ན་གཞོན་རྩོམ་པ་བོ་གངས་སྐྱེས་སྒྲུབ་པ་སྐྱབས་སམ་གངས་མེ་སྟག་གཙོ་བོར་གྱུར་པའི་ཆབ་སྲིད་བཙོན་ཟུར་བཞི་ཚུད་པའི་བོད་མི་ཁག་ཅིག་འཛིན་བཟུང་།

དབལ་ཤུལ་གསེར་རྟའི་ན་གཞོན་རྩོམ་པ་བོ་གངས་སྐྱེས་སྒྲུབ་པ་སྐྱབས་སམ་གངས་མེ་སྟག་གཙོ་བོར་གྱུར་པའི་ཆབ་སྲིད་བཙོན་ཟུར་བཞི་ཚུད་པའི་བོད་མི་ཁག་ཅིག་འཛིན་བཟུང་བྱས་ཏེ་གར་ཡོད་ཆ་མེད་དུ་གྱུར་པ། བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ནས་

གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༣ཚེས་༢༣ཉིན་གྱི་ཕྱི་དྲོའི་དུས་ཚོད་༥་དང་ཕྱེད་ཀ་ཙམ་ལ། རྩོམ་པ་བོ་གངས་མེ་སྟག་གམ་གངས་སྐྱེས་སྒྲུབ་པ་སྐྱབས་རང་ཁྱིམ་ནས་བསྐྱར་དུ་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ད་བར་ཉིན་གྲངས་༢༠་འགྲོ་བཞིན་ཡོད་ཀྱང་། ཁོང་བཙོན་ཁང་གང་ན་ཡོད་མེད་ཀྱི་གནས་ཚུལ་ཙམ་ཡང་མ་ཤེས་པར་ལྷག་འདུགཕྱི་ལོ་༢༠༡༢ ལོ་ཟླ ༢ པའི་ཚེས༡༥ མཚན་མོར་གསེར་རྟ་རྫོང་ཉེན་རྟོག་པས་ཁོང་ཐེངས་དང་བོར་འཛིན་བཟུང་བྱས་ཏེ། ཕྱི་ལོ་༢༠༡༦ལོའི་ཟླ༩ ཚེས་ ༡༦ཉིན་གྱི་ཉིན་གུང་ཙམ་ལ་བཙོན་ལས་གྲོལ་ཡང་། ཉིན་དེའི་ཕྱིའི་ཉིན་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དབུ་ཐོག་ལ་བཞག་པ་དང་རྣམ་འགྱུར་མི་ལེགས་པའི་སྐྱོན་འཛུགས་འོག་ཉིན་བཅུ་བདུན་རིང་ཡང་བསྐྱར་གསེར་རྟ་རྫོང་ཉེན་རྟོག་པས་བཀག་ཉར་བྱས།ཁོང་ཐེངས་དང་བོར་བཙོན་འཇུག་བྱེད་དོན་ནི། མི་རིགས་ཀྱི་ལས་དབང་དང་གནས་བབ་མཚོན་པའི་སྒེར་དེབ་ལས་དབང་གི་རྒྱང་འབོད། དུས་ཀྱི་ན་ཟུག  དེ་རིང་གི་མིག་ཆུ། ལོ་ཟླའི་ཁ་དོག  ཁ་བཏགས་དཀར་བོའི་ཚགས་དེབ། ད་དུང་༢༠༠༨ལོའི་ས་བྱི་ཁྲག་བྲིས་དམར་བོ་སོགས་དཔེ་དེབ་དང་ཚགས་དེབ་མང་བོ་བཏོན་པ་དང་། བོད་ན་གཞོན་དམར་ཤོག་རྒོལ་ལན་ཚོགས་པ་བཙུགས་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་མང་བོ་ཞིག་གནང་ཡོད་པ་སོགས་ལ་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཏེ་ལོ་ལྔ་ཙམ་བཙོན་དུ་བཅུག  བཙོན་ཁང་དུ་སྐུ་གཟུགས་ལ་གནོད་པའི་ཟས་གོས་བརྟེན་པ་དང་གཅར་རྡུང་མང་བོ་བཏང་བ་སོགས་ཀྱིས་བཙོན་གྲོལ་ཐོབ། ལོ་དེར་ནད་གཞི་ལྕི་མོ་བྱུང་རྐྱེན་ད་ལྟའང་ཟས་སྤྱོད་སོགས་ལ་ཧ་ཅང་འཛེམས་དགོས་པའི་གནས་སྟངས་ཆགས་ཡོད་པ་མ་ཟད། སྙིང་ཁམས་མི་བདེ་བ་དང་། གྲིབ་སྐྱོན་ཡོད་པ། མིག་གིས་གསལ་བོ་མི་མཐོང་བ། དྲན་པ་ཉམས་པ། མཁལ་མ་དང་། ཕོ་བའི་འཇུ་སྟོབས་ཞན་རྐྱེན་ཟས་སྤྱོད་དཀའ་བ་སོགས་ནད་མནར་མང་བོ་བྱུང་ཡོད།གངས་སྐྱེས་སྒྲུབ་པ་སྐྱབས་ནི་ཕྱི་ལོ་ ༡༩༧༩ ལོར་དཀར་མཛེས་ཁུལ་གསེར་རྟ་རྫོང་རགས་བཀྲམ་ཡུལ་ཚོ་གེ་འཕན་སྡེ་བའི་ཕ་ཐུབ་བསྟན་ཉི་མ་དང་། མ་དབང་ཐང་སྒྲོལ་མ་གཉིས་ཀྱི་བུ་རུ་སྐྱེས། ཁོང་དང་ཁོང་གི་བཟའ་ཟླ་དབང་ཕྱུག་ལྷ་མོ་གཉིས་ལ་རང་ལོ་བཅུ་དྲུག་ཙམ་ལ་སོན་པའི་བུ་མོ་མེ་དབང་སྐྱིད་དང་། རང་ལོ་བཅུ་བཞི་ཙམ་ཡིན་པའི་བུ་གངས་བཙན་པོ་ཞེས་པ་གཉིས་ཡོད།

གཞན་ཡང་། ཕྱི་ཟླ་༣་ཚེས་༢༣ཉིན་གྱི་ཕྱི་དྲོ་དུས་ཚོད་༥སྐར་མ་༤༠ཙམ་ལ། རྒྱ་གཞུང་ཉེན་རྟོག་པས་རྩོམ་པ་བོ་བོད་རུས་པའམ་སྲས་རྣམ་ལགས། ཁོང་གི་ཕ་ཡུལ་ཏོག་ཚ་སྡེ་བའི་འབྲོག་ས་ནས་སླར་ཡང་འཛིན་བཟུང་བྱས་ཏེ། ད་ལྟའི་ཆར་གར་ཡོད་ཆ་མེད་དུ་གྱུར། ཁོང་གི་ཁྱིམ་དུ་བཟའ་ཟླ་དང་བུ་མོ་ཞིག་ལྷག་ཡོད།ཕྱི་ལོ་༢༠༢༠ལོའི་ཟླ་བ་༩ བའི་ནང་ཉིན་༡༥ཙམ་ལ་གསེར་རྟ་རྫོང་ཉེན་རྟོག་ཁང་ནས་འཛིན་བཟུང་བྱས་པ་དང་། སྐབས་དེར་ཁོང་དང་མཉམ་དུ་མི་གྲངས་བཅུ་འཛིན་བཟུང་བྱས། ཁོང་འཛིན་བཟུང་བྱེད་དགོས་དོན་ནི་གངས་ཅན་ཕ་མའི་བདེ་ཐང་གླེང་བ་ཟེར་བའི་ཚོགས་འདུ་ཞིག་ཚོགས་པ་དེ་ཁྲིམས་འགལ་ཡིན་པའི་ནག་ཉེས་བཙུགས་ཡོད།རྩོམ་པ་བོ་བོད་རུས་པའམ་སྲས་རྣམ་ནི་ཕ་ཡུལ་གསེར་རྟ་རྫོང་། རགས་བཀྲམ་ཡུལ་ཚོ་ཏོག་ཚ་སྡེ་བ་ནས་ཡིན་ཞིང་། ཁོང་གི་ཕ་མིང་ལ་དུང་དཀར་དང་། མའི་མིང་ལ་ལེའུ་མཚོ་ཟེར། ཁོང་ནི་མི་རིགས་སློབ་གསོའི་ཕྱོགས་ལ་བྱ་བ་གང་མང་སྒྲུབ་མཁན་ཞིག་ཡིན་པ་མ་ཟད། ད་དུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་མཁན་ཞིག་ཀྱང་ཡིན།

དེ་བཞིན་ཕྱི་ཟླ་༣ཚེས་༢༢ཉིན། གངས་བུ་གཡུ་བྷྲུཾ་ཞུ་བ་གསེར་རྟ་རྫོང་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ད་ལྟའི་བར་གར་ཡོད་ཆ་མེད་དུ་གྱུར། ཁོང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་གོས་རྩ་སྡེ་བ་ནས་ཡིན་ཞིང་། ཕྱི་་ལོ་༢༠༠༨ལོའི་གསེར་རྟ་རྫོང་གི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཁོང་གིས་བོད་ཀྱི་རྒྱལ་དར་ཕྱར་བ་དང་། ༸གོང་ས་མཆོག་ཕྱིར་བོད་ནང་གདན་འདྲེན་ཞུ་དགོས་པ་སོགས་ཀྱི་བོད་དོན་སྐད་འབོད་བྱས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ཐོག་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་པར་བརྟེན། རྒྱ་ནག་གཞུང་གི་ཉེན་རྟོག་པས་འཇུ་བཟུང་གིས་མི་ལོ་གསུམ་ལ་བཙོན་འཇུག་བྱས་ནས་༢༠༡༡ ལོའི་ཟླ་ ༢ ཚེས་༡༩ ཉིན་བཙོན་གྲོལ་བྱུང་ཡོད་ཀྱང་། རྗེས་སུ་གངས་བུ་གཡུ་བྷྲུཾ་དང་ཁོང་གི་གྲོགས་པོ་སྐོར་ཞིག་གིས་༼དམར་རྒོལ་གདོང་ལེན་ཚོགས་པ༽ཞེས་པའི་ཚོགས་པ་ཞིག་གསར་འཛུཊ་བྱས་ཏེ། བོད་ཀྱི་ས་གནས་གང་མང་དུ་བྱ་འགུལ་རབས་དང་རིམ་པ་སྤེལ་སྟབས། ༢༠༡༢ ལོའི་ཟླ་ ༥ ཚེས་ ༡༤ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཉེན་རྟོག་པས་ཡང་བསྐྱར་འཛིན་བཟུང་བྱས་ཏེ་མི་ལོ་གཉིས་ལ་བཙོན་འཇུག་བྱས་ཡོད་པ་རེད།

ཟླ་འདིའི་ཚེས་གཅིག་གཉིས་ཞིག་ལ་གངས་ཚེ་རིང་སྒྲོལ་མ་ཞུ་བ་ཞིག་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་ལྟའི་ཆར་གར་ཡོད་ཆ་མེད་གྱུར། ཕྱི་ལོ་༢༠༠༨ལོ་གསེར་རྟ་ནས་ཞི་རྒོལ་སྐབས་ཕ་བསོ་ལོ་དང་མཉམ་དུ་འཛིན་བཟུང་ཐེངས་དང་བོ་བྱས། དེའི་རྗེས་ནས་ཡང་འཛིན་བཟུང་ཐེངས་ཁ་ཤས་བྱས། འཛིན་ཐེངས་རེ་ལ་རྒྱ་ནག་ཉེན་རྟོག་པར་རྣམ་འགྱུར་མི་ལེགས་པ་བསྟན་པར་བརྟེན། སྔ་གཞུག་ཐེངས་དུ་མར་ཁྲིམས་ཁང་ནས་ཟླ་བ་མང་བོར་གཅར་རྡུང་དང་ཁྲིམས་འཇུག་སོགས་བྱས་ནས་བཙོན་གྲོལ་ཐོབ། སྔོན་མ་བཙོན་འཇུག་བྱེད་སྐབས་ཁྲིམས་ཁང་ནས་གཅར་རྡུང་དྲག་པོ་བཏང་ནས་རྐང་བའི་དཔྱི་མགོར་བཅག་ཡོད་པས་གནམ་གཤིས་ལ་དྲོ་གྲང་གི་འགྱུར་བ་བྱུང་སྐབས་སོགས་སུ་ན་ཟུག་ཆེ་བ་དང་། གྲིབ་སྐྱོན་བྱུང་བ། དྲན་པ་ཉམས་པ་དང་། སྙིང་ནད་སོགས་བྱུང་ནས་ལུས་སེམས་གཉིས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད། ནམ་རྒྱུན་ཉེན་རྟོག་པས་ལྟ་རྟོག་དང་འཇིགས་སྐུལ་བྱེད་ཀྱིན་ཡོད་པ་མ་ཟད། དུས་ཆེན་སྐབས་སུ་ཉེན་རྟོག་ལས་ཁུངས་སུ་མིང་ཐོ་འགོད་པ་དང་གནས་སྟངས་གསལ་བཤད་བྱེད་དུ་འགྲོ་དགོས་པ་དང་། རང་ས་རང་ཡུལ་ལས་ཡུལ་གཞན་གང་དུའང་འགྲོ་མི་ཆོག་པ་བྱས་ཡོད།ཁོང་མོ་ནི་ཕྱི་ལོ ༡༩༩༧ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་སྟག་རྩེད་ཡུལ་ཚོ་རྐང་ཚ་སྡེ་བ་ཡིན་ཞིང་། ཕ་མིང་ལ་བསོ་ལོ་དང་། མ་མིང་ལ་མཚོ་སྐྱིད་ཟེར། ཁོང་མོ་དང་བཟའ་ཟླ་ཀརྨ་དབང་ཕྱུག་གཉིས་ལ་ ཕྱི་ལོ༢༠༠༡ལོར་ཁོང་གཉིས་ལ་བུ་བསྟན་འཛིན་འོད་ལྡན་དང་། ཕྱི་ལོ་༢༠༠༤ལོར་བུ་བསྟན་འཛིན་ངག་དབང་ཞེས་པ་ཞིག་སྐྱེས་ནས་ཁྱིམ་མི་བཞི་ཡོད་འདུག

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།