བོད་དང་ཤིང་ཅང་གི་གནད་དོན་གླེང་སློང་།

ཁ་སང་ཨ་རིའི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དྲུང་འཕར་ཀྲོམ་མཱ་ལེ་ཎོ་སེ་ཁཱེ་ལགས་ཀྱིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པར་སྐྱོན་བརྗོད་བྱས་འདུག

US-China-Tibet

ཁ་སང་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་རྒྱ་ནག་དང་ཨ་རི་བར་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༡༩ པ་ཚོགས་སྐབས། ཨ་རིའི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དྲུང་འཕར་ཀྲོམ་མཱ་ལེ་ཎོ་སེ་ཁཱེ་ (Tom Malinowsk) ལགས་ཀྱིས། རྒྱ་ནག་གཞུང་གིས་ཁྲིམས་རྩོད་པར་དྲག་གནོན་དང་། བོད་ནང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པ། དེ་བཞིན་ཤིང་ཅང་གཙོས་གྲངས་ཉུང་མི་རིགས་ཁག་གི་འགྲོ་སྡོད་སྤྱོད་གསུམ་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་བཅས་ཀྱི་ཐོག་སྐྱོན་བརྗོད་བྱས་འདུག

རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཐོག ཨ་རིའི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དྲུང་འཕར་ཀྲོམ་མཱ་ལེ་ཎོ་སེ་ཁཱེ་ (Tom Malinowsk) ཡིས། ད་ཐེངས་སྲིད་འཛིན་ཞི་ཅིན་ཕིན་ཨ་རིར་རྒྱལ་དོན་སྐོར་སྐྱོད་མ་བྱས་གོང་། ཨ་རིས་རྒྱལ་ཁབ་གཉིས་བར་གྱི་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པ་དག་གླེང་སློང་དང་། མ་འོངས་པར་རྒྱ་ནག་གཞུང་གིས་རྒྱལ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་སྲུང་གིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པ་བཅས་ཀྱི་ཐད་གོ་བསྡུར་བྱས་པ་ཡིན། ཉེ་ལམ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། ལྷག་པར་དུ་དྲག་གནོན་ཅན་གྱི་སྲིད་བྱུས་བཟུང་སྟེ། རྒྱ་ནག་ནང་ཕྱི་ཕྱོགས་ཀྱི་རིག་གཞུང་སིམ་འཛུལ་དང་ནུབ་ཕྱོགས་པའི་ཤན་ཤུགས་མི་ཐེབས་པའི་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་སྟབས། ད་ལྟ་རྒྱ་ནག་རྒྱལ་ཁབ་གཞན་དང་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱས་ནས་མཉམ་སྐྱོད་བྱ་རྒྱུ་ཡིན་མིན་དང་། ཡང་ན་ཁེར་རྐྱང་ཐོག་ཤར་སྐྱོད་བྱེད་ཀྱི་ཡོད་མེད་གང་ཡིན་ཤོད་ཚོད་མི་ཐུག་པའི་གནས་སུ་གྱར་ཡོད། ཅེས་དང་།

ཡང་ཁོང་གིས། བོད་དང་ཤིང་ཅང་ཁུལ་དུ་དྲག་འཛིང་ལས་འགུལ་བྱུང་སྐབས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་གསར་འགོད་པ་རྒྱ་ནག་ལ་བཏང་ནས་གནས་ཚུལ་དེ་རིགས་འགོད་སྤེལ་བྱེད་བཅུག་གི་མེད་ཀྱང་། འདས་ལོར་ཨ་རིའི་ཧྥ་གྷུ་སན་ནང་མི་རིགས་དཀར་པོའི་ཉེན་རྟོག་པ་ཞིག་གིས་མི་རིགས་ནག་པོའི་གཞོན་སྐྱེས་མེ་ཁཱལ་བྷོན་ (Michael Brown) ལ་མེ་དམའ་བརྒྱབ་སྟེ་བསད་པར་བརྟེན། ཨ་རིའི་ནང་ཟིང་འཁྲུག་ལངས་ཡོད་སྟབས། སྐབས་དེར་ཨ་རིའི་གཞུང་གིས་མེ་ཁཱལ་བྷོན་གྱི་ཁྲིམས་རྩོད་པ་གཙོས་ངོ་རྒོལ་ནང་ཞུགས་མཁན་གཅིག་ཀྱང་འཛིན་བཟུང་བྱས་མེད་པ་མ་ཟད། རྒྱལ་སྤྱིའི་གསར་འགོད་པར་དམ་དྲག་མ་བྱས་པར་གནས་ཚུལ་དེ་བཀོད་བཅུག་ཡོད། ད་ལྟ་རྒྱ་ནག་ནང་ཨ་རི་དང་བསྡུར་ན་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སོགས་མེད་སྟབས། ད་བར་རྒྱལ་ཁབ་གཉིས་ཀྱིས་དུས་ཚོད་མང་པོ་བཏང་ནས་གནད་དོན་དེ་ཚོའི་ཐོག་གོ་བསྡུར་བྱེད་དགོས་པ་ཆགས་ཡོད། ཅེས་བརྗོད་འདུག

ཟླ་འདིའི་ཚེས་ ༡༡ ཉིན་ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་བྷེན་ཁར་ཌིན་ (Ben Cardin) ལགས་དང་། སྤྱི་མཐུན་ཚོགས་པའི་འཐུས་མི་ཇོན་མེ་ཁཱན་ (John McCain) ལགས་རྣམ་གཉིས་ཀྱི་གཙོས་ཨ་རིའི་གྲོས་ཚོགས་འཐུས་མི་ ༡༠ ཡིས་སྲིད་འཛིན་ཨོ་བྷ་མ་མཆོག་ལ། ཟླ་རྗེས་མའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་རིར་རྒྱལ་དོན་སྐོར་སྐྱོད་བྱེད་སྐབས། དབུ་ཁྲིད་རྣམ་གཉིས་ཀྱིས་ཤར་དང་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་དང༌། དཔལ་འབྱོར་དང་ཁོར་ཡུག དྲ་རྒྱའི་བདེ་འཇགས་དང་གནམ་གཤིས་འགྱུར་ལྡོག་བཅས་ཀྱི་གནད་དོན་གལ་ཆེ་ཁག་གི་ཐོག་གླེང་སློང་གནང་བ་དང་ཆབས་ཅིག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། ལྷག་པར་དུ་ལོ་ངོ་བརྒྱ་ཕྲག་མང་པོ་ནས་ཡོད་པའི་བོད་ཀྱི་ནང་པ་སངས་རྒྱས་པའི་བླ་མའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་ལམ་ལུགས་ཐོག རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས་པ་སོགས་མང་ཚོགས་ཀྱི་གཞི་རྩའི་ཆོས་དད་རང་དབང་ལ་བརྩི་བཀུར་དགོས་པའི་གནོན་ཤུགས་སྤྲོད་དགོས་སྐོར་གྱི་འབོད་སྐུལ་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་འདུག

དེ་རིང་ཨ་རིའི་བདེན་དཔང་དུས་བབ་དང་ཧིན་རྡུ་སི་ཐན་དུས་བབ་ཀྱིས། ཁ་སང་ལྷན་ཚོགས་ཐོག་ཨ་རིའི་གཞུང་གི་སྐུ་ཚབ་ཚོས་ཉེ་ལམ་རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་དང་ལས་འགུལ་བ། ཁོ་ཚོའི་ནང་མི་ཐེ་པའི་ཁྱོན་མི་གྲངས་ ༢༥༠ འཛིན་བཟུང་བྱས་ཡོད་པ་མ་ཟད། ཁག་ཅིག་ལ་བཙན་ཤེད་བྱས་ནས་བརྙན་འཕྲིན་བརྒྱུད་འགྱོད་བཤག་བྱེད་དུ་བཅུག་པ་སོགས་བྱས་ཏེ། ད་ཆ་མི་མང་ཆེ་བ་ཀློད་གྲོལ་བཏང་ཡོད་ཀྱང་། ད་དུང་ཁྲིམས་རྩོད་པ་ཝང་ཡུ་ (Wang Yu) དང་ཀྲུའུ་ཤི་ཕང་ (Zhou Shifeng)། ལི་ཧེ་ཕིན་ (Li Heping)། ལི་ཞོ་ཡན་ (Li Xiaoyuan) སོགས་ཁག་ཅིག་བཀག་བསྐྱིལ་བྱས་ཡོད་སྟབས། ཁོ་ཚོ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་སྐོར་བརྗོད་པ་དང་། རྒྱ་ནག་ནང་ཨ་རིའི་གསར་འགོད་པ་དང་མཁས་དབང་། ཕྱི་འབྲེལ་མི་སྣ་འགྲོ་མ་བཅུག་པར་བཀག་འགོག་དང་། བོད་དང་ཤིང་ཅང་གི་ནུབ་ཁུལ་དུ་ཆོས་དད་རང་དབང་ལ་དམ་དྲག་བྱེད་བཞིན་ཡོད་པ་མ་ཟད། ཀྲེ་ཅང་ཞིང་ཆེན་ནང་རྟེན་གཞི་བྱས་པའི་ཡི་ཤུའི་ལྷ་ཁང་གི་མཚོན་རྟགས་མེད་པ་བཟོས་པ་བཅས་ལ་སེམས་ཚབ་ཡོད་པ་གླེང་སློང་བྱས་ཡོད་པ་རེད། ཅེས་བཀོད་འདུག

གསར་འགོད་པ། དོན་གྲུབ།

ཤོག་ངོས་འདི་ཐེངས་ ༡༡༥༩ ལ་བཀླགས་འདུག དུས་བབ་ལས་ཕབ་བཤུ་བྱས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།