འདས་པའི་དུས་རབས་ལ་ཕྱི་མིག་གཅིག་བལྟས་ན་བསྒྱུར་བཅོས་དེ་ཙམ་མ་ཕྱིན་པའི་བོད་ཀྱི་སྤྱི་ཚོགས་དང་སྲིད་དོན་གྱི་ལམ་ལུགས་ལ་སྐྱོན་ཆ་ཡོད་ལ། ལེགས་པའི་ཆ་ཡང་མང་པོ་ཡོད། མ་འོངས་པའི་བོད་ཀྱི་མདུན་ལམ་གསལ་པོ་སྟོན་ཆེད་ང་ཚོས་བཙན་བྱོལ་སྤྱི་ཚོགས་ལ་སྤྱི་སྲོལ་དང་མཐུན་པའི་བཅའ་ཁྲིམས་གཏན་འབེབས་བྱས་པ་དང་། བཅའ་ཁྲིམས་ནང་སེར་སྐྱ་དང་། ཕོ་མོ། སྐད་ཡིག ཆོས་ལུགས། སྤྱི་ཚོགས་ཀྱི་འབྱུང་ཁུངས། རིགས་རྒྱུད། དབུལ་ཕྱུག དབུས་མཐའ་སོགས་གནས་སྟངས་གང་ཅི་དབྱེ་བ་མེད་པར་མི་ཚང་མ་འདྲ་མཉམ་ཡིན་པ་དང་། མི་སོ་སོའི་བསམ་བློ་དང་རྣམ་དཔྱོད། ཆོས་ལུགས། ལུས་སྲོག འོས་བསྡུ། སྨྲ་བརྗོད་བཅས་ཀྱི་རང་དབང་ཐོབ་ཐང་རྣམས་ཀྱང་གསལ་པོར་འཁོད་ཡོད་པ་དང་། མི་མང་ནས་རང་དབང་དང་། འདོད་མོས་ཀྱི་ཐབས་ཤེས་སྤྱད་དེ་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་འགྲོ་བའི་མང་གཙོའི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་གསར་གཏོད་གཏན་འབེབས་བྱས་ཡོད། མང་གཙོའི་ལམ་སྲོལ་ནི་དེང་གི་དུས་དང་མཐུན་པ་མ་ཟད། ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ལྟ་བ་དང་ཡང་མཐུན་གྱི་ཡོད། འཛམ་གླིང་འདིའི་ཐོག་ལམ་ལུགས་མི་འདྲ་བ་མང་པོ་ཡོད་པའི་ནང་སྐྱོན་ཆ་རྩ་བ་ནས་མེད་པའི་ལམ་ལུགས་ཤིག་མེད། ཡིན་ཡང་། བབས་ལྷིང་བརྟན་གསུམ་དང་། མང་ཚོགས་ཀྱི་ཐེ་བྱུས་བྱེད་ཆོག་པ་བཅས་ཀྱི་ཐོག་ནས་ཐབས་ལམ་བཟང་ཤོས་དེ་མང་གཙོའི་ལམ་སྲོལ་ཡིན་པ་རེད། མ་འོངས་པའི་བོད་གསར་པ་དེ་མང་གཙོ་མཚན་ཉིད་ཚང་བ་ཞིག་ཡོང་བའི་དམིགས་ཡུལ་བཟུང་སྟེ་ང་ཚོས་བཙན་བྱོལ་དུ་སྡོད་རིང་མང་གཙོའི་ལམ་ལུགས་སྒོ་གང་ས་ནས་ལག་ལེན་བསྟར་ཏེ་ཉམས་མྱོང་བསགས་པ་དང་གསོག་བཞིན་ཡོད།
མང་གཙོ་ལ་གོ་བ་ལོག་སྒྲུབ་བྱས་ནས་མགོ་མཇུག་གང་ཡང་མེད་པ་བྱས་ན་གཏན་ནས་མི་འགྲིགས། མང་གཙོ་ནི་མགོ་མཇུག་གང་ཡང་མེད་པ་དང་རང་སྣང་གང་དྲན་བྱེད་ཆོག་པའི་ཆབ་སྲིད་ཀྱི་སྡིངས་ཆ་ཞིག་གཏན་ནས་མིན། དགོས་པ་རྒྱུ་མཚན་དམིགས་བསལ་ཅན་ཡོད་རིགས་ཕུད། དེ་མིན་རྒྱ་ཆེའི་མི་མང་མང་ཚོགས་ཀྱི་དགོས་འདུན་དང་བསམ་འཆར་གཙོ་བོར་འཛིན་དགོས་པའི་སྤྱི་མོས་ཀྱི་ལུགས་སྲོལ་ལ་མང་གཙོ་ཟེར་བ་ཡིན།