོག་ཡིན་པའི་ལྟ་ཚུལ་འཛིན་མཁན་གསེར་རྟ་བ་ལས་གཞན་ཡོད་པར་མ་ཟད། གསེར་རྟ་རང་དུ་སྐྱེས་པའི་མིའི་ནང་གསེར་རྟ་མགོ་ལོག་ཡིན་པ་གཞིར་བཞག་བྱེད་མཁན་སྔོན་ནས་ད་བར་བྱུང་དང་འབྱུང་བཞིན་པ་ཁག་གཅིག་ངོ་སྤྲོད་འདི་ལྟར།

༡༽ ད་ལྟ་བཙན་བྱོལ་དུ་མདོ་སྟོད་སྤྱི་འཐུས་ཀྱི་ནང་ཡོད་པའི་གསེར་རྟ་ཚུལ་པོས་ཀྱང་ཕྱི་ལོ་༡༩༩༨་ལོའི་ཟླ་༣་ཚེས་༤་ཉིན་བོད་ནས་གསར་དུ་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་སྐབས་རང་ཉིད་ཀྱི་སྐྱེས་ཡུལ་མགོ་ལོག་ཅེས་བྲིས་པར་མ་ཟད། མགོ་ལོག་རགས་བཀྲམ་དགོན་པར་ལོ་ལྔ་ཙམ་བསྡད་ཅེས་ཁོང་གི་ཕ་ཡུལ་གྱི་གཞི་ཆེན་རཀྲཾ་དགོན་པ་ལ་མགོ་ལོག་རགས་བཀྲམ་དགོན་པ་ཞེས་བྲིས་ཡོད།
༢༽ ཕྱིས་སུ་ཚུལ་པོས་ཆོལ་ཁའི་ལངས་ཕྱོགས་འགྱུར་རྗེས་ཀྱང་སྐྱེས་ཡུལ་ཁམས་མགོ་ལོག་གསེར་རྟ་ཞེས་ཚུལ་པོ་རང་ཉིད་ཀྱི་ས་ཡིག་བཅས་བོད་ཀྱི་རྩོམ་པ་པོའི་ཚོགས་ཁུངས་སུ་ཞུགས་སྐབས་བྲིས་འདུག་པ་དང་། གཞན་ཡང་དབལ་ཤུལ་གསེར་རྟའི་གནའ་དེང་གི་ཤེས་ལྡན་མི་སྣའི་ཁྲོད་མགོ་ལོག་གསེར་རྟ་ཞེས་འབོད་མཁན་ས་ཁྱབ་རྡོ་ཁྱབ་བྱུང་འདུག་པ་འདི་ལྟར།

༣༽ དབལ་ཤུལ་གསེར་རྟའི་རྡུང་ལེན་པ་གྲགས་ཅན་རིག་དགས་བཏོན་པའི་དེང་རབས་ཀྱི་སྙན་རྩོམ་འགོག་མེད་ཀྱི་བརྩེ་དུངས་ཞེས་པའི་འཁོར་ཐག་གི་ནང་ཁོང་རང་ཉིད་ཀྱི་འགྲེལ་བཤད་དུ། ཕ་ཡུལ་མགོ་ལོག་གསེར་རྟའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་པའི་བུ་ཆུང་ལྷ་ཡག་དང༌། སྨད་མི་ཉག་མེ་ཏོག་གཡུ་སྒང་གི་རོང་ཁྱིམ་ཞིག་དུ་སྐྱེས་པའི་བུ་མོ་ལྷ་མཛེས་ཞེས་འཁོད་འདུག་པ་དང༌།

༤༽ གསེར་རྟ་རང་དུ་སྐྱེས་ཤིང་གསེར་རྟ་རྫོང་མི་རིགས་སློབ་འབྲིང་དང༌། དར་མདོའི་མི་རིགས་དགེ་འོས་སློབ་གྲྭ་སོགས་མཐར་ཕྱིན་ནས་ད་ལྟ་དགེ་རྒན་སོགས་ཀྱི་ཕྱག་ལས་གནང་བཞིན་པའི་དབལ་ཤུལ་གསེར་རྟའི་ན་གཞོན་ཤེས་ལྡན་རྩོམ་པ་པོ་དབལ་ཤུལ་རང་བྱུང་ངམ། འཇིགས་མེད་དོན་རྟོགས་ཀྱི་རྩོམ་ཡིག་ཕྱོགས་བསྒྲིགས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི་(དུངས་ཞེན་དཀར་པོ་)ཞེས་པའི་དེབ་དེའི་མདུན་ཤོག་གི་ནང་ངོས་སུ་(དབལ་ཤུལ་རང་བྱུང་། མིང་གཞན་འཇིགས་མེད་དོན་རྟོགས། ལྕགས་མོ་(བྱའི་)བྱ་ཡི་ལོར་༡༩༨༡)ལོར་མགོ་ལོག་དབལ་ཤུལ་གསེར་རྟའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། ཞེས་དང༌།

༥༽ གསེར་རྟ་རྫོང་མི་རིགས་སློབ་འབྲིང་གི་དགེ་སློབ་རྣམས་ཀྱིས་བཏོན་པའི་གསེར་སློབ་རའི་གཡུ་སྦྲང་། ཞེས་པའི་འོད་སྡེར་ནང་གསེར་རྟ་ཡོངས་ལ་མཚན་སྙན་ཆེ་བའི་དེང་དུས་ཀྱི་གསེར་རྟའི་ན་གཞོན་ཤེས་ལྡན་རྩོམ་པ་པོ་སྤྱན་གཟིགས་མཆོག་གིས་བརྩམས་པའི་ཚིག ང་ཡི་ཕ་ཡུལ་གསེར་རྟ་རྩ་ཐང་རེད། །འབྱོར་ཕྱུག་ཕུན་སུམ་ཚོགས་པའི་རྩ་ཐང་རེད། །ཨ་མདོ་མགོ་ལོག་ལྡོང་གི་རིགས་རྒྱུད་རེད། །ཅེས་སོགས་དང༌།

༦༽ གླུ་མ་སྐྱིད་བྱམས་ཀྱིས་བླངས་པའི་གླུ་ཚིག་གི་མགོའི་ངོ་སྤྲོད་ནང་ང་མདོ་སྨད་རྟ་ཡི་ཆོལ་ཁའི་མགོ་ལོག་དབལ་ཤུལ་གསེར་རྟ་ནས་ཡིན། ཞེས་དང༌།

 ༧༽ གཞས་ཚིག་དེའི་ནང་།
ངའི་ཕ་ཡུལ་མགོ་ལོག་གསེར་རྟ་རེད། །
མགོན་ཡིད་བཞིན་ནོར་བུའི་གདན་ས་རེད། །
ངའི་ཕ་ཡུལ་གངས་ལྗོངས་མདོ་སྨད་རེད། །
ལྷ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་རེད། །

ངའི་ཕ་ཡུལ་མཐོང་བ་ཀུན་སྨོན་རེད། །
གླིང་ཆེ་རྒྱུད་གསེར་བའི་གདུང་རྒྱུད་རེད། །
ཅེས་སོགས་དང༌།

༨༽ གསེར་རྟ་རང་དུ་འཁྲུངས་པའི་བླ་སྤྲུལ་ཆེ་ཁག་གི་གསུང་འབུམ་དང༌། རྣམ་ཐར་སོགས་སུ་མགོ་ལོག་གསེར་རྟ་ཞེས་ཡོངས་གྲགས་ཆགས་འདུག་པའི་སྐོར།

རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ་༡༨༦༥-༡༩༢༦་ཞབས་ཀྱི་གསུང་འབུམ། སི་ཁྲོན་དཔར་མ། པོད་དང་པོའི་ཤོག་ངོས་༡༥༡་པར། མཁན་ཆེན་ཞི་འཚོའི་བསྟོད་པའི་མཇུག་བྱང་དུ། ཞེས་པའང་འགུ་ལོག་གི་སྤྲང་ཕུག་ཀི་བོས་སྨྱོ་གཏམ་ཐོལ་བྱུང་མར་ཇ་གསུམ་པ་འཐུང་ཞོར་དུ་བྲིས་པ་དགེའོ། །ཞེས་དང༌།

༩༽ སྐྱབས་རྗེ་རྡོ་གྲུབ་ཆེན་སྐུ་འཕྲེང་བཞི་བ་ཐུབ་བསྟན་འཕྲིན་ལས་དཔལ་བཟང་རིན་པོ་ཆེ་༡༩༢༧་ཞབས་ཀྱིས་བརྩམས་པའི་དེང་དུས་ཀྱི་དགོས་མཁོ་དང་བསྟུན་པའི་མགོ་ལོག་གི་ཡུལ་སྤྱི་དང༌བྱེ་བྲག་ལུགས་གཉིས་ཀྱི་ཕྱོགས་ནས་རབ་བརྗོད་པ། ཞེས་པའི་དེབ་ཀྱི་ཤོག་ངོས་༡༣་པའི་ཐིག་འཕྲེང་༢་པར། བོད་ལ་བོད་དང༌། བོད་ཆེན་པོའི་རྒྱལ་ཁབ་གཉིས་སུ་གྲགས་པ་ལས། བོད་ཆེན་པོའི་སྨད་ཀྱི་མདོ་ཁམས་སྒང་དྲུག་གི་ནང་ཚན། ཟལ་མོ་སྒང་གི་ནུབ་བྱང་དུ་མགོ་ལོག་གསེར་ཐལ་དང༌། བྱང་ཕྱོགས་མགོ་ལོག་ཅེས་བྱ་ཡོད། ཅེས་དང༌།

༡༠༽ ཡང་དེའི་ཤོག་ངོས་༡༩་བའི་ཐིག་འཕྲེང་༢་པར། མགོ་ལོག་གི་ཟོ་དོར། གཉན་པོ་གཡུ་རྩེའི་ལྷོ་ཕྱོགས། མདོ་ཁམས་ཟལ་མོ་སྒང་གི་ནུབ་བྱང་ན། མགོ་ལོག་གསེར་ཐལ་ཞེས་བྱ་བ་ཡོད། ཅེས་གསུངས་པ་དང༌།

༡༡༽ ཁྱབ་བདག་འཇའ་ལུས་རྡོ་རྗེའི་ཡང་སྲིད་དེ་མ་ཐག་པ་རྡོ་གྲུབ་ལྔ་བ་ཐུབ་བསྟན་ཀློང་ཡངས་རིག་འཛིན་རྒྱ་མཚོ་མཆོག་གི་རྣམ་པར་ཐར་བ་མདོ་ཙམ་གླེང་བ་ཞེས་པའི་ཤོག་ངོས་༢་པར། ལྡོང་ཆེ་གཉན་ཅན་ཞེས་དབུ་འཕངས་མཐོ། །ཞེས་པ་ལྟར་སྨུག་པོ་ལྡོང་གི་རིགས་ལས་མཆེད་པའི་དུས་བབ་ཀྱི་གཏེར་སྟོན་ཆེན་པོ་ཡབ་བུ་རུ་བསོད་ནམས་དཔལ་ལྡན་དང་། ཡུམ་གཡུང་ཤུལ་བླ་མ་མཁྱེན་དཔལ་གྱི་སྲས་མོ་བལ་འབངས་ཀ་ལ་སིདྡྷིའི་སྐྱེ་སྲིད་དུ་བསྔགས་པའི་གཡང་ལོ་གཉིས་ཀྱི་སྲས་སུ་འཇའ་ཤར་བ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས། བོད་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་སོ་དྲུག་པ་(ཕྱི་ལོ་༡༩༦༢)སྟེ། ལེགས་སྦྱར་གྱི་སྐད་དུ་ཤུ་བྷ་བྲི་ཏ། ཞེས་བསིལ་ལྡན་བོད་ཀྱི་སྐད་དུ་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོའི་སྟག་ཟླའི་ཚེས་ཉེར་དགུ་ལ། མགོ་ལོག་གསེར་རྟའི་སྲིད་པའི་ཟོ་དོར་ཆེན་པོ་རྫ་ཁྲིའི་དམ་ཅན་མགར་ནག་གི་ཉེ་ཞོལ་དབང་མཛད་ལྷ་རི་ཁྲ་བོའི་གཡས་ཟུར་ས་དམར་དར་ལུང་ཞེས་པ་དབང་གི་དགའ་འཁྱིལ་དམར་བོ་གཡས་སུ་འཁོར་འདྲའི་ས་མིག་དང་། སའི་སྲུང་བཞི་སོགས་བཀྲ་ཤིས་གཡང་དུ་ཆགས་པའི་གནས་དེར་(ད་ལྟ་འདིར་བྱང་ཆུབ་མཆོད་རྟེན་ཞིག་སྦྱང་ཡོད།)སྐུ་བལྟམས། དེབ་འདི་བོད་ནང་ནས་འཕྲུལ་དེབ་བཏོན་འདུག

༡༢༽ སྐྱབས་རྗེ་སྤྲུལ་བའི་གཏེར་འབྱིན་འགྲོ་འདུལ་པད་རྒྱལ་གླིང་བ་༡༩༢༤-༡༩༨༨་ཞབས་ཀྱི་གཏེར་བྱུང་ལོ་རྒྱུས་བཅུད་དྲིལ་དད་པའི་ས་བོན་གྱི་ཤོག་ངོས་༤་བའི་ཐིག་འཕྲེང་༣་པར། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་གསེས་འབྲི་ཟླ་སྒང་གི་ཐིག་ལེ་མགོན་པོ་འབྲོང་རི་སྨུག་པོས་སྐྱོང་བའི་་་་་མགོ་ལོག་དབལ་ཤུལ་གསེར་ཐལ་གྱི་ཡུལ་སྙི་གཞུང་ཞེས་པར་མཆོག་ཚང་ཞེས་སྨུག་པོའི་གདུང་ལས་མཆེད་པའི་ཡབ་པདྨ་འཇིགས་མེད་དང་ཡུམ་ཤེས་རབ་མཚོ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་(བཅོ་ལྔ་)པའི་ཤིང་བྱི་ཟླ་བའི་དུས་ཚེས་བཟང་བོར་ངོ་མཚར་ལྟས་བཟང་བཅས་བལྟམས་ནས་ལོ་ངོ་བརྒྱད་ལོན་ནས་རང་དགོན་མཆོག་ཚང་སྟག་ལུང་དགོན་པའི་གྲྭ་ཚང་དུ་ཞུགས་ཏེ་འབྲི་ཀློགས་སོགས་རང་ཁུལ་གྱི་བསླབས་སྦྱང་དང་དགོན་གནས་དེའི་བདག་པོ་མཆོག་ཚངས་(ཚང་)བླ་མ་དབོན་པོ་པདྨ་ཆོས་དབང་རིན་པོ་ཆེ་ནས་དགེ་བསྙེན་གྱི་སྡོམ་པ་ནོད་དེ་སྔོན་འགྲོ་བསགས་སྦྱང་དང་གནམ་ཆོས། རཏ་གླིང་། ཀར་གླིང་གསུམ་གྱི་དབང་ལུང་ཡང་ཐོབ། ཞེས་སོགས་དང༌།

༡༣༽ སྐྱབས་རྗེ་གྲུབ་དབང་པདྨ་ལུང་རྟོགས་རྒྱ་མཚོ་མཆོག་༡༨༩༡-༡༩༦༤་ཞབས་ཀྱི་རྣམ་ཐར་བྱང་ཆུབ་ལམ་བསྟན། ཞེས་བྱ་བ་ལྡེབས་རིང་ཤོག་ངོས་བཞི་བའི་ཐིག་ཕྲེང་བཞི་བར། གངས་ཅན་བོད་ཀྱི་ཤར་ཕྱོགས་མདོ་ཁམས་སྨད་ཀྱི་ཆ་མགོ་ལོག་གསེར་ཐང་གི་མངའ་སྡེ་ཨ་བོ་ལི་ཤུས་(ཤུལ་)ཀྱི་རུས་མཐའ་ཨ་བོ་སྦྲ་སྐོར་ཞེས་དུད་ཚང་དྲུག་བཅུའི་སྐོར་ཡོད་པའི་སྦྲ་རྒན་ཆེ་ཤོས་ཡིན་ཅིང༌། ཡབ་བསོད་ནམས་རྡོ་རྗེ་དང༌། ཡུམ་ཐོང་ཟ་(བཟའ་)སྒྲོལ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔའི་ལྕགས་ཡོས་ལོ་ཟླ་༢་ཚེས་༨་བཟང་པོར་ལྟས་བཟང་དང་བཅས་སྐུ་བལྟམས་པའོ། །ཞེས་དང༌།

༡༤༽ རྡོར་གླིང་མདོ་སྨད་ཆིག་སྒྲིལ་ཚོགས་པས་བརྩམས་པའི་མདོ་སྨད་ཀྱི་ལོ་རྒྱུས་ལས། བླ་བྲང་གི་ལོ་རྒྱུས་མཇུག་བྱང་ཤོག་ངོས་༡༠༣་པར། བོད་རྒྱལ་ལོ་༢༠༩༥་རབ་རྒྱལ་ས་སྤྲེལ་ལོ་༡༩༦༨་ལོར་འཕགས་ཡུལ་རྡོར་གླིང་དུ་མདོ་སྨད་གཅིག་སྒྲིལ་ཚོགས་པའི་ལོ་རྒྱུས་བྲི་འགོད་བྱེད་སྐབས། བླ་བྲང་པ་རྩིས་དགེ་བློ་རྒྱ་མཚོའི་དབུས། ས་གནས་ཁག་ནས་བཀྲ་ཤིས་འཁྱིལ་གྱི་ལོ་རྒྱུས་འབྱོར་རིགས་རྣམས་དང༌། རྡོར་གླིང་དུ་གཏན་བཞུགས་བླ་བྲང་ཨ་ཁུ་དཀོན་མཆོག་སོགས་ཀྱིས་ཀྱང་ཐུགས་ཁུར་ཆེ་བཞེས་ཀྱིས་ཐུགས་ལ་གང་ངེས་རྣམས་དང་གོ་བསྡུར་བསྟུན་ཏེ། གོང་འོག་གྲལ་བསྡེབས་ཀྱིས་ཕྱོགས་གཅིག་ཏུ་བཀོད་པ་པོ་ནི་མདོ་སྨད་གསེར་རྟའི་ཡུལ་དུ་སྐྱེ་བའི་འཕྲེང་བ་འཛིན་པ་མགོ་ལོག་སྤྲུལ་མིང་དཀོན་མཆོག་སྙན་གྲགས་ཀྱིས་བྲིས་པའོ། ། ཞེས་འཁོད་འདུག་པ་དང༌། མགོ་ལོག་གསེར་རྟ་སྤྲུལ་སྐུ་དཀོན་མཆོག་སྙན་གྲགས་ནི་སྐབས་དེར་མདོ་སྨད་ཆིག་སྒྲིལ་ཚོགས་པའི་དྲུང་ཆེ་ཡིན་འདུག འདིས་མཚོན་ད་དུང་གསེར་རྟའི་གནད་ཡོད་མི་སྣས་མགོ་ལོག་གསེར་རྟ་ཞེས་བྲིས་པ་མང་ཡང་འདིར་མང་བར་དོགས་ནས་དེ་ཙམ་གྱིས་ཆོག་པར་བྱས།

༡༥༽ ཕྱི་ལོ་༢༠༠༥་ཟླ་༡༠་བའི་ཚེས་མགོར་ད་ལྟའི་དབལ་ཤུལ་གསེར་རྟའི་དཔོན་ཆེན་དབལ་ཤུལ་ཚེ་སྒྲུབ་མགོན་མཆོག་ལ། ང་ཚོ་དབལ་ཤུལ་གསེར་རྟ་འདི་མདོ་སྟོད་ཁམས་པ་ཡིན་དང༌མདོ་སྨད་ཨ་མདོ་གང་ཡིན་ཁྱེད་ཀྱིས་ཐག་བཅད་ནས་གསུངས་རོགས་གནང་ཞེས་པར། ཁོང་གིས་སྤྱིར་ང་ཚོ་གསེར་རྟ་འདི་མགོ་ལོག་རེད། དེ་གཅིག་ཡིན། གཉིས་ནས་ངེད་དབལ་ཤུལ་དཔོན་ཚང་གི་ཕ་ཁུ་ཆེ་རྒན་ཚོའི་རིང་ནས་ང་ཚོ་མདོ་སྨད་ཨ་མདོ་ཡིན། གསུང་རྒྱུ་རེད། མ་གཏོགས་མདོ་སྟོད་ཡིན། ཁམས་ཡིན་གསུང་རྒྱུ་མ་རེད། ཅེས་སོགས་གསུངས།

  དངོས་ཡོད་གནས་ཚུལ་ལ་དབལ་ཤུལ་གསེར་རྟ་མདོ་སྨད་ཡིན་པར་འཕགས་མཆོག་ཕྱག་ན་པདྨོ་དང༌། རྒྱལ་དབང་པདྨ་ཀ་ར་སོགས་ཀྱིས་ཚད་མའི་ལུང་གིས་གྲུབ་པའི་སྐོར།

  རྒྱ་ནག་དམག་པོའི་སྲིད་གཞུང་གིས་ཕྱི་ལོ་༡༩༤༩་ཙམ་ནས་བོད་ཡུལ་བཙན་བཟུང་དང་ཧམ་ཟོས་ཆེད་ལས་འགུལ་འདྲ་མིན་སྤེལ་བར་མ་ཟད། མཐར་ཕྱི་ལོ་༡༩༥༠་ལོ་ནས་ཁྲི་དམག་མང་པོ་བོད་དུ་མངག་ཏེ། བོད་མི་ས་ཡ་གཅིག་ལྷག་དམར་གསོད་བྱས་ཏེ། བོད་ལ་དྲག་པོས་དབང་བསྒྱུར་བྱས་པ་ནས་བཟུང་བོད་ཀྱི་སྐད་ཡིག་དང་མི་རིགས་རིག་གཞུང་བཅས་རྩ་མེད་བཏང་དང་གཏོང་བཞིན་པ་དང་། ཆེ་ས་ནས་བོད་གངས་ཅན་སྤྱིའི་དངོས་བྱུང་ལོ་རྒྱུས་དང་། ས་ཁུལ་དང་། གྲོང་སྡེ། ཁྱིམ་ཚང་དང་། མི་སྒེར་སོགས་ཀྱི་བྱུང་རབས་ལོ་རྒྱུས་ལ་འཁྱོག་བརྗོད་རྫུན་བཟོ་འདྲ་མིན་བྱས་ནས་མཐར་བོད་ཅེས་པ་བཙལ་ནའང་མི་རྙེད་པའི་ལས་ཀ་མ་རུངས་པ་ཞིག་བརྩམས་དང་། རྩོམ་བཞིན་པའི་སྐབས་འདིར་མ་རུངས་པའི་ལས་ཀ་དེར་གདོང་ལེན་དང་སྔོན་འགོག་ཆེད་གངས་ཅན་སྐྱེ་འགྲོའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་དངོས་༸གོང་ས་༸སྐྱབས་མགོན་༸རྒྱལ་མཆོག་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བཙན་བྱོལ་དུ་ཆེད་ཕེབས་ཀྱིས་སྔོན་མའི་བོད་ཀྱི་ལོ་རྒྱུས་གཞིར་བཞག་བོད་ཆོལ་ཁ་གསུམ་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་སྒྲོམ་གཞིའི་ཐོག་མང་གཙོའི་ཀ་བ་གསུམ་གྱི་སྒྲིག་འཛུགས་འཐུས་ཚང་མི་སྨོན་རང་སྐྱིད་ཅིག་བཙུགས་གནང་བ་འདི་ལ་རང་ཅག་རྩམ་ཟན་བོད་མི་ཡོངས་ཀྱིས་བཀའ་དྲིན་རྗེས་དྲན་དང་། དབུ་འོག་དཔུང་འདེགས་ཞུ་འོས་པ་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་གཡོལ་ཐབས་མེད་པའི་ལས་འགན་ཡིན་མོད། རེ་ཟུང་གིས་དེ་ལས་ལྡོག་ནས་རང་བསམ་རང་མོས་ཀྱིས་བོད་སྤྱི་བའི་འདས་པའི་དངོས་བྱུང་ལོ་རྒྱུས་སོགས་རྫུན་བཟོ་འདྲ་མིན་བྱེད་བཞིན་པ་འདི་རིགས་ནི་རྒྱ་དམར་གྱི་མ་རུངས་པའི་སྲིད་ཇུས་ལ་ཆར་བ་ཆུ་གྲོགས་དང་། རམས་འདེགས་ཁོ་ན་ལས་མ་འདས། དེ་བཞིན་དེང་སྐབས་རེ་ཟུང་གིས་རང་ཉིད་ཀྱི་འཕྲལ་ཁེ་ཆུང་ཚགས་རེའི་ཆེད་དུ་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་དངོས་བྱུང་ལོ་རྒྱུས་ལའང་རྫུན་བཟོ་འདྲ་མིན་གྱིས་སྐྱེ་བོ་གང་མང་ཞིག་མགོ་རྨོངས་པར་བྱས་དང་བྱེད་བཞིན་པར་བརྟེན། འདི་རིགས་འགོགས་ཐབས་སུ་དེ་སྔོན་ནས་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་དབལ་ཤུལ་དཔོན་ཚང་སོགས་ཀྱིས་ཀྱང་ལམ་སྟོན་གང་མང་ཕེབས་ཡོད་པ་ལྟར། འདིར་དབལ་ཤུལ་གསེར་རྟའི་ལོ་རྒྱུས་རྩོམ་སྒྲིག་ཚོགས་པས་ཀྱང་རང་ཅག་ཚང་མས་ཐུན་མོང་དུ་ཁས་མ་བླང་ཐབས་མེད་ཅིང་། ཁས་བླངས་ན་སྐལ་བ་མཆོག་ཏུ་འགྱུར་བའི་གངས་ཅན་འགྲོ་བའི་ལྷ་སྐལ་ ༧འཕགས་མཆོག་ཕྱག་ན་པདྨོའི་བཀའ་ལུང་ཚད་མ་དང༌། ཨོ་རྒྱན་སངས་རྒྱས་གཉིས་པ་རྒྱལ་དབང་མ་ཧ་གུ་རུ་པདྨ་ཀ་རའི་ལུང་བསྟན་ཚད་མ་དང༌། རྒྱལ་དབང་པདྨ་ཀ་ར་དེ་ཉིད་བསམ་བཞིན་བསྟན་འགྲོའི་མགོན་དཔུང་དུ་བྱོན་པའི་རྩོད་མེད་ཡོངས་གྲགས་ཀྱི་སྐྱེས་ཆེན་དམ་པ་ཁག་ཅིག་གི་གསུང་ཚད་མ། རྒྱལ་སྤྱི་ནང་དུ་མཚན་སྙན་ཤིན་ཏུ་ཆེ་བའི་ལོ་རྒྱུས་སྨྲ་བའི་མཁས་དབང་ཁག་གིས་ལོ་ངོ་བརྒྱ་ཕྲག་རེ་ཟུང་གི་སྔོན་དུ་བརྩམས་པའི་ལོ་རྒྱུས་ཚད་མ། ད་ལྟ་ཞལ་འཚོ་བཞུགས་གནང་བཞིན་པའི་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་གནད་ཡོད་ལོ་རྒྱུས་མི་སྣའི་ལམ་སྟོན་ཚད་མ་བཅས་ཁུངས་ལུང་རྒྱུ་མཚན་གཙོ་བོར་བཟུང་ནས་སྨད་མདོ་ཁམས་དབལ་ཤུལ་གསེར་རྟ་འདི་མདོ་སྨད་ཡིན་པར་ངོ་སྤྲོད་མདོར་ཙམ་ཞུས་ན་འདི་ལྟར།

༡༽ དེ་ཡང་འཕགས་མཆོག་ཕྱག་ན་པདྨོ་སྡོམ་བརྩོན་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་གཞིས་བྱེས་བོད་མི་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ། ༧སྤྱི་ནོར་༧གོང་ས་ལྷ་མིའི་རྣམ་འདྲེན་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༧སྐྱབས་མགོན་རྒྱལ་བའི་དབང་བོའི་ཞལ་སྔ་ནས་མཛད་པའི་ཆོས་རྗེ་ཡིད་བཞིན་ནོར་བུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་ཞབས་བརྟན་གསོལ་འདེབས་ཀྱི་མཛད་བྱང་དུ། ཅེས་པ་འདི་བཞིན། མདོ་སྨད་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་པོ་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་བསྟན་འགྲོའི་དཔལ་དུ་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་ཤིག་འབྲི་དགོས་ཞེས་གང་གི་སློབ་མ་མཁན་མིང་བསོད་ནམས་དར་རྒྱས་ཀྱིས་གཙོས་སློབ་ཚོགས་ནས་ཇི་ལྟར་བསྐུལ་བ་བཞིན་རྒྱ་གར་འཕགས་པའི་ཡུལ་ནས་ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས། བོད་རབ་བྱུང་བཅུ་བདུན། ཆུ་བྱ་ ཟླ་༤་ཚེས་༥་དགེ་བར་བྲིས་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། ཅེས་གསུངས།

༢༽ གཞན་ཡང་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་བརྩམས་པའི་འདན་སྲས་ཀྱི་རྟོགས་བརྗོད་དཔེ་དེབ་བླ་རུང་ཐེག་གསུམ་ཆོས་གླིང་གིས་དཔར་བསྐྲུན་གནང་བའི་ཤོག་གྲངས་༡༣་པར།

 ལྷ་ཨོ་རྒྱན་པདྨའི་ལུང་བྱང་ནི། །
རབ་གསལ་འཕྲུལ་གྱི་མེ་ལོང་ལས། །
གནམ་ལོ་བྱ་ལ་བབ་པ་ན། །

མདོ་ཁམས་སྨད་ཀྱི་ས་ཆ་རུ། །
མ་གླིང་བཟའ་གཡུ་ཡི་མཚོ་མོ་དང༌། །
ཕ་འདན་མ་པདྨའི་སྡོང་པོའི་རྩེར། །
འདན་ལྷ་སྲས་སྤྲུལ་བའི་ཟློས་གར་བསྒྱུར། །

      སེམས་ཆོས་སྐུའི་རང་ངོ་འཕྲོད་ལེ་ཡོད། །
ཆོས་སྡེ་སྣོད་རྒྱ་མཚོའི་དོན་ལ་མཁས། །
སངས་རྒྱས་ཀྱི་བསྟན་པ་དེ་ཡིས་སྤེལ། །
བདུད་མུ་སྟེགས་དཔུང་ཚོགས་དེ་ཡིས་འཇོམས། །

      རྗེ་སེང་ཆེན་ཞབས་ཏོག་དེ་ཡིས་སྒྲུབ། །
མ་འགྲོ་དྲུག་དག་ཞིང་འདྲེན་ནོ་གསུངས། །

ཞེས་གསུངས། །ཚིགས་བཅད་འདིས་ཆོས་རྗེ་མཆོག་གིས་ཁོང་གི་འཁྲུངས་ཡུལ་དབལ་ཤུལ་གསེར་རྟ་མདོ་སྨད་ཡིན་པར་དངོས་སུ་བསྟན་པ་དང༌། རྗེ་ཉིད་ཀྱི་དགུང་སྙིང་བྱ་ཡིན་པ་དང༌། མ་ཡུམ་གྱི་མཚན་ལ་གཡུ་མཚོ་དང༌། ཡབ་ཀྱི་མཚན་ལ་པད་ཏེ་ཞེས་པས་མཚོན། སྐུ་ཚེ་འདིའི་རླབས་ཆེན་གྱི་མཛད་པ་རྣམས་ཆ་ཚང་ཞིག་བསྟན་འདུག་གོ །

༣༽ གཞན་ཡང་བོད་རབ་བྱུང་༡༧་ལྕགས་འབྲུག་ལོའི་ལྷ་བབ་དུས་ཆེན་ཉིན། ཕྱི་ལོ་༢༠༠༠་ལོར། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེས་གསུངས་པའི་གངས་ཅན་ཕོ་མོ་ཡོངས་ཀྱི་སྙན་ལམ་དུ་ཕུལ་བའི་ཞུ་ཡིག ཅེས་པའི་དེབ་ཆུང་རྒྱ་གར་ལྷོ་ཕྱོགས་རྫོགས་ཆེན་དགོན་པའི་ཙ་རི་བ་རབ་གསལ་གྱིས་དཔར་བསྐྲུན་བྱས་པའི་ཤོག་གྲངས་༡༠་པར། དེས་ན་སྲོག་གཅོད་ཀྱི་ཉེས་པ་འདི་སྤྱིར་གངས་རིའི་རྭ་བའི་ཁྲོད་དང༌། བྱེ་བྲག་ཏུ་མདོ་ཁམས་སྨད་འདིར་སྡིག་རྒྱུན་ཆོད་པ་ཞིག་བྱུང་ན་བསམ་གྱིས་མི་ཁྱབ་པ་ཡོང་རྒྱུ་ཡིན་པས་ཁྱེད་རང་ཚོས་ཡིད་འཇོག་གནང་བར་ཞུ། ཞེས་གསུངས།

༤༽ གཞན་ཡང༌། མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་གསུང་འབུམ་གླེགས་བམ་གསུམ་པའི་སྙིགས་དུས་བསྟན་པའི་གསལ་བྱེད་གཅིག་པུ་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་རྣམ་ཐར་བསྡུས་པ་དད་པའི་གསོས་སྨན། ཞེས་བྱ་བའི་ཤོག་ངོས་༣༦༩་ཐིག་ཕྲེང་༧་པར། དེ་ལྟར་དུ་པདྨའི་ལུང་བྱང་རབ་གསལ་འཕྲུལ་གྱི་མེ་ལོང་ལས་ཀྱང༌།

      ད་ལྟ་སྔགས་པ་རྡོ་རྗེ་བདུད་འཇོམས་ཀྱི་། །
སྤྲུལ་བའི་སྐྱེས་བུ་ཁམས་ཕྱོགས་ཉག་གི་སྟོད། །
ཆུ་ཆེན་གཡས་ཟུར་གངས་རི་རྩེ་གསུམ་གྱི། །
མདུན་དུ་བརྟུལ་ཞུགས་ཅན་གྱི་སྐལ་ལྡན་ནི། །

འབྲུག་གི་ལོ་ཅན་ལས་རབ་གླིང་པ་ཞེས། །
ཞེས་སོགས་ནས།
དེའི་འོག་མདོ་ཁམས་སྨད་དུ་ཨ་ཡི་མཚན། །
སྡེ་སྣོད་འཛིན་པ་བྱ་ཡི་ལོ་བ་འབྱུང༌། །ཞེས་དང༌།

༥༽ ཡང་དེའི་ཤོག་ངོས་༣༧༠་ཐིག་ཕྲེང་༧་པར། ཨོ་རྒྱན་ཆེན་པོས། དེའི་འོག་མདོ་ཁམས་སྨད་དུ་ཨ་ཡི་མིང་། །ཞེས་གསུངས་པ་དང༌དོན་གཅིག་གོ། །ཞེས་གསུངས་ཤིང་རྣམ་ཐར་འདི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང༌། མཁན་ཆེན་བསོད་ནམས་དར་རྒྱས། རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་བཅས་ཀྱིས་བརྩམས་གནང་འདུག །

༦༽ གཞན་ཡང༌། ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་གསུང་འབུམ་གླེགས་བམ་གསུམ་པའི་ཤོག་ངོས་༣༨༨་པའི་ཐིག་ཕྲེང་༡༢་པར། འབྱམས་ཡིག་ཅེས་པའི་ཆོས་རྗེ་མཆོག་གིས་རྒྱལ་བསྟན་དག་ཐེར་ཆེད་ཆེས་སྐད་གྲགས་ཅན་གྱི་ཡིག་ཆ་ཞིག་གང་སར་སྤེལ་བའི་མཛད་བྱང་དུ། ཞེས་བོད་རབ་བྱུང་བཅུ་དྲུག་ཤིང་གླང་ལོའི་ས་ག་ཟླ་བའི་ཡར་ཚེས་དགེ་བར། མདོ་ཁམས་སྨད་ཀྱི་ཡུལ་གྲུ་བཀྲ་ཤིས་ས་ཡི་ཐིག་ལེ་པད་མ་མཁའ་འགྲོའི་འདུ་གླིང་གསང་ཆེན་འོད་སྐུར་གྲོལ་བའི་དབེན་པའི་རི་ངོགས་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་ནས་སྤྲིངས་པ་དགེའོ།། །།ཞེས་སོགས་གསུངས།

      ༧༽ ཆོས་རྗེ་ཡིད་བཞིན་ནོར་བུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་ཞིང་ལ་ཕེབས་ཁའི་ཞལ་ཆེམས་སུ་ཡང་།

ཆོས་རྗེ་དམ་པ་༧འཇིགས་མེད་ཕུན་ཚོགས་ཀྱིས་འདའ་ཁའི་ཞལ་ཆེམས་བྱིན་ཅན་བཞུགས་སོ།། ད་རེས་ནི་ལས་ཀྱི་དབང་གིས་ངེད་ཆ་གདན་ཐོག་གཅིག་ལ་ཕྲད་ནི་རེད། ཕྲད་ནི་ཙམ་མི་ཚད་ཚོམ་བུ་གཅིག་ཏུ་འཚོགས་པའི་སྐལ་པ་བཟང་པོ་རེད། ང་ལ་ལོ་དགུ་བཅུ་གོ་ལྔ་འདུག་ཁི་གསུང་ནི་རེད། ན་བ་མང་བ་འཆི་བའི་སྔ་ལྟས་རེད། ཟེར་ནི་རེད། ཡུན་རིང་པོ་འདུག་ཁི་ཟེར་ན་རང་གིས་ཧ་གོ་ཁི། མི་འདུག་ཁི་ཟེར་ན་ཧ་གོ་ཁི། ང་ལ་གང་ལྟར་ལུག་རྒན་ཞིག་གི་ཚེ་ལས་མེད་ཁི། གཅིག་ཡས་ན་ད་རེས་འདི་ཚོ་འདུས་པ་ཐ་མ་ཡིན་ཤས་ཆེ། མིན་གི་སྨོན་ལམ་ཐོབས། ད་རུང་ཡང་ངེད་ཆ་ཁ་ཕྲད་ཡོང་རྒྱུ་རེད། སང་ཕོད་གི་གནས་སྐབས་ན་ཨོ་རྒྱན་རིན་པོ་ཆེ་བོད་ཁམས་མཐའ་དབུས་མེད་པར་ཞབས་ཀྱིས་ བཅག་པའི་དབང་ཆེན་སྤེལ་གྱི་ལོ་རེད། གཅིག་ཡས་ན་སྤེལ་ཟླའི་ཚེས་བཅུ་འཚོགས་ཡོང་རྒྱུ་རེད། དེ་མིན་ན་རིག་འཛིན་འབུམ་ཚོགས་ཆེན་མོ། ས་ཏྭོ་དུང་བསྒྲུབ་སོགས་ཆོས་ཚོགས་མང་པོ་ལ་འཕྲད་ཡོང་ཤས་ཆེ། ཚེ་འདི་ཡང་ནས་ཡང་དུ་འཕྲད་རྒྱུ་ལ་སྨོན་ལམ་འདེབས། རེད་དེ་གཅིག་ཡས་ན་ཚེ་བརྗེས་འགྲོ་རྒྱུ་རེད། ཚེ་བརྗེས་སོང་ན་ང་ཚུར་ཅི་ཡོང་རྒྱུ་རེད་ཟེར་ན། ཁྱེད་ཆ་གས་ཤི་སོང་ན་སྤྲུལ་སྐུ་ཡོད་ཁི་ཟེར་ནས་བདུན་བདུན་བཞི་བཅུ་ཞེ་དགུ་མ་ཚང་གོང་ནས་ མའི་མངལ་དུ་ཟླ་དགུ་ངོ་བཅུ་འགྲོ་ལོང་མེད་པར་སྤྲུལ་སྐུར་ངོས་འཛིན་ཡེད་རྒྱུ་རེད་དེ། ང་ངེས་པ་ཅན་དུ་ཚེ་འདི་བརྗེས་མ་ཐག་ཏུ་སྨོན་ལམ་དང་རང་ལ་རང་དབང་ཞིག་ཡོད་ན་དང་པོའི་ཐད་ཚོད་ན་འདི་ན་མི་འོང་ངེས་པ་ཅན་ཡིན། འདི་ནས་ཤི་མ་ཐག་ཏུ་ནུབ་བདེ་ཅན་གྱི་ཞིང་ཁམས་སུ་ཨེ་སྐྱེ་བསམ་ཁི་ཡོད། བདེ་བ་ཅན་ན་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཇལ་གསུང་ཐོས། ཕྱག་གཡས་པ་པད་མའི་འདབ་མ་ལྟར་འཇམ་པ་དེ་མགོ་ཐོག་ཏུ་བཞག་ནས་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབས། དེ་ནས་བཟུང་སྟེ་སྤྱན་དང་མངོན་ཤེས་ལ་སོགས་པ་ལ་རང་དབང་ཐོབས། སེམས་ཅན་ཅན་གྱི་དོན་བསྒྲུབ་དགོས་ན་ད་རེས་ཀྱི་སྐབས་ལྟར་ཉམ་ཆུང་སྡུག་ཐུག་ཞིག་མ་ཡིན་པའི་ཡོན་ཏན་རྒྱ་ཆེན་པོ་ཞིག་ཐོབས་ཡོང་དུས། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བརྙིས། ཐབས་དང་ཤེས་རབ་ཏིན་འཛིན་རྣམ་ཐར་དང་། ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། གསུངས་ནི་རེད་། ད་སྲིད་པ་ན་འཁོར་བའི་གནས་སྐབས་ན། ཐབས་དང་། ཤེས་རབ། བརྩོན་འགྲུས། ཏིང་འཛིན། རྫུ་འཕྲུལ་སོགས་པ་ལ་རང་དབང་ཐོབ་པའི་གནས་སྐབས་ན་ནི་འཛམ་བུ་གླིང་སྤྱི་དང་། གངས་རིའི་ལྗོངས། ཁྱད་པར་ཏུ་མདོ་ཁམས་སྨད། རང་གནས་ས་ཆ་ཝ་(དབལ་)ཤུལ་གསེར་རྟའི་ས་ཆ་འདི་ཡང་ངས་སྙིང་རྗེས་ནམ་ཡང་དོར་རྒྱུ་མ་རེད། ང་ངན་སོང་དུ་སྐྱེས་སོང་ན་དེ་ལ་རང་དབང་མེད་ཁི་མ་གཏོགས། ང་དག་པའི་ཞིང་ཁམས་གང་རུང་ཞིག་ལ་སྐྱེས་ན་ནམ་ཡང་རང་ཡུལ་སྡེ། གྲྭ་ཚང་ཚང་མ་སེམས་ཀྱིས་འབོར་རྒྱུ་མ་རེད། ཞེ་གསུངས་སོ།།

༨༽ གཞན་ཡང༌། བོད་རབ་བྱུང་བཅོ་ལྔ་བ། ལྕགས་སྦྲུལ་ལོ། ཕྱི་ལོ་༡༨༨༡་ལོར་དབལ་ཤུལ་གསེར་རྟའི་ཡུལ་དུ་འཁྲུངས་པའི་༧རིག་འཛིན་ཆེན་པོ་པདྨ་འགྲོ་འདུལ་གསང་སྔགས་གླིང་པའམ། ཡོངས་གྲགས་སུ་ལྕགས་སྐོང་གཏེར་ཆེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་སྙིང་གི་མུན་སེལ་དད་པའི་ཤིང་རྟ་རཏྣའི་ཆུན་འཕྱང་ཨུཏྤ་ལའི་ཕྲེང་བ་ཞེས་བྱ་བ་དེ་ཉིད་ཀྱི་ཤོག་ངོས་༣་པར། པད་མ་དབང་རྒྱལ་(སྒྲིག་མཆན། མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོ)གཏེར་ལུང་གབ་སྦས་ཡང་བྱང་ལས།

 ཀློང་ཆེན་སྤྲུལ་བ་གསང་སྔགས་མིང་མཐའ་ཅནཿ
མདོ་སྨད་ལྕགས་སྦྲུལ་ནག་པོའི་ལྟོ་བར་འཁྱིལཿ
ཞེས་དང༌།

      ༩༽ ཡང་རྣམ་ཐར་དེའི་ཤོག་ངོས་གསུམ་པའི་རྒྱབ་ངོས་ཐིག་ཕྲེང་༢་པར་རོག་རྗེ་གླིང་བའི་གཏེར་ལུང་ལས།

ཤར་སྨད་སྨུག་པོའི་ཉེ་ཆར་ནཿ
ཀློང་ཆེན་སྤྲུལ་བ་རསྨི་པཿ
ཁྱི་འམ་འབྲུག་གི་གྲོགས་དང་འཕྲདཿ
སྙིང་ཐིག་མ་བུའི་ཆོས་སྐལ་འབྱེདཿ

ཅེས་དང༌།
༡༠༽ སངས་རྒྱས་གླིང་བའི་ཙི་དམར་ཡང་བྱང་ལས།
ཤར་སྨད་རྡོ་རྗེ་ཁྲོ་ལོད་འབྱུངཿ
རིགས་ཀྱི་མྱུ་གུ་རསྨིའི་མིངཿ
དགོངས་འདུས་སྐོར་གསུམ་ཆོས་ལ་དབངཿ
ང་ཡི་བསྟན་པ་དེ་ཡིས་འཛིནཿ

ཞེས་དང༌། ཞེས་གསུངས། ཚིགས་བཅད་དང་པོའི་དོན་ནི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་སྤྲུལ་བ་གསང་སྔགས་གླིང་བ་ཞེས་གསང་སྔགས་ཀྱི་མིང་མཐའ་དང་ལྡན་པ་ཞིག་མདོ་སྨད་གསེར་རྟའི་ཡུལ་དུ་དགུང་སྙིང་ལྕགས་སྦྲུལ་ཅན་དུ་འཁྲུང་པར་འགྱུར་ཞེས་དང༌། ལུང་བསྟན་ཚིགས་བཅད་གཉིས་པའི་དོན་ནི། བོད་ཤར་ཕྱོགས་མདོ་ཁམས་སྨད་ཀྱི་གསེར་མགོན་པོ་འབྲོང་རི་སྨུག་པོའི་ཉེ་ཆར་ན་རིག་འཛིན་གཏེར་ཆེན་ཀློང་གསལ་སྙིང་པོའི་སྤྲུལ་བ་རསྨིའམ། དྲི་མེད་འོད་ཟེར་ཞེས་འོད་ཟེར་གྱི་མིང་མཐའ་ཅན་དེས་ཁྱི་འམ་འབྲུག་ལོའི་གྲོགས་དང་འཕྲད་པ་ན། སྙིང་ཐིག་མ་བུའི་ཆོས་སྐོར་གྱི་སྐལ་བཟང་སྒོ་འཕར་འབྱེད་པར་འགྱུར་ཞེས་དང༌། ཚིག་བཅད་གསུམ་པའི་དོན་ནི། བོད་ཤར་ཕྱོགས་མདོ་ཁམས་སྨད་ཀྱི་དབལ་ཤུལ་གསེར་རྟའི་ཡུལ་དུ་གུ་རུ་རྡོ་རྗེ་ཁྲོ་ལོད་དངོས། གཏེར་ཆེན་ཁྲག་འཐུང་བདུད་འཇོམས་གླིང་བའམ། བདུད་འཇོམས་རྗོ་རྗེ་ཞེས་བྱ་བ་འབྱུང་བར་འགྱུར་ལ། དེ་ཉིད་ལ་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ་སོགས་ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྤྲུལ་བར་གྲགས་པའི་རིགས་སྲས་བརྒྱད་འཁྲུངས་པ་ལས་རིགས་ཀྱི་མྱུ་གུ་རསྨིའི་མིང་མཐའ་འམ་འོད་ཟེར་གྱི་མིང་མཐའ་ཅན་གྱི་གཏེར་ཆེན་དྲི་མེད་འོད་ཟེར་ཞེས་བྱ་བ་འབྱུང་བར་འགྱུར་ལ། དེ་ཉིད་ཀྱིས་དགོངས་འདུས་སྐོར་གསུམ་གྱིས་གཙོས་རྒྱལ་དབང་པདྨ་ཀ་ར་བདག་གི་བསྟན་པ་འཛིན་པར་འགྱུར། ཞེས་རྗོ་རྗེའི་ལུང་གིས་བསྟན་པ་ཡིན་ནོ། །གོང་གསལ་རྣམ་ཐར་འདི་རྩོམ་པ་པོ་ནི་སྟོད་དབུས་གཙང་ཆོས་ཀྱི་ཞིང་ཁམས་ནས་སྨད་མདོ་ཁམས་ཀྱི་ལྗོངས་སུ་ཆེད་དུ་གཉེར་ནས་ཕེབས་ཏེ་གཏེར་ཆེན་ཁྲག་འཐུང་བདུད་འཇོམས་གླིང་པ་དང༌། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ། ཨོ་རྒྱན་རིག་འཛིན་པདྨ་འགྲོ་འདུལ་གསང་སྔགས་གླིང་པ་འམ། རིག་འཛིན་གཏེར་ཆེན་དྲི་མེད་འོད་ཟེར་སོགས་མཁས་གྲུབ་སྐྱེས་ཆེན་དམ་པ་གྲངས་མེད་པ་ནས་སྨིན་བྱེད་ཀྱི་དབང༌། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་སོགས་གསན་བསམ་སྒོམ་གསུམ་མཐར་ཕྱིན་པའི་དབུས་བཟའ་མཁའ་འགྲོ་མའམ། སེ་ར་དབུས་མོའམ། མཁའ་འགྲོ་བདེ་ཆེན་བདེ་བའི་རྡོ་རྗེ་ཞེས་བྱ་བ། རྣམ་ཐར་དང༌། འོད་གསལ་རྫོགས་པ་ཆེན་པོའི་ལྟ་བའི་རྣམ་གཞག་གིས་གཙོས་གསུང་རྩོམ་ཚད་ཐུབ་པོད་བཅུ་ཕྲག་ལ་ཉེ་བ་བརྩམས་ཤིང༌། གསང་སྔགས་སྔ་འགྱུར་རྙིང་མ་བ་ཕལ་ཆེ་བར་རླུང་ལྟར་གྲགས་པའི་གྲུབ་པའི་དབང་ཕྱུག་དེ་ཉིད་ཡིན་ལ། དེ་ཉིད་ཀྱིས་རང་ལོ་སོ་བཞི་སྟེ་ཕྱི་ལོ་༡༩༢༥་ལོ། བོད་རབ་བྱུང་༡༥་བའི་ཤིང་གླང་ལོའི་ཟླ་བ་བརྒྱད་པའི་ཡར་ཚེས་ལྔ་ཉིན་རྣམ་ཐར་འདི་ལེགས་པར་གཏན་ལ་ཕབ་པ་ཞིག་རེད། རྣམ་ཐར་འདིའི་ནང་གི་ལུང་བསྟན་རྣམས་ནི་སྔ་འགྱུར་རྙིང་མའི་གཏེར་ཆེན་ཚད་ལྡན་ཁག་གཅིག་གི་གཏེར་ལུང་འབའ་ཞིག་ཡིན་པས། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ལྦའི་བཀའ་དྲི་མ་མེད་པ་ཡིན་ནོ། །

༡༡༽ བོད་བྱུང་༡༥་བའི་ཤིང་བྱི་ལོ་ཕྱི་ལོ་༡༩༢༤་ལོར་ཨོ་རྒྱན་རིག་འཛིན་པདྨ་འགྲོ་འདུལ་གསང་སྔགས་གླིང་པའམ་གཏེར་ཆེན་དྲི་མེད་འོད་ཟེར་མཆོག་དག་ཞིང་དུ་གཤེགས་པ་དང༌། བོད་རབ་བྱུང་༡༥་བའི་ཤིང་གླང་ལོ་ཕྱི་ལོ་༡༩༢༥་ལོར་རྗེ་དེ་ཉིད་ཀྱི་སྐུ་སྐྱེ་ཕྱི་མ་སྐྱབས་རྗེ་ཨོ་རྒྱན་རིག་འཛིན་པདྨ་འགྲོ་འདུལ་གསང་སྔགས་གླིང་པའམ། སྐྱབས་རྗེ་སེ་ར་ཡང་སྤྲུལ་རིན་པོ་ཆེ་མཆོག་གསེར་རྟ་རང་དུ་སྐུ་འཁྲུངས་པ་དང༌། སྐབས་དེར་རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ་བརྟག་ཞུ་ཕུལ་བའི་ལན་དུ། སྤྲུལ་སྐུ་འཁྲུངས་ཡུལ་ཆོལ་ཁ་མདོ་སྨད་དང༌། ལུང་ཚན་གསེར་རྟ་རང་ལ་འཁྲུངས་རྒྱུ་དང༌། གསེར་རྟའི་ས་ཆ་དང༌། ས་རྟགས། ཡབ་ཡུམ་གྱི་མཚན་དང༌། སྐུའི་རྟགས་མཚན། གཞན་ཕན་འགྲོ་དོན་དང་བཅས་གསལ་བར་ལུང་བསྟན་གསུངས་འདུག་པ་གཤམ་གསལ།

སྐྱབས་རྗེ་སེ་ར་ཡང་སྤྲུལ་རིན་པོ་ཆེའི་རྣམ་ཐར་དད་གསུམ་པདྨོ་འབྱེད་པའི་ཉིན་བྱེད་ཀྱི་ཤོག་ངོས་༤༦་པའི་ཐིག་ཕྲེང་༦་པར་ཕྱིས་སུ་རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ་བརྟགས་ཞུ་ཕུལ་བའི་ལན་གྱི་ངོས་འཛིན་ནི།

ཨོ་རྒྱན་རྗེ་ལ་གསོལ་བ་འདེབས། །
ཡེ་ཤེས་མཁའ་འགྲོ་ཆེན་མོ་ཡི། །
རྣམ་པར་འཕྲུལ་བ་ལྔ་སྣང་བའི། །
ཟབ་གསང་བསྟན་པ་སྤེལ་བ་ཡི། །

སྔོན་སྨོན་ཐུགས་བསྐྱེད་འཕྲིན་ལས་ཅན། །
རྒྱལ་བ་སྲས་བཅས་བྱིན་བརླབས་པའི། །
ཐོས་བསྒོམ་རང་དོན་མཐར་ཕྱིན་ནས། །
གཞན་དོན་རླབས་ཆེན་མཛད་པ་ཡི། །

སྨོན་པའི་འབྲས་བུ་མདོ་སྨད་དུ། །
གསེར་སྟོད་སྙི་མཚོའི་ཉེ་འདབས་སུ། །
སྔགས་འཆང་ཤེས་རབ་ལྡན་པ་ཡི། །
ཐབས་གྲོགས་བདེ་ཆེན་ཟེར་བ་དེར། །

ཡབ་ཡུམ་ནོར་བུ་པདྨའི་སྦུབས། །
བུ་ནི་ཤིང་གླང་ལོ་བ་འཁྲུངས། །
དཔྲལ་སྙིང་ལྟེ་གསང་བརླ་གཡས་པར། །
ཤ་སྨེ་དག་གིས་ལེགས་པར་བརྒྱན། །

 སྐུ་ལ་སྨེ་དཀར་རྒྱན་ཡོངས་རྫོགས། །
དབུ་སྐྲ་ལྕང་ལོ་གཡས་སུ་འཁྱིལ། །
རྡོ་རྗེ་དཔའ་བོའི་རྟགས་མཚན་འཆང༌། །
རྣལ་འབྱོར་སྐལ་བཟང་ཀུན་ཏུ་བཟང༌། །

ཨོ་རྒྱན་མཚོ་སྐྱེས་ཐུགས་ཀྱི་སྤྲུལ། །
  མཁྱེན་བརྩེ་རྡོ་རྗེའི་ལུང་ལས་བྱུང༌། །
ལེགས་པར་ངོས་འཛིན་པདྨ་གླིང༌། །
ཡངས་པའི་རྒྱལ་ཁམས་ཡོངས་ལ་ཕན། །

རྩ་གསུམ་རྒྱལ་བའི་བྱིན་བརླབས་ནས། །
ཟབ་གསང་བསྟན་པ་རྒྱས་པ་དང༌། །
འགྲོ་ལ་བདེ་སྐྱིད་རྒྱ་ཆེར་སྤེལ། ། ཞེས་འཁོད་པའི་ཚིག་བཅད་གཞན་རྣམས་གོ་སླ་ལ། ཚིགས་བཅད་ཤོ་ལོ་ཀ་གསུམ་པའི་དོན་ནི་སྨོན་པའི་འབྲས་བུ་མདོ་སྨད་ཅེས་པས་ཆོལ་ཁ་བསྟན་ཞིང༌། གསེར་སྟོད་སྙི་མཚོའི་ཉེ་འདབས་ཞེས་པས་ལུང་ཚན་དང་ས་རྟགས་སོགས་རིམ་བཞིན་བསྟན་ཏེ། མདོ་སྨད་ཆོལ་ཁོངས། དབལ་ཤུལ་གསེར་རྟ་ལ་གསེར་རྟ་ཆུ་སྟོད་དང༌། ཆུ་སྨད་གཉིས་ཡོད་པའི་ཆུ་སྟོད་ལའང་བྱ་ཁོག་དང༌། གསེར་སྟོད། འོམ་ཁོག སྙི་ཁོག ཟླ་ཁོག་སོགས་ལུང་ཆེན་དུ་མ་ཡོད་པའི་ནང་ནས་སྙི་ཁོག་གི་སྙི་སྟོད་ཀྱི་སྙི་མཚོའི་ཉེ་འདབས་སུ། ཡབ་སྔགས་འཆང་ཤེས་རབ་བཟང་པོ་དང༌ཡུམ་བདེ་ཆེན་མཚོ་གཉིས་ལ་སྲས་བོད་རབ་བྱུང་བཅོ་ལྔ་བའི་ཤིང་གླང་ལོ་བ་ཞིག་འཁྲུང་བར་འགྱུར་བ་སོགས་ལུང་གིས་བསྟན་འདུག་གོ །(རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ནི་ཁམས་མདོ་སྟོད་སྡེ་དགེའི་མངའ་ཞབས་སུ་སྐུ་འཁྲུངས་ཤིང་སྤྱན་དང་མངོན་ཤེས་ལ་ཐོགས་པ་མེད་པའི་གསར་རྙིང་རིས་མེད་ཀྱི་ངེས་དོན་གྲུབ་པའི་ཁྱུ་མཆོག་ཆེན་པོ་དེ་ཡིན་ནོ། །)

༡༢༽ གཞན་ཡང༌གཏེར་ཆེན་རིག་འཛིན་པདྨ་འགྲོ་འདུལ་གསང་སྔགས་གླིང་པའམ་སྐྱབས་རྗེ་སེ་ར་ཡང་སྤྲུལ་རིན་པོ་ཆེ་དང༌། ཆོས་རྗེ་ཡིད་བཞིན་ནོར་བུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་སོགས་འཕགས་བོད་བསྟན་འཛིན་གྱི་སྐྱེས་ཆེན་གྲངས་མེད་པས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཡུལ་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་ཆེན་པོ་མི་ཚེ་བློས་བཏང་གི་བྱ་བྲལ་བ་མཁས་ཤིང་གྲུབ་པའི་མངའ་བདག་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་གྱི་རྣམ་(སྒྲིག་མཆན། རྣམ་ཐར་འདི་རྩོམ་པ་པོ་ནི་སྤྲུལ་སྐུ་དགུང་ལོ་ཡིན་ལ། ཁོང་ནི་གསེར་དུང་དཀར་དགོན་པའི་མཁན་པོ་དང༌། ད་ལྟ་གསེར་རྟ་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་རིག་གནས་དཔྱད་གཞི་ཨུ་ཡོན་ལྷན་ཁང་གི་འགན་འཛིན་བཅས་རེད།)ཐར་སྐལ་བཟང་དགྱེས་པའི་མཆོད་སྤྲིན་གྱི་ཤོག་ངོས་༡༣་པར། རྡོ་གྲུབ་(སྒྲིག་མཆན། རྡོ་གྲུབ་སྐུ་འཕྲེང་དང་པོ་འཇིགས་མེད་འཕྲིན་ལས་འོད་ཟེར་རམ་རྡོ་གྲུབ་ཀུན་བཟང་གཞན་ཕན།)ཆེན་གྱིས།

གཡུ་སྒྲའི་རྣམ་འཕྲུལ་མདོ་ཁམས་སྨད་ནས་འབྱུང༌། །
ཆོས་ཀྱི་མིང་ཅན་རྫོགས་ཆེན་རྣལ་འབྱོར་བ། །
གསང་སྔགས་བསྟན་པའི་བདག་པོ་ཁྱད་འཕགས་འབྱུང༌། །

ཞེས་རྡོ་གྲུབ་ཆེན་གྱི་ལུང་བསྟན་ཁུངས་སུ་དྲངས་པའི་ལུང་འདིས་ཀྱང་དམ་པ་དེ་ཉིད་ཀྱི་འཁྲུངས་ཡུལ་དབལ་ཤུལ་གསེར་རྟ་མདོ་སྨད་ཡིན་པར་བསྟན་འདུག་གོ །

༡༣༽ གཞན་ཡང༌། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ། སི་ཁྲོན་དཔར་མ་པོད་གསུམ་པའི་ཤོག་ངོས་༤༢༨་པར། བསྟོད་པའི་རྒྱལ་བོ་ཡེ་ཤེས་ཡོན་ཏན་བཟང་པོའི་དོན་ཆེ་ལོང་དུ་བཤད་པ་འཕགས་པ་དགྱེས་པའི་ངག་གི་རོལ་མོ་ཞེས་བྱ་བའི་མཇུག་བྱང་དུ། ཞེས་པའང་སྤྲུལ་བའི་སྐུ་འཛམ་གླིང་དབང་རྒྱལ་གྱི་བཞེད་པ་ལྟར་མདོ་སྨད་ཀྱི་སྤྲང་སྨྱོན་ཆོས་སྨྲ་བ་འཇིགས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་གསེར་ཤོད་བླ་མ་རུང་དུ་(དེང་སྐབས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཡོད་ས་དེ་ཡིན་)སྦྱར་བ་དགེ་ཞིང་བཀྲ་ཤིས། ཞེས་གསུངས།

༡༤༽ གཞན་ཡང་དེ་ཉིད་ཀྱི་ཤོག་ངོས་༣༡༧་པར། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་སྤྱི་དོན་ངག་འགྲོས་སུ་བཀོད་པ་ལེགས་པར་བཤད་པའི་དགའ་སྟོན་ཞེས་བྱ་བའི་མཛད་བྱང་དུ། དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་དུ་མའི་བཀའ་དྲིན་ལས་ཚུལ་འདི་ལ་དད་པའི་སྣང་བ་ཅུང་ཟད་བརྟན་པ་མདོ་སྨད་ཀྱི་སྤྲང་སྨྱོན་འཇིགས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་རང་ལོ་ཉེར་གཅིག་པ་ས་སྐྱོང་ཤིང་བྱ་ལོའི་ཟླ་བ་བཅུ་གཉིས་པའི་དམར་ཕྱོགས་ཀྱི་དགའ་བ་གསུམ་པ་ལ་རྫོགས་པར་བྱས། ཞེས་གསུངས།

༡༥༽ རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ་སི་ཁྲོན་དཔར་མ་པོད་དང་བོའི་ཤོག་ངོས་༤༦༨་པར། འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ལམ་མི་ཤིགས་ན་དའི་རོལ་མོ་ཞེས་བྱ་བའི་མཇུག་བྱང་དུ། ཞེས་པའང་མདོ་སྨད་ཀྱི་སྤྲང་སྨྱོན་འཇིགས་མེད་བསྟན་རྒྱམ་གྱིས་ཆུ་སྟོད་ཟླ་བའི་ཚེས་བཅུ་གསུམ་གྱི་ཉི་ཤར་ལ་བྲིས་པ་དགེ་ཞིང་བཀྲ་ཤིས། ཞེས་གསུངས།

༡༦༽ ཡང་དེ་ཉིད་ཀྱི་ཤོག་ངོས་༧༤་བར། རྒྱལ་བ་ཚེ་དཔག་ཏུ་མེད་པ་ལ་བསྟོད་པ་དགེ་ལེགས་ཉིན་བྱེད་འདྲེན་པའི་ཤིང་རྟ་ཞེས་བྱ་བ། མདོ་སྨད་རྡོ་རོལ་གྱི་ཕྲེང་རྒྱུད་མཁན་པོ་ཉི་མ་དཔལ་གྱི་བི་ཛ་ཡ་ཞེས་པ་ཤིང་ལུག་ཁྲུམ་ཟླའི་དཀར་ཕྱོགས་དྲང་སྲོང་རི་ཥའི་དཀྱིལ་འཁོར་འཆི་མེད་ཀྱི་བཏུང་བ་འགྱེད་པའི་དུས་སུ་གསེར་ལྗོངས་པད་མོ་བཀོད་(འདི་རྡོ་གྲུབ་ཆེན་རིན་པོ་ཆེའི་གདན་ས་གསེར་ཁོག་གི་བྲག་ཆེན་ཡར་ལུང་དགོན་པ་ཞེས་གསེར་རྟའི་དགོན་པ་ཆེ་གྲས་ཤིག་ཡིན།)པའི་སྤྱིལ་སྦུགས་སུ་སྦྱར་བ་བསམ་དོན་འགྲུབ་པའི་རྒྱུར་གྱུར་ཅིག ཅེས་གསུངས།

སྙིགས་དུས་བསྟན་འགྲོའི་མགོན་སྐྱབས་རྣམ་འདྲེན་ཐུབ་པའི་རྒྱལ་ཚབ་༧གངས་ཅན་འགྲོ་བའི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་དབང་༧གོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་༧རྒྱལ་མཆོག་བཅུ་བཞི་བ་ཆེན་པོའི་ཞལ་སྔ་ནས་ང་ཚོ་བོད་པ་ཚོས་ཡོངས་གྲགས་ལ་རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ་ཞུ་བ་མ་གཏོགས་ཐམས་ཅད་མཁྱེན་པ་རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ་ཞུ་སྲོལ་མི་འདུག ངོས་ཀྱིས་བལྟས་ན་ཐམས་ཅད་མཁྱེན་པ་རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ་ཞུ་འོས་པ་རེད། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ་ནི་དངོས་གནས་ཐམས་ཅད་མཁྱེན་པ་རང་རེད་འདུག ཅེས་ཡང་ཡང་རྡོ་རྗེའི་ལུང་གིས་བསྔགས་བརྗོད་རྒྱ་ཆེན་པོ་གནང་དང་གནང་བཞིན་པ་ནི། ཇི་སྐད་དུ། ལེགས་བཤད་ལས།

 མཁས་པ་མཁས་པའི་དྲུང་ན་མཛེས། །
བླུན་པོའི་མཁས་པ་ཇི་ལྟར་ཤེས། །
ཙན་དན་གསེར་ལས་རིན་ཆེ་བ། །
བླུན་པོས་སོལ་བ་བྱས་ལ་ལྟོས། །

  ཞེས་གསུངས་པ་ལྟར་ལགས་སོ། །དེ་ལྟ་བུའི་ཐམས་ཅད་མཁྱེན་པ་རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ་མཆོག་ཕྱི་ལོ་༡༨༦༥་ལོར་དབལ་ཤུལ་གསེར་རྟའི་ཡུལ་རང་དུ་སྐུ་འཁྲུངས་ཤིང༌། ཡུལ་དེར་འཁྲུངས་པའི་མཁས་པའི་དབང་ཕྱུག་ཆེན་པོ་ཐམས་ཅད་མཁྱེན་པ་ཁོང་གིས་ཁོང་ཉིད་ལ་མདོ་སྨད་ཀྱི་སྤྲང་སྨྱོན་འཇིགས་མེད་བསྟན་པའི་རྒྱལ་མཚན་ཞེས་ལན་གཅིག་མིན་པར་ཡང་ཡང་གསུངས་འདུག་པ་འདི་དག་རྗེ་ཉིད་ཀྱི་འཁྲུངས་ཡུལ་དབལ་ཤུལ་གསེར་རྟ་མདོ་སྨད་ཡིན་པའི་རྒྱུ་མཚན་ལས་འོས་མེད་པས་མཁས་པ་ཆེན་པོའི་གསུང་འཁྲུལ་མེད་འདི་རིགས་ནི་ཆེས་བླུན་པོའི་ནང་ནས་ཐ་ཆད་རེ་ཡིན་ན་ལས་གཞན་དུ་ལམ་ཁའི་རྩྭ་བཞིན་འདོར་བ་དང༌། གཞན་དང་གཞན་དུ་དཀྱོག་བཤད་བྱེད་འོས་སམ། ཤིན་ཏུ་མི་འོས་སོ། །
༡༧༽ བཙན་བྱོལ་ནང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དང་པོ་སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བརྩམས་པའི་སྤྲུལ་བའི་གཏེར་ཆེན་ཁྲག་འཐུང་བདུད་འཇོམས་གླིང་པའི་རྣམ་ཐར་གསོལ་འདེབས་མོས་གུས་ཀྱི་ཤིང་རྟ་ཞེས་བྱ་བར་ཡང་།

 གངས་ཅན་མདོ་སྨད་གསེར་ལུང་སྨན་གྱི་ལྗོངས། །
འཕགས་པས་བྱིན་བརླབས་ངོ་མཚར་གནས་ཀྱི་ཆར། །
མཁས་གྲུབ་དུ་མའི་འབྱུང་གནས་གནུབས་ཀྱི་གདུང་། །
རྣམ་དག་རིགས་སུ་དགོངས་ལ་གསོལ་བ་འདེབས། །
ཞེས་གསུངས་སོ། །

༡༨༽ མཁན་ཆེན་ལེགས་བཤད་ཆོས་ཀྱི་རྒྱ་མཚོ་མཆོག་གི་གསུང་སྐོར་ཕྱོགས་སུ་བསྒྲིགས་པ་སྐལ་བཟང་ཡིད་ཀྱི་དགའ་སྟོན། ཞེས་པ་ཧི་མ་ལའི་དུང་སེམས་དཔེ་ཚོགས་ཀྱིས་ཕྱི་ལོ་༢༠༠༧་ལོའི་ཟླ་དང་པོར་དཔར་ཐེངས་དང་པོའི་ཤོག་ངོས་༧༣་པར།

 ངག་གི་དབང་ཕྱུག་འཇམ་མགོན་ཙོང་ཁ་བ། །
བདེ་ཆེན་འཁོར་ལོའི་རྒྱན་དུ་རྟག་བཀོད་ནས། །
འཕགས་པའི་ཡུལ་གྱི་རིགས་པའི་དབང་ཕྱུག་ལ། །
མཐའ་འཁོབ་བླུན་རྒན་ངག་ནས་འདི་སྐད་དོ། །
ཞེས་པ་ནས།

འདི་ན་མདོ་སྨད་ས་ཡི་ནགས་ཀློང་ནས། །
དོན་བཟང་མགྲིན་རྔ་འཁྲོལ་བའི་ངང་མོ་ཞིག །
ལྷ་རྫས་གསར་བའི་འདབ་ཟུང་རབ་བསྐྱོད་ནས། །
མཁས་སྙན་སེར་ཤུལ་ནོར་བུའི་གླིང་དུ་འཕུར། །
ཞེས་གསལ་བ་འདི་ནི་གཞི་ཆེན་རཀྲཾ་དགོན་པའི་མཁན་ཆེན་ལེགས་བཤད་རྒྱ་མཚོས་རང་ཡུལ་གསེར་རྟ་ནས་ཁོང་གི་ཆོས་གྲོགས་བགྲེས་སོང་ཞིག་ལ་ཕུལ་བའི་ཞུ་ཡིག་ཨུཏྤལ་དམར་བོའི་མཛེས་རྒྱན་ཞེས་ཤོ་ལོ་ཀ་བརྒྱད་ཡོད་པའི་ཆ་ཤས་ཡིན།

༡༩༽ རྩོད་བྲལ་དུས་བབས་ཀྱི་སྤྲུལ་བའི་གཏེར་སྟོན་ཆེན་པོ་འཇིགས་བྲལ་སྦས་པའི་རྡོ་རྗེའི་དགོངས་གཏེར་གྱི་ཆོས་ཚན་ཕྱོགས་བསྡུས་ཞེས་པ་ཀཿཐོག་གཞི་ཆེན་སྟག་རྩེ་བསམ་འགྲུབ་ཆོས་གླིང་ནས་དཔར་བསྐྲུན་བྱས་པའི་ཤོག་ངོས་༢༠༡་ཐིག་འཕྲེང་༡༣་པར། མདོ་སྨད་གསེར་ཤོད་ཀྱི་ལྷ་སྲུང་མྱུར་མགྱོགས་ཅན་ཁྱེད་ཀྱི་ཁ་ལག་པ་བཞིན་དུ་ཁ་འཛིནཿ ལུས་གྲིབ་མ་བཞིན་དུ་ལྡོངས་གྲོགསཿ དགྲ་བླའི་དམུ་ཐག་དཀར་པོ་དགུང་ལ་རྐྱོངས་ཤིགཿ ཅེས་གསལ་བ་དང༌།

 དབལ་ཤུལ་གསེར་རྟའི་དཔོན་ཆེན་དབལ་ཤུལ་ཚེ་སྒྲུབ་མགོན་ལ་གསེར་རྟ་མདོ་སྟོད་སྨད་གང་ཡིན་བཀའ་འདྲི་ཞུས་པའི་བཀའ་ལན།

༢༠༽ ཕྱི་ལོ་༢༠༠༥་ཟླ་༡༠་བའི་ཚེས་མགོར་དེང་སྐབས་གསེར་རྟ་ས་ཆར་གནས་བཞིན་པའི་ཤེས་ལྡན་གྱི་མི་སྣ་ལྷག་བསམ་ཅན་ཞིག་གིས་ད་ལྟའི་དབལ་ཤུལ་གསེར་རྟའི་དཔོན་ཆེན་དབལ་ཤུལ་ལུ་གུའམ་དབལ་ཤུལ་ཚེ་སྒྲུབ་མགོན་མཆོག་ལ། ང་ཚོ་དབལ་ཤུལ་གསེར་རྟ་འདི་མདོ་སྟོད་ཁམས་པ་ཡིན་དང༌མདོ་སྨད་ཨ་མདོ་གང་ཡིན་ཁྱེད་ཀྱིས་ཐག་བཅད་ནས་གསུངས་རོགས་གནང་ཞེས་པར། ཁོང་གིས་སྤྱིར་ང་ཚོ་གསེར་རྟ་འདི་མགོ་ལོག་རེད། དེ་གཅིག་ཡིན། གཉིས་ནས་ངེད་དབལ་ཤུལ་དཔོན་ཚང་གི་ཕ་ཁུ་ཆེ་རྒན་ཚོའི་རིང་ནས་ང་ཚོ་མདོ་སྨད་ཨ་མདོ་ཡིན། གསུང་རྒྱུ་རེད་མ་གཏོགས། མདོ་སྟོད་ཡིན། ཁམས་ཡིན་གསུང་རྒྱུ་མ་རེད། ཡིན་ན་ཡང་དེང་སང་གསེར་རྟ་མདོ་སྟོད་རེད། ཟེར་མཁན་དང༌། ཁམས་པ་རེད་ཟེར་མཁན་འདུག ཕྱོགས་གཅིག་ནས་དེ་ཚོས་སྔོན་མའི་གནས་ཚུལ་ཇི་བཞིན་མ་ཤེས་པས་ཁག་ཡོད་པ་མ་རེད། ཅི་ཡིན་ཞེ་ན། ༡༩༥༩་རྗེས་ནས་ང་ཚོ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ངོས་ལ་སྦྱར་ཡོད་པར་བརྟེན། དེའི་རྒྱུ་མཚན་གྱིས་ཁམས་རེད་ཟེར་བ་རེད། དེ་ཙམ་མ་གཏོགས་གཞན་རྒྱུ་མཚན་ཅི་ཡང་ཡོད་པ་མ་རེད། ཅེས་གསུངས། དབལ་ཤུལ་ལུ་གུའམ་དབལ་ཤུལ་ཚེ་སྒྲུབ་མགོན་ནི་གོང་བཤད་ལྟར། དབལ་ཤུལ་གསེར་རྟ་སྡེ་ཁྲི་སྐོར་གཉིས་ལྷག་གི་དཔོན་ཆེན་དབལ་ཤུལ་རིག་འཛིན་དོན་གྲུབ་བམ་དབལ་ཤུལ་བསྟན་འཛིན་མགོན་ལ་སྲས་གཉིས་ཡོད་པའི་ཆེ་བ་དེ་ཡིན་ཞིང༌། ཁོང་དེང་སྐབས་གསེར་རྟ་རང་དུ་ཞལ་འཚོ་བཞུགས་གནང་ཡོད།

༢༡༽ གཞན་ཡང༌། དབལ་ཤུལ་བསོད་ནམས་དར་རྒྱས་ཀྱིས་བརྩམས་པའི་གསེར་ཐལ་གྱི་ལོ་རྒྱུས་དང་སྲོལ་རྒྱུན། ཞེས་པའི་ནང་གསེར་འབྲོག་གི་ཁྲིམས་བཤད། ཅེས་པར། ད་དེ་རིང་མདོ་སྨད་གསེར་ཡུལ་འཛིན་མའི་གཞི་ཁྱོན་འདི་ན་ཞེས་སོགས་གོང་དུ་རྒྱས་པར་དྲངས་པ་ལྟར་རོ། །
སང་སང་དུང་དཀར་དགོན་པའི་དབོན་པོ་དགེ་འདུན་རྒྱ་མཚོར་དབལ་ཤུལ་གསེར་རྟ་མདོ་སྟོད་སྨད་གང་ཡིན་བཀའ་འདྲི་ཞུས་པའི་བཀའ་ལན་དང༌གཞིས་ལུས་མི་མང་གི་ལངས་ཕྱོགས་མཚོན་བྱེད།

༢༢༽ ཕྱི་ལོ་༢༠༠༥་ཕྱི་ཟླ་༡༠་ཚེས་༡༨་ཉིན་སྐབས་དེར་གསེར་རྟ་ས་ཆར་གནས་བཞིན་པའི་ཤེས་ལྡན་གྱི་མི་སྣ་ལྷག་བསམ་ཅན་ཞིག་གིས་དབལ་ཤུལ་གསེར་རྟའི་སང་སང་དུང་དཀར་དགོན་པའི་བླ་ཆེན་དབོན་པོ་དགེ་འདུན་རྒྱ་མཚོར་དབལ་ཤུལ་གསེར་རྟ་མདོ་སྟོད་སྨད་གང་ཡིན་བཀའ་འདྲི་ཞུས་པར་ཁོང་གིས། དབལ་ཤུལ་གསེར་རྟའི་སྣོད་བཅུད་ཀྱི་བདག་དབང་ཆ་ཚང་ཡོད་མཁན་དེ་དབལ་ཤུལ་གྱི་དཔོན་རབས་འདི་ཚོ་རེད། ཁོང་ཚོས་བཏབ་པའི་ལྷ་དགོན་དང་བཞེངས་པའི་ལྷ་ཁང་གཙོ་བོ་དེ་སང་སང་དུང་དཀར་དགོན་པ་རེད། དེར་བརྟེན་དུང་དཀར་དགོན་པ་འདི་དབལ་ཤུལ་དཔོན་གྱི་མཆོད་གནས་དགོན་པ་གཙོ་བོ་ཡིན་པར་བརྟེན་དབལ་ཤུལ་གསེར་རྟའི་དགོན་ཁག་ཐམས་ཅད་ཀྱི་ནང་ནས་ཆོས་སྲིད་གང་ཅིའི་སྒང་ནས་གཙོ་བོ་ཞིག་རེད། དགོན་པ་འདིའི་ནང་གི་བླ་ཁག་ཐམས་ཅད་ཀྱི་ནང་ནས་དབལ་ཤུལ་དཔོན་བླ་ཚོའི་དབུ་བླ་གཙོ་བོ་ངེད་ཚང་ཡིན་པ་ཀུན་ཀྱིས་མཁྱེན་གསལ་རེད། དེར་བརྟེན་དབལ་ཤུལ་གསེར་རྟའི་དབུ་ན་བཞུགས་པའི་དབལ་ཤུལ་དཔོན་ཚང་དང༌། ངེད་སང་སང་དུང་དཀར་དགོན་པ་མཆོད་ཡོན་གཉིས་ཀྱིས་དབལ་ཤུལ་གསེར་རྟ་མདོ་སྨད་ཨ་མདོ་ཡིན་པར་མཐའ་གཅིག་ཏུ་ཐག་གཅད་ཐུབ་རྒྱུ་རེད། རྡོ་གྲུབ་ཆེན་དགོན་པ་སོགས་དབལ་ཤུལ་གསེར་རྟའི་ཡུལ་སྡེ་གང་མང་ཞིག་ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་པདྨ་རྫོང་གི་ངོར་ཡོད་པ་རེད། རྔ་བ་རང་སྐྱོང་ཁུལ་གྱི་འཛམ་ཐང་རྫོང་གི་ངོ་ལ་གསེར་རྟའི་སྡེ་བ་ཧ་ཅང་མང་པོ་རེད། དེ་བཞིན་གཡུ་ཁོག་ཚང་དེང་སྐབས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྟ་འུ་རྫོང་གི་ངོ་ལ་ཡོད་པ་རེད། དབལ་ཤུལ་གཙང་སྟོད་སྨད་གཉིས་དང༌། དབལ་ཤུལ་ལི་ཁོག་མ། དབལ་ཤུལ་སྒེག་ཐར་མ་བཅས་དེང་དུས་དཀར་མཛེས་རང་སྐྱོང་ཁུལ་གྱི་བྲག་མགོ་རྫོང་གི་ངོ་ལ་ཡོད་པ་རེད། དེ་བཞིན་སྟོང་(བཟའ)ཟ་ར་སྐོར་ད་ལྟ་དཀར་མཛེས་རྫོང་གི་ངོ་ན་ཡོད་པ་རེད། འདི་ཐམས་ཅད་དབལ་ཤུལ་དཔོན་ཚང་གི་ལྷ་སྡེ་ཁོ་ན་རེད། སྟོད་སྨད་གང་ཡིན་བཤད་ན་མདོ་སྨད་ཨ་མདོའི་ཁོངས་གཏོགས་རེད་མ་གཏོགས་མདོ་སྟོད་མ་རེད། དབུས་གཙང་མ་རེད། སྔོན་མའི་གནས་ཚུལ་ངོ་མ་དེ་འདྲ་རེད། གལ་ཏེ་སྔོན་མའི་ལོ་རྒྱུས་ལ་བཟོ་བཅོས་ཟེར་ན་འདྲ། གང་ལྟར་འགྱུར་བ་ཞིག་གསར་དུ་གཏང་དགོས་ཡོད་ན་དེང་སྐབས་དབལ་ཤུལ་དཔོན་འདིར་བཞུགས་ཡོད་པ་རེད། ཁོང་གིས་ཐག་གཅད་དགོས་རྒྱུ་རེད། ཁོང་གི་འཕྲོ་ལ་ངེད་དུང་དཀར་དགོན་པས་དབལ་ཤུལ་གསེར་རྟའི་མགོ་ནས་ཐག་གཅད་ཐུབ་རྒྱུ་རེད། གཞན་སུ་གཅིག་ལ་ཐག་གཅོད་རྒྱུའི་དབང་ཚད་ཡོད་པ་མ་རེད། ཁ་སང་ཁྱེད་ཀྱིས་མི་གཞན་ཞིག་བརྒྱུད་ནས་ང་ལ་སྐད་ཆ་འདྲི་རོགས་བྱོས་བཤད་འདུག ངས་མི་གཞན་བརྒྱུད་དགོས་དོན་མི་འདུག ཁོ་རང་ཡར་ཤོག་བཤད་ཡོད། ང་ལོ་སྙིང་བྱི་བ་རེད། ད་ལོ་ལོ་༧༠་རེད། མི་ལོ་ལོན་ཡིན་དུས་སྔ་མོའི་དུས་ཀྱི་ལོ་རྒྱུས་ང་ལ་བཤད་རྒྱུ་ཡོད་ནི་རེད། ད་དུང་རྗེས་མ་ལོ་རྒྱུས་སྐོར་གང་ཞིག་འདྲི་རྒྱུ་ཡོད་ན་ཁྱེད་རང་ཤོག་ལ་དྲིས་དང༌ངས་བཤད་དགོས། ཞེས་གསུངས། དུང་དཀར་དབོན་པོ་དགེ་འདུན་རྒྱ་མཚོ་ནི་གསེར་དུང་དཀར་དགོན་པའི་དགོན་བདག་དང༌། གསེར་རྟ་ས་ཆའི་བླ་ཆེན་སྐད་གྲགས་ཅན་ཞིག་རེད། བོད་ནང་གི་བླ་ཆེན་སྤྱི་མཚུངས་ལྟར་བཙོན་ཁང་སོགས་ལ་ཕེབས་ནས་དཀའ་ངལ་གང་མང་མྱངས་རྗེས་ཕྱི་ལོ་༡༩༨༠་ཙམ་ནས་རྫོང་སྲིད་གྲོས་འཐུས་ཚོགས་ནང་ལ་བཞུགས་ཡོད་པ་དང༌། ཕྱི་ལོ་༢༠༡༠་ལོའི་ཕྱི་ཟླ་༥་ནང་སྐུ་གཤེགས་ཡོད། དུང་དཀར་དགོན་པ་ནི་གསེར་རྟ་ས་ཁུལ་ཡོངས་ཀྱིས་ཆོས་སྲིད་གང་ཐད་ནས་རྩེ་ཕུད་དུ་རྩི་བཞིན་པའི་དགོན་ཆེན་ཞིག་རེད།
༢༣༽ བཙན་པོ་ནོ་མོན་ཧན་གྱིས་སྤྱི་ལོ་༡༨༣༠་ལོར་བརྩམས་པའི་འཛམ་གླིང་རྒྱས་བཤད་ལག་བྲིས་ལྡེབ་རིང་གི་ཤོག་གྲངས་༧༡་གི་རྒྱབ་ངོས་དང་། ཤོག་ངོས་༡༤༢་པའི་ཐིག་འཕྲེང་༡་ན། སྡེ་དགེ་ནས་ཤར་དུ་ཧོར་ཁོག་ཟེར་བའི་ལུང་པ་ཡོད་པ་དེར་ཁང་གསར་དང་། མ་ཟི་དང་། བྲག་མགོ་དང་། དཔེ་རི་དང་། ཏྲིའོ་ཟེར་བ་སོགས་དཔོན་ཁག་ལྔ་དང་། ཧོར་གམ་རྩི་དགོན་པ་དང་། བྲག་མགོ་དགོན་པ་དང་། རྟ་བོ་ཉ་མཚོ་དགོན་དང་། རྫ་དགོན་གསར་སོགས་དགེ་ལུགས་པའི་གྲྭ་ཚང་ཆེན་པོ་ཡོད། དེ་དག་ནས་ཤར་དུ་སྟོང་སྐོར་ཟེར་བའི་སྡེ་ཡོད་པ་དེ་འདས་པ་ན། མདོ་སྨད་ཨ་མདོའི་སའི་ཆར་སླེབས་ཡོད། ཅེས་གསལ་ཞིང་། དེ་བཞིན་པེ་ཅིན་དཔར་མ་༼མདོ་ཁམས་གནས་ཡིག་ཕྱོགས་བསྒྲིགས་དད་བསྐུལ་ལྷ་དབང་རྔ་སྒྲ་༽ཞེས་པའི་ཤོག་ངོས་༤༣༨་པའི་ཐིག་འཕྲེང་༤་པར་ཡང་། སྡེ་དགེ་ནས་ཤར་དུ་ཧོར་ཁོག་ཟེར་བའི་ལུང་པ་ཡོད་པ་དེར་ཁང་གསར་དང་། མ་ཟི་དང་། བྲག་མགོ་དང་། དཔེ་རི་དང་། ཏྲིའོ་ཟེར་བ་སོགས་དཔོན་ཁག་ལྔ་དང་། ཧོར་གམ་རྩི་དགོན་པ་དང་། བྲག་མགོ་དགོན་པ་དང་། རྟ་བོ་ཉ་མཚོ་དགོན་དང་། རྫ་དགོན་གསར་སོགས་དགེ་ལུགས་པའི་གྲྭ་ཚང་མང་པོ་ཡོད། དེ་དག་ནས་ཤར་དུ་སྟོང་སྐོར་ཟེར་བའི་སྡེ་ཡོད་པ་དེ་འདས་པ་ན། མདོ་སྨད་ཨ་མདོའི་སའི་ཆར་སླེབས་ཡོད། ཅེས་འཛམ་གླིང་རྒྱས་བཤད་དང་གཅིག་མཚུངས་གསལ་འདུག་པར་མ་ཟད། སྤྱི་ལོ་༢༠༠༩་ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་༼འཛམ་གླིང་རྒྱས་བཤད་༽དེབ་གཟུགས་ཀྱི་ཤོག་ངོས་༢༠༢་པའི་ཐིག་འཕྲེང་༡་ན་ཡང་གོང་གསལ་འཛམ་གླིང་རྒྱས་བཤད་ལག་བྲིས་ལྡེབ་རིང་ནང་གང་ཡོད་པ་ལྟར་འཁོད་འདུག་པ་དང་། དེ་རྣམས་ཀྱི་ནང་སྟོང་སྐོར་ཟེར་བའི་སྡེ་ཡོད་པ་དེ་འདས་པ་ན། མདོ་སྨད་ཨ་མདོའི་སའི་ཆར་སླེབས་ཡོད། ཅེས་གསལ་བའི་སྟོང་སྐོར་ནི་ཧོར་སྟོང་སྐོར་ཡིན་ལ། སྟོང་སྐོར་གྱི་ཡུལ་སྡེ་འདས་པ་ན་དེའི་ནུབ་བྱང་ཕྱོགས་དང༌། བྱང་ཕྱོགས་དང༌། ཤར་ཕྱོགས་བཅས་ནས་གསེར་རྟ་ས་ཆར་ཁེལ་འདུག་སྟབས་གོང་དུ་སྟོང་སྐོར་ཟེར་བའི་སྡེ་ཡོད་པ་དེ་འདས་པ་ན་མདོ་སྨད་ཨ་མདོའི་སའི་ཆར་སླེབས་ཡོད། ཅེས་ཡང་ཡང་བཤད་པའི་ཨ་མདོའི་ས་ཆ་དེ་མདོ་སྨད་ཨ་མདོ་མགོ་ལོག་དབལ་ཤུལ་གསེར་རྟའི་ས་ཆ་ཡིན་ཞིང་། དེ་ཡང་ཧོར་སྟོང་སྐོར་དགོན་ཆེན་ཆགས་ཡུལ་ནི་ཟླ་ཁོག་གི་ཟླ་སྨད་ཡིན་ཞིང༌། ཟླ་ཁོག་གི་སྟོང་སྐོར་གྱི་སྡེ་ཡོད་པ་དེ་འདས་པའི་ནུབ་བྱང་ཕྱོགས་ནས་དབལ་ཤུལ་གསེར་རྟའི་ས་ཆར་སླེབས་ཡོད། སྟོང་སྐོར་དགོན་པའི་བྱང་ཕྱོགས་ནས་ཤར་ཕྱོགས་བརྒྱུད་སྙི་ཁོག་ཡོད་པའི་སྙི་སྨད་ཀྱི་རོང་སྡེ་ཕལ་ཆེ་བ་སྟོང་སྐོར་གྱི་སྡེ་བ་ཡིན་པས་སྟོང་སྐོར་གྱི་སྡེ་བ་ཡོད་པ་དེ་དག་འདས་པ་ན་དབལ་ཤུལ་གསེར་རྟའི་ས་ཆར་སླེབས་ཡོད་ཀྱང་དེ་དག་ཕལ་ཆེ་བ་སྟོང་སྐོར་གྱི་བྱང་ཕྱོགས་སུ་ཁེལ་ཡོད་ཅིང་། དེ་བཞིན་སྟོང་སྐོར་གྱི་ཤར་ཕྱོགས་སུ་སྟོང་སྐོར་གྱི་ཡུལ་སྡེ་འདས་པ་ན་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ཆར་གཏོགས་ཀྱི་གེ་འཕན་གཡུ་རྩང་སྒེག་གསུམ་སོགས་ཡོད་དོ། །
གོང་གི་འཛམ་གླིང་རྒྱས་བཤད་ཅེས་པའི་ལོ་རྒྱུས་ཆེན་མོ་འདི་བརྩམས་ནས་ཕྱི་ལོ་༢༠༡༥་བར་ལོ་ངོ་༡༨༥་ཙམ་ཕྱིན་ཡོད་པ་དང་། འཛམ་གླིང་རྒྱས་བཤད་བརྩམས་ནས་ཕྱི་ལོ་༢༣༠་ལོར་ལོ་༢༠༠་ཁ་གང་གི་ཡོད་ན། སྐད་གྲགས་ཆེ་བའི་ལོ་རྒྱུས་ཡིག་ཆ་འདི་རིགས་ལ་རེ་ཟུང་གིས་ཡིད་རྟོན་བྱེད་མི་འོས་ཟེར་བ་སོགས་གད་སྙིགས་ལྟར་འདོར་རྐྱང་བྱེད་བཞིན་པ་འདི་རིགས་ནི་ཤིན་ཏུ་མི་འོས་པ་ཆེན་པོའོ།། །།

ཕྱི་ལོ་༡༩༦༣་ལོར་མདོ་སྨད་གཅིག་སྒྲིལ་ཚོགས་པ་གསར་འཛུགས་སྐབས་ཀྱི་ཡིག་ཆའི་ངོས་བཤུས་དང་། ཡིག་ཆ་དེའི་ངོ་སྤྲོད་སྙིང་བསྡུས།

གོང་གསལ་ཡིག་ཆ་འདི་ནི་ཕྱི་ལོ་༡༩༦༣་ཕྱི་ཟླ་༡་ཚེས་༢༨་བོད་རབ་བྱུང་དང་པོ་མགོ་ཚུགས་ནས་ལོ་༩༣༦་ལོའི་བོད་ཟླ་༡༢་པའི་ཚེས་༣་ཉིན་རྡོ་རྗེ་གླིང་ས་ཁུལ་དུ་མདོ་སྨད་གཅིག་སྒྲིལ་ཚོགས་པ་གསར་འཛུགས་ཀྱི་ཉིན་དེར་ཚོགས་ཆེན་ཐོག་མདོ་སྨད་འཚོགས་འདུ་བ་སྤྱི་མོས་ཀྱིས་གཏན་ལ་ཕབ་སྟེ། ཐེལ་ཚེ་དང༌། མཚན་རྟགས། མཛུབ་ཐེལ་སོགས་བརྒྱབས་པའི་ཆེས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གལ་ཆེའི་ཡིག་ཆའི་ངོས་བཤུས་རེད། ཡིག་ཆ་འདིའི་ཐོག་མཚན་རྟགས་རྒྱག་མཁན་མདོ་སྨད་ཀྱི་གནད་ཡོད་མི་སྣ་༧༥༤་ཙམ་བྱུང་འདུག་པ་དང༌། སྤྱིར་སྐབས་དེར་གསེར་རྟ་ནས་ཡིན་པ་བཙན་བྱོལ་དུ་འབྱོར་བ་ཆེས་ཤིན་ཏུ་དཀོན་ནའང་གསེར་རྟའི་བླ་སྤྲུལ་ཆེ་ཁག་གིས་གཙོས་མི་བརྒྱད་ཙམ་དངོས་སུ་མཚན་རྟགས་རྒྱག་སར་སླེབས་འདུག་པ་འདི་ལྟར།

ཨང་༢༥་འགུ་ལོག་གསེར་ཐལ་སྤྲུལ་སྐུ་དཀོན་མཆོག་སྙན་གྲགས། ཨང་༢༦་འགུ་ལོག་གསེར་ཐལ་གཞི་ཆེན་དགོན་གྱི་སྤྲུལ་སྐུ་བཻ་རོ་ཙ་ན། ཨང་༢༨་འབྲོས་སྒང་དགོན་གྱི་བླ་མ་པདྨ་རིགས་འཛིན། སྐྱེས་ཡུལ་གསེར་ཐལ། ཨང་༦༩༩་ནུ་ལོ། གསེར་རྟ། ཨང་༧༠༠ འཛམ་ཀླུ། གསེར་རྟ། ཨང་༧༠༡་འབྲུག་ཆུང༌། གསེར་ཐལ། ཨང་༧༠༢་འོད་སྲུང་། གསེར་ཐལ། ཨང་༧༠༣་འབྲུག་གྲགས། གསེར་ཐལ། ཞེས་འཁོད་འདུག་པ་འདི་དག་ཡིན་ཞིང་ཁོང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་༤་ཙམ་གྱི་སྐབས་རྡོ་རྗེ་གླིང་ས་ཁུལ་དུ་མདོ་སྨད་གཅིག་སྒྲིལ་ཚོགས་པ་གསར་འཛུགས་སྐབས་རང་མོས་མཚན་རྟགས་དང༌། མཛུབ་ཐེལ་བརྒྱབ་སྟེ། གསེར་རྟ་ཞེས་དངོས་སུ་བྲིས་འདུག་པ་དང༌། ད་དུང་དེ་ལས་གཞན་པའི་སྐྱེས་ཡུལ་གསེར་རྟ་ཞེས་འབྲི་སར་མགོ་ལོག་ཅེས་འབྲི་མཁན་བྱུང་མེད་ཅེས་ཁ་ཚོན་གཅོད་མ་ནུས་མོད། གོང་གསལ་འདི་དག་གིས་སོ་སོའི་ཕ་ཡུལ་གྱི་ལོ་རྒྱུས་རྒྱབ་ལྗོངས་དང༌། རང་བཞིན་ལྷན་སྐྱེས་ཀྱི་མིའི་བསམ་བློའི་འདུ་ཤེས་གཞི་ལ་བཞག་པ་ཞིག་ཡིན་པ་དང༌། གོང་གསལ་དེ་དག་གི་མཐའ་མ་ ཨང་༧༠༣་འབྲུག་གྲགས། གསེར་ཐལ། ཞེས་པ་ཁོང་ནི་ད་ལྟ་མདོ་སྟོད་སྤྱི་འཐུས་ཀྱི་ནང་དུ་ཡོད་བཞིན་པའི་གསེར་རྟ་ཚུལ་པོ་དང་ཕ་ཡུལ་དང་། དགོན་པ་གཅིག་པ་བཅས་རེད། དེ་བཞིན་སྐབས་དེར་མདོ་སྨད་གཅིག་སྒྲིལ་ཚོགས་པ་བཙུགས་རྗེས་དེའི་དྲུང་ཆེའང་མགོ་ལོག་གསེར་རྟ་སྤྲུལ་སྐུ་དཀོན་མཆོག་སྙན་གྲགས་ཡིན་པ་དང༌། གོང་གསལ་ཡིག་རྙིང་དེ་ཡང་ཁོང་གི་ཕྱག་བྲིས་ཡིན་པ་རེད། ཡིད་མི་ཆེས་ན་མ་དཔེ་རྡོ་གླིང་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ལག་ཏུ་ཡོད་པས་དེར་ཞིབ་འཇུག་བྱོས།

དེ་བཞིན་ཕྱི་ལོ་༡༩༨༨་ཙམ་ཚུན་ཆད་ནས་༢༠༠༠་ཙམ་བར་གསེར་རྟ་ནས་བཙན་བྱོལ་དུ་འབྱོར་བ་མི་གྲངས་༧༠་ཡར་རྒྱབ་ཡོད། དེ་ཚོའི་ནང་གསེར་རྟའི་དགོན་ཁག་འདྲ་མིན་དང༌། སྟོད་སྨད་ས་ཆ་འདྲ་མིན་གང་མང་ནས་ཡོད་པ་རེད། དེ་དག་གི་སུ་ཡིན་ཡང་ཐོག་མར་བལ་ཡུལ་སྣེ་ལེན་ཁང་ལ་འབྱོར་སྐབས་མདོ་སྨད་ཡིན། ཨ་མདོ་ཡིན། ཞེས་དང༌། མགོ་ལོག་ཡིན་ཟེར་མཁན་དང༌། གསེར་རྟ་ཡིན་ཟེར་མཁན་མ་གཏོགས་ཁམས་ཡིན་ཟེར་མཁན་དང་། མདོ་སྟོད་ཡིན་ཟེར་མཁན་མེད་ཅིང་། དེ་ནི་ཐོག་མར་རང་ཡུལ་ནས་འབྱོར་མ་ཐག་པའི་སྐབས་ཡིན་ཕྱིར་གཞིས་ལུས་མི་མང་གི་ལངས་ཕྱོགས་མཚོན་བྱེད་རེད། ཅེས་བཤད་ཀྱང་འགལ་བ་མེད།

འོན་ཀྱང་དེང་སང་ཕྱི་ཕྱོགས་སུ་ཡོད་པ་འགའ་རེས་ཁྱོད་རྒྱ་གར་ལ་ཡོང་ན་བལ་ཡུལ་སྣེ་ལེན་ཁང་ལ་འབྱོར་སྐབས་ཕ་ཡུལ་མདོ་སྟོད་ཡིན། ཁམས་པ་ཡིན་ཟེར་དགོས་པ་རེད། ཅེས་སོགས་དང༌། གནས་སྐོར་སོགས་སུ་བོད་ནས་ཡོང་བའི་གསེར་རྟའི་གསར་འབྱོར་རིགས་དྷ་རམ་ས་ལ་སོགས་སུ་འབྱོར་རིགས་ལ་མི་རེ་ཟུང་ཆེད་བཅར་གྱིས་ང་ཚོ་མདོ་སྟོད་དམ། ཁམས་པ་ཡིན་པར་བོད་གཞུང་གིས་ཐག་བཅད་ཡོད་ཕྱིར། མ་འོངས་པར་བོད་ནས་ཡོང་མཁན་གསེར་རྟ་བ་སུ་ཡིན་ཡང་འདི་ཕྱོགས་སུ་སླེབས་སྐབས་ང་ཚོ་མདོ་སྟོད་ཡིན། ཁམས་པ་ཡིན་ཟེར་དགོས་པ་རེད། ཅེས་སོགས་བརྒྱུད་བསྐུལ་འདྲ་མིན་གྱིས་མིའི་ལྷན་སྐྱེས་ཀྱི་བསམ་བློའི་འདུ་ཤེས་འཛིན་སྟངས་ལ་གང་ཐུབ་ཀྱིས་བཅོས་བསྒྱུར་བྱེད་བཞིན་འདུག ཅེས་ཡང་ཡང་གོ་ཐོས་བྱུང༌དང་འབྱུང་བཞིན་པའི་གཞན་མགོ་སྐོར་བའི་བྱ་ངན་འདི་རིགས་ནི་རང་ཅག་སྤྱི་སྒེར་ཡོངས་ལ་གནོད་པ་འབའ་ཞིག་ལས་ཁེ་ཕན་ཏིལ་འབྲུ་ཙམ་ཡང་མེད་པར་ཀུན་གྱིས་ཤེས་རྒྱུ་ཤིན་ཏུ་ནས་གལ་ཆེའོ།། །།

      མཇུག་བསྡུའི་གཏམ།

  གོང་དུ་ཡང་ཡང་བཤད་པ་ལྟར་ད་ལྟ་བསྟན་གཤེད་རྒྱ་དམར་སྲིད་གཞུང་གིས་རང་རེ་བོད་ཁ་བ་གངས་ཅན་སཱ་ལའི་སྨན་ལྗོངས་སུ་གྲགས་པའི་ཞིང་དེ་རྒྱ་ཡུལ་དུ་བསྒྱུར་ཆེད་ལས་འགུལ་རྣམ་གྲངས་མཐའ་ཡས་པ་སྤེལ་བཞིན་པ་མ་ཟད། བོད་ཡུལ་ཆོས་ལྡན་གྱི་ཞིང་ཁམས་དེ་རྒྱ་ནག་གི་ཞིང་ཆེན་ཁག་གི་ངོར་བཅད་བགོས་སྣ་ཚོགས་བྱས་ནས་ཁ་བྲལ་དུ་བཏང་སྟེ། བོད་མི་རིགས་ཀྱི་དངོས་བྱུང་ལོ་རྒྱུས་ཡོངས་རྫོགས་རྫུན་བཟོ་བྱས་དང་བྱེད་བཞིན་པ་དང་། མདོར་ན་བོད་ཡུལ་ཆགས་འཇིག་གི་གནས་སྟངས་ཛ་དྲག་གི་སྐབས་འདིར་རང་རེ་རྩམ་ཟན་བོད་མི་སྤྱི་བོ་གནམ་བསྟན་ཡོད་དོ་ཅོག་གིས་རང་ནུས་གང་ཡོད་ཀྱིས་བོད་མི་རིགས་ཀྱི་བླ་སྲོག་བོད་ཀྱི་སྐད་ཡིག་དང་། ཆོས་རིག་གོམ་གཤིས་སོགས་མི་ཉམས་རྒྱུན་འཛིན་དང་། དེ་མཚུངས་བོད་ཡུལ་སྤྱི་དང་། དམིགས་བསལ་ས་ཁུལ་སོ་སོའི་དངོས་བྱུང་ལོ་རྒྱུས་ལ་བསྲེགས་བཅད་བརྡར་བའི་གསེར་བཞིན་ཞིབ་འཇུག་དང་གཅེས་ཉར་བདག་སྐྱོང་བཅས་བྱ་རྒྱུ་ནི་ཆེས་གལ་ཆེ་བར་སྙམ་ན། ང་ཚོའི་མཐོང་ཚུལ་དང་། བསམ་ཚུལ་འདི་དག་ལ་བདེན་ཆ་ཡོད་མེད་དང་། བསམ་ཚུལ་འདི་དག་ང་ཚོའི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ཡིན་མིན་བཅས་ཀྱི་ཕྱོགས་ལ་ཀུན་གྱིས་མནོ་བསམ་རེ་གཏང་རྒྱུ་དང་། གལ་ཏེ་ང་ཚོའི་མཐོང་སྣང་དང་བསམ་ཚུལ་འདི་རིགས་ལ་བདེན་ཆ་ཕྲན་བུ་རེ་ཡོད་ན་མ་འོངས་པར་ཁ་བ་གངས་ཅན་པ་རྣམས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་གོམ་གཤིས་དང་། མི་རིགས་རིག་གཞུང་ལོ་རྒྱུས་བཅས་མི་ཉམས་རྒྱུན་འཛིན་ཆེད་འབད་འབུངས་ཇི་ལྟར་དགོས་མིན་ལ་དགོངས་པ་རེ་བཞེས་རྒྱུ་དེ་ཡང་རང་དོན་རང་གཅེས་སུ་ངེས་སོ། །སྨྲས་པ།

སྔོན་རབས་མེས་པོའི་ལོ་རྒྱུས་རྒྱ་མཚོའི་འཇིངས། །
ཐམས་ཅད་སྨྲོས་ཅི་ཆ་ཤས་ཕྱོགས་ཙམ་ཡང་། །
སྨྲ་ལ་སྐྱེས་སྦྱང་ན་ཚོད་ཆེའི་ཕྲའི་ཕྱིར། །
རང་མཚང་ཁྲོམ་བསྒྲགས་ཟོལ་ལས་མ་འདས་མོད། །

འོན་ཀྱང་གངས་ཅན་སྣོད་བཅུད་ལོ་རྒྱུས་རྒྱུན། །
གོ་ལ་ཧྲིལ་པོའི་ཁྱོན་འདིར་གནས་འདོད་དང་། །
རླབས་ཆེན་མེས་པོའི་བྱུང་རབས་རྗེས་དྲན་ཕྱིར། །
ལྷག་བསམ་ཅན་གྱིས་ནན་བསྐུལ་ཇི་བཞིན་བྲིས། །

འདི་ལ་འགལ་ནོར་ཆེ་ཕྲ་ཇི་སྙེད་ཅིག །
ཡོད་པར་ངེས་ན་གཟུར་གནས་མཁས་ལ་འཆགས། །
ཕྲག་དོག་འགྲན་སེམས་དུག་ཆུས་བཟི་བོ་འགའ། །
མ་བཟོད་ལྔ་ལམ་ཕྱིན་ཀྱང་ཅི་བྱར་བཏུབ། །

འདིར་འབད་རྣམ་དཀར་ཕུང་པོ་གཅིག་བསྡོམས་ནས། །
འཛམ་གླིང་ཕན་བདེའི་འབྱུང་གནས་པད་དཀར་འཆང་། །
གསང་གསུམ་གཞོམ་བྲལ་བསྐལ་བརྒྱར་རབ་བརྟན་ཞིང་། །
རླབས་ཆེན་བཞེད་དོན་མྱུར་འགྲུབ་རྒྱུ་རུ་བསྔོ། །
ཞེས་བརྡ་འཕྲིན་ཆེས་ཆེར་དར་བའི་སྐབས་འདིར་འཛམ་གླིང་ས་ཁུལ་འདྲ་མིན་ན་བཞུགས་པའི་གསེར་རྟ་བ་འབའ་ཞིག་ལས་གྲུབ་པའི་གསེར་འབྲོང་རི་སྨུག་པོའི་གཞིས་ཁྱིམ་ཞེས་པའི་ཚོགས་པས་དུས་ཡུན་རིང་པོར་ཡང་ནས་ཡང་དུ་བགྲོ་གླེང་གནང་རྗེས་མཐར་འདི་འདྲ་ཞིག་རྩོམ་དགོས་པར་ཚོགས་མི་སྤྱི་མོས་ཀྱིས་མོས་མཐུན་གྱིས་རྩོམ་སྒྲིག་ཚོགས་ཆུང་ཡང་ཚོགས་མི་རྣམས་ཀྱིས་སྤྱི་མོས་ཀྱིས་འོས་འདེམས་གཏན་འབེབས་གནང་རྗེས་ཀྱང་དུས་ཡུན་གང་ཙམ་ཕྱིན་མོད། འདི་གའི་རྩོམ་སྒྲིག་ཚོགས་མི་རྣམས་ཀྱིས་ཀྱང་སྤྱི་དོན་གལ་ཆུང་དུ་བརྩིས་པ་མིན་ན་ཡང་། རྩོམ་པ་པོ་སོ་སོར་སྤྱི་སྒེར་ལས་དོན་འདྲ་མིན་སྣ་ཚོགས་ཡོད་པའི་དབང་གིས་ལས་གཞི་མགོ་བཙུག་མ་ཐུབ་པར། ཉིན་འགྱངས་ཉག་འཕུལ་ལྟ་བུར་གྱུར་པ་ཚོགས་མི་སྤྱིའི་དགོངས་པར་མ་རན་པར་བརྟེན། སླར་ཡང་གསེར་འབྲོང་རི་སྨུག་པོའི་ཚོགས་པའི་ཚོགས་མི་སྤྱི་དང་། ལྷག་ཏུ་ཕ་ཡུལ་གཅིག་པའི་གཞིས་བཞུགས་སྤུན་ཟླའི་ཁྲོད་ཀྱི་གནད་ཡོད་མི་སྣ་རེ་ཟུང་གིས་གཙོས་སྤུན་ཟླ་གང་མང་ཞིག་གིས་ཀྱང་དངོས་ཤུགས་བརྒྱུད་གསུམ་གྱིས་སྐུལ་སློང་ནན་ཆེ་བ་བཅས་ལ་བརྟེན། འདི་གའི་རྩོམ་སྒྲིག་ཚོགས་ཆུང་གིས་ཀྱང་བྱ་བ་ཆེ་བཞག་ཆུང་བསྐྱུར་གྱིས་གལ་ཆེའི་ལས་དོན་འདི་ལ་བརྩོན་པ་ཤུགས་དྲགས་བརྟེན་ཏེ། མདོ་སྨད་ཆོས་འབྱུང་དང་། མདོ་སྨད་ལོ་རྒྱུས་ཆེན་མོ། བོད་མིའུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ལམ། མགོ་ལོག་རུས་མཛོད་དང་། དབལ་ཤུལ་གསེར་རྟའི་ལོ་རྒྱུས་བློ་ལྡན་མིག་གི་བདུད་རྩི་དང་། གསེར་ཐལ་གྱི་ལོ་རྒྱུས་དང་སྲོལ་རྒྱུན། མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ལོ་རྒྱུས་གསེར་འབྲོང་རི་སྨུག་པོའི་བརྗིད་ཉམས་དང་། མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ལོ་རྒྱུས་གསེར་འབྲོང་རི་སྨུག་པོའི་བརྗིད་ཉམས་ཀྱི་གསལ་བྱེད་ལུང་རིགས་གཟི་འབར་ཀུན་ཕན་ཉི་མའི་སྣང་བ་དང་། གཞན་ཡང་ཚད་ཐུབ་ཀྱི་རྒྱལ་རབས་ཆོས་འབྱུང་དང་། གདན་རབས། མི་སྣ་སྒེར་གྱི་མི་ཚེའི་ལོ་རྒྱུས་སོགས་སྔོན་དང་ད་ལྟའི་ཚད་ཐུབ་ཡིག་རིགས་འདྲ་མིན་ཞིག་ལ་ཞིབ་འཇུག་དང་དཔྱད་བསྡུར་བགྱིས་མཐར། བོད་རྒྱལ་ལོ་༢༡༤༢་དང་། བོད་རབ་གནས་ཤིང་ལུག་ལོའི་ས་ག་ཟླ་བའི་ཚེས་༡༥་དང་། ཕྱི་ལོ་༢༠༡༥་ལོའི་ཟླ་༦་ཚེས་༢་བཟང་པོར་ལེགས་པར་གྲུབ་པར་བགྱིས་པ་དགེའོ།། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།