མགྲོན་བརྡ་གསལ་བསྒྲགས།

༄༅། །ལར་ཞེན་ལྷག་བསམ་གྱིས་ཕྱུག་པའི་བོད་མི་ཡོངས་ཀྱིས་མཁྱེན་གསལ་ལྟར། རྒྱ་དམར་སྲིད་གཞུང་གིས་ཕྱི་ལོ་༡༩༤༩ ལོའི་ལོ་མཇུག་ནས་བོད་ཡུལ་ཧམ་བཟུང་བྱ་རྒྱུའི་ཇུས་ངན་འཐེན། ཕྱི་ལོ་༡༩༥༠ ལོ་ལོའི་མགོ་ནས་༡༩༥༩ བར་རྒྱ་དམག་ཁྲི་ཕྲག་མང་བོས་ཐོག་མར་མཛའ་བརྩེའི་རྣམ་འགྱུར་རྫུན་མས་མི་མང་མགོ་སྐོར་བཏང་། མཐར་ཤ་ཁྲག་གཅིག་པའི་བོད་མི་འབུམ་ཕྲག་མང་བོ་

དམར་གསོད་བྱས་པའི་ཆེས་འཇིགས་རུང་མུན་ནག་གི་དུས་ངན་དེར། ཕྱི་ལོ་༡༩༥༢ ལོ་ནས་རྒྱ་གཞུང་གིས་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་དཔོན་ཆེན་དབལ་ཤུལ་ལྷ་སྲས་རིག་འཛིན་དོན་གྲུབ་མཆོག་རྒྱ་ནང་དུ་གདན་འདྲེན་ཞུ་ཐབས་སོགས་གཡོ་ཇུས་འདྲ་མིན་འཐེན་ཡང་གཡོ་ཇུས་འོག་ཏུ་མ་ཚུད་པར་བརྟེན་རྒྱ་དམག་གིས་དངོས་སུ་ཚུར་རྒོལ་བྱས། ལྷ་སྲས་རིག་འཛིན་དོན་གྲུབ་ཀྱིས་དབུ་ཁྲིད་པའི་དཔལ་ཤུལ་དཔོན་ཚང་གི་ལྷ་འབངས་སུ་གཏོགས་པའི་བོད་དམག་སྟོང་ཕྲག་མང་བོས་རྒྱ་དམག་ལ་ཁྱོད་ཤི་ང་གསོན་གྱིས་རྒོལ་འཛིང་ཡུན་རིང་གནང་སྟེ། མཐར་ཕྱི་ལོ་༡༩༥༩ ལོའི་བོད་ཟླ་༦ པའི་ཚེས་༡༥ ཉིན་རྒྱ་དམག་ཁྲི་བཞི་ཁ་བསྡོང་གི་དམག་འཁྲུག་དྲག་པོའི་ཁྲོད་རྒྱལ་གཅེས་དཔའ་བོ་ཁོང་གིས་

བོད་བསྟན་སྲིད་མི་རིགས་བཅས་ཀྱི་ཆེད་སྐུ་སྲོག་བཏང་ནས་མི་ལོ་༦༠ ཧྲིལ་བོ་འཁོར་ཡོད། འོན་ཀྱང་གཞིས་བཞུགས་བོད་མིར་མཚོན་ན། རླབས་ཆེན་གྱི་རྒྱལ་གཅེས་དཔའ་བོ་ཁོང་ལྟ་བུའི་མཚན་སྨྲོས་པ་ཙམ་ལ་ཡང་སྐྲག་དགོས་ཀྱང་། བཙན་བྱོལ་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་དབང་ཡིད་བཞིན་ནོར་བུའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན། རང་རེ་རྣམས་ལ་མཐུན་རྐྱེན་རྟེན་འབྲེལ་འདི་འདྲ་ཞིག་འཛོམས་པའི་སྐབས་འདིར། མིང་དོན་མཚུངས་པའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ནི། ཧ་ཅང་གལ་ཆེའི་རང་བཞིན་དུ་མཐོང་སྟེ། སྐབས་འདིར་ཡང་བཙན་རྒོལ་རྒྱལ་གཅེས་དཔའ་བོ་དབལ་ཤུལ་ལྷ་སྲས་རིག་འཛིན་དོན་གྲུབ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་རྒྱས་པ་ཞིག་བཞུགས་སྒར་རྡ་རམ་ས་ལའི་ Club House ནང་འདི་ལོའི་བོད་ཟླ་༦ པའི་ཚེས་༡༥ དང་། ཕྱི་ལོ་༢༠༡༩ ཕྱི་ཟླ་༨ པའི་ཚེས་༡༥ སྔ་དྲོའི་ཆུ་ཚོད་༨ དང་། སྐར་མ་༤༥ ཐོག་འཚོགས་གཏན་འཁེལ་བ་ལགས་ན།

དབལ་ཤུལ་དཔོན་གྱི་མངའ་འབངས་སུ་གཏོགས་པ་རྒྱ་བལ་འབྲུག་གསུམ་སོགས་ས་ཕྱོགས་གང་སར་བཞུགས་པ་ཡོངས་རྫོགས་ཕེབས་གནང་ཡོང་བ་དང་། དེ་བཞིན་རྒྱལ་གཅེས་དཔའ་བོ་ཁོང་གི་རླབས་ཆེན་གྱི་མཛད་རྗེས་ལ་སེམས་གཏིང་ནས་རྒྱབ་སྐྱོར་གནང་མཁན་རང་ཅག་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་གང་མང་ཉིན་དེའི་མཛད་སྒོར་ཕེབས་གནང་ཡོང་བར་ཞུ། ཞེས་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་དཔོན་ཆེན་རྒྱལ་གཅེས་དཔའ་བོ་དབལ་ཤུལ་ལྷ་སྲས་རིག་འཛིན་དོན་གྲུབ་རྗེས་དྲན་གོ་སྒྲིག་ཚོགས་ཆུང་གིས། བོད་རྒྱལ་ལོ་༢༡༤༦དང་། ཕྱི་ལོ་༢༠༡༩ ཕྱི་ཟླ་༨ ཚེས་༢ ཉིན་སྤེལ།
འབྲེལ་བ་གནང་ཡུལ། +91 9816272816/ +91 9538380897/

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།