དམག ང་ཚོ་མིན་པའི་”ང་ཚོ”། “ང་ཚོས”་ང་ཚོ་མཚོན་མི་ཐུབ།

ཐུན་མོང་གི་ཕུགས་རེའམ་ལས་འགན་ལེགས་འགྲུབ་བྱ་ཆེད་ཚང་མའི་ནུས་ཤུགས་གཅིག་སྡུད་ཀྱིས་མཉམ་དུ་སྒྲིལ་བ་ལ་མཐུན་སྒྲིལ་ཅེས་འབོད། མཐུན་སྒྲིལ་ལ་སྟོབས་ཤུགས་ཡོད་ཅིང་། སྒེར་གཅོད་སྲིད་གཞུང་གི་དབང་བསྒྱུར་མཁན་རྣམས་མི་མང་གི་སྟོབས་ཤུགས་ལ་ཤིན་ཏུ་སྐྲག་ཅིང་རབ་ཏུ་འཛེམ། སྒེར་གཅོད་གཞུང་གིས་ཐབས་བརྒྱ་ཇུས་སྟོང་སྒོས་རང་གི་ཕྱོགས་གཏོགས་མིན་པའི་སྟོབས་ཤུགས་ཡོད་ཚད་འབུར་འཇོམས་སུ་གཏང་ཅི་ཐུབ་བྱ་ཞིང་། དེ་ལ་དམིགས་ཡུལ་གཅིག་མ་གཏོགས་མེད་དེ། གོང་འོག་བར་གསུམ་གྱི་བྱ་བ་ཐམས་ཅད་སྒེར་སྡོམ་བྱས་ཏེ་སྲིད་དབང་སྲ་བརྟན་དུ་གཏང་ནས་མུ་མཐུད་དུ་དབང་ཐང་རྒྱ་སྐྱེད་འདོད་པ་ལས་གཞན་མིན།སྤྱིར་ང་ཚོ་ཡང་སྟོབས་ཤུགས་ཤིག་ཡིན། ང་ཚོའི་སྟོབས་ཤུགས་ཀྱི་འབྱུང་རྩ་འགན་འཁྲིའི་བསམ་པ་ཡིན་ཞིང་།

རང་རྟོགས་དང་དད་མོས་ཀྱང་སྟོབས་ཤུགས་ཀྱི་འབྱུང་རྩ་ཡིན་ཏེ། མཐུན་སྒྲིལ་དང་འགན་འཁྲི། རང་རྟོགས་དང་དད་མོས་སོགས་ཀྱི་རྩ་བའི་འབྱུང་ཁུངས་ནི་སེམས་ཡིན་ལ། མི་ཚང་མས་སེམས་ཀྱི་འགྱུ་ཕྱོགས་དང་བསྟུན་ཏེ་དོན་དག་ཐག་གཅོད་དང་བྱ་བ་སྒྲུབ་ཀྱིན་ཡོད་པ་རེད།

སྲིད་གཞུང་གིས་ང་ཚོའི་ནང་ཁུལ་དུ་རྒྱལ་གཅེས་ཀྱི་བསམ་བློའི་ལྟ་བ་དྲིལ་བསྒྲགས་སྐོར་གྱི་སློབ་ཁྲིད་དང་བྱ་འགུལ་བགྲང་གིས་མི་ལངས་པ་ལོ་རེ་ནས་ལོ་རེ་བཞིན་དུ་ཤུགས་ཆེན་པོས་སྤེལ་གྱིན་ཡོད་པས། གཞུང་གིས་ང་ཚོ་ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་བུ་རྒྱུད་ངོ་མ་ཡིན་ཚུལ་དང་། ང་ཚོའི་མེས་པོ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྔོན་བྱོན་མེས་པོ་ཚོ་ཡིན་ཚུལ་ཡང་དང་བསྐྱར་དུ་བསྒྲགས་ཤིང་། དེ་ལ་སློབ་གྲོགས་མང་པོས་དགའ་སྤྲོའི་ངང་ལགས་སོ་ཞུ་གིན་ཡོད་དེ། སློབ་གྲོགས་ཚོའི་བསམ་པར་སྲིད་གཞུང་ཁོ་ནས་ང་ཚོར་ཁེ་ཕན་རེག་ཏུ་འཇུག་ཐུབ་ཅིང་། སྲིད་གཞུང་གིས་ང་ཚོའི་བདེ་འཇགས་འགན་ལེན་བྱས་ཏེ་བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་ཐུབ་པར་ཡིད་ཆེས་ཀྱི་བསམ་པ་བཅངས་འདུག     དེ་ནི་སློབ་གྲོགས་ཚོའི་བསམ་བློའི་རྩ་བར་གལ་ཏེ་ཁེ་ཕན་འོས་འཚམ་རེ་རེག་ཐུབ་ཚེ། རང་ཉིད་མི་རིགས་གང་ཞིག་གི་རྒྱུད་པ་ཡིན་མིན་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དང་གལ་ཆེན་ཞིག་མ་ཡིན་ཞིང་།རང་ཉིད་བོད་རིགས་ཡིན་པའི་བསམ་པ་སེམས་སུ་གནས་ཚེ་དེས་འཐུས་པར་འདོད་ཡོད་ཅིང་། སྲིད་གཞུང་གི་ཕྱོགས་སུ་གཡོལ་ནས་ཀྲུང་ཧྭ་མི་རིགས་ཡིན་པ་ཁས་ལེན་བྱས་ན་དེ་ལ་དགེ་མཚན་དང་ཁྱད་ཆོས་ཡོད་པར་འདོད་པ་རེད། བོད་མིའི་སེམས་རྩ་སྙིང་རྗེ་དང་རྣམ་དག་ཡིན་པས་ཏང་ནང་དུ་ཞུགས་པ་དང་ཏང་ལ་བསྟོད་གླུ་འབུལ་བ། ཁ་ནས་བྱུང་རྒྱལ་དུ་ཏང་གི་ལམ་ཕྱོགས་ལ་བསྔགས་བརྗོད་བྱེད་པ་སོགས་ནི་རྣམ་དག་གི་བྱ་བཞག་ཅིག་དང་། ཁེ་ཕན་ཡོད་པའི་ཁེ་སྤོགས་འདོད་གདུང་གི་སྐོམ་པ་སེལ་ཐབས་མཆོག་ཏུ་གྱུར་བ་རུ་ངོས་འཛིན་རྐྱང་བྱས་ཏེ། སློབ་གྲོགས་ཚོ་རིམ་གྱིས་མི་རིགས་ཆེན་པོའི་ལམ་ཕྱོགས་ལ་སེམས་ཤོར་ཏེ་དེའི་ནང་དུ་འགྲོ་འདོད་སྐྱེ་གིན་འདུག     ང་ཚོས་འདི་ལ་ཅི་ཟེར།

སྲིད་གཞུང་དང་སློབ་གྲྭའི་གང་སར་བསྒྲགས་ཡིག་མང་པོ་སྦྱར་འདུག    སྔོན་ཆད་རིག་གསར་གྱི་སྐབས་སུ་ཡང་ཡ་ང་བའི་བསྒྲགས་ཡིག་ཧ་ཅང་མང་རབས་ཐོས། ད་ཆའི་ནང་དོན་ཕལ་ཆེ་བ་ནི་མི་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ། སྒྲུབ་པ་ཐམས་ཅད་སློབ་མའི་ཆེད་དུ་ཡིན་སོགས་བལྟས་ན་ཉམས་དགའ་ཞིང་ཡིད་སེམས་མགུ་བར་བྱ་བའི་གཏམ་བཟང་ཏག་ཏག་རེད། བོད་ཕྲུག་སློབ་མ་ང་ཚོར་མཚོན་ན་དགོངས་པ་དེ་དག་གི་འགན་སྲུང་དང་ཁག་ཐེག་ནི་ཆུ་ཐོག་ཟམ་པ་ལྟར་ཧ་ཅང་གལ་ཆེ་མོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་ཁ་གཡང་ནི་བསླུ་བྲིད་ཁོ་ན་ཡིན་ཞིང་གཡོ་སྒྱུའི་འགོ་ཁུངས་རེད།ཁ་གཡང་གསར་བ་རེ་བསྒྲགས་ཐེངས་རེར་གང་ཞིག་ཏུ་མི་མངོན་པའི་སྟོབས་ཤུགས་ཤིག་སིམ་འཛུལ་བྱ་ཡི་ཡོད་པ་ཐག་ཆོད་ཡིན།

ང་ཚོའི་ད་ལྟའི་སློབ་ཆེན་འཚོ་བའི་ནང་རིག་གནས་གླེང་སྟེགས་གཟུག་མི་ཆོག་ཅིང་སྤྱི་ཕན་ལ་གཞོལ་བའི་རྩ་འཛུགས་ཀྱང་ཡོད་མི་རུང་ལ། ཐུན་མོང་གི་མོས་པ་ལྟར་བྱེད་སྒོ་སྤེལ་ཁག་པོ་ཡིན། དུས་ངེས་མེད་དུ་སྤྱི་པའི་བདེ་སྲུང་མི་སྣའི་འདྲི་གཅོད་དང་ལེན་བྱ་དགོས་ཤིང་། སློབ་གྲོགས་ཕན་ཚུན་བར་ལྐོག་གྱུར་རང་བཞིན་གྱི་གསང་བའི་ལྟ་རྟོག་དར་འདུག    མ་ཟད། བརྩེ་དུངས་ལ་ངར་ཤུགས་མེད་ཅིང་ལང་ཚོའི་གསོན་ཤུགས་ཟད་ནས་དོགས་སློང་དང་སྙིང་སྟོབས་ཉམས་པའི་ཚུལ་དུ་གནས། སྣང་ཚུལ་འདི་ནི་རང་ཉིད་ཚུད་པའི་དེང་རབས་བོད་ཕྲུག་སློབ་ཆེན་པ་སྤྱི་བྱིངས་ཀྱི་སློབ་ཆེན་འཚོ་བ་རེད། འཚོ་སྟངས་འདི་ནི་རྒྱལ་གཅེས་ཏང་བཀུར་དང་ཀླད་པ་བཀྲུ་བའི་སློབ་གསོས་ཡུན་རིང་རྒྱུན་བསྲིངས་ཀྱི་བག་ཆགས་རིམ་འགྱུར་ཁྲོད་བསྐྱེད་པ་ཡིན་ཏེ། སློབ་མ་རེ་རེའི་སྒེར་ཚུགས་འཐོབ་རེའི་ས་བོན་རྨེག་མེད་བཏང་ནས་ཉམས་ཞན་དུ་བཟོས་རྗེས། སྤྱི་ཚོགས་བརྟན་བརླིང་བཟོ་ཐབས་ཡ་མེད་པ་དང་། ཐབས་མཁས་ཀྱིས་ཉམ་ཆུང་བའི་སློབ་མ་ཚོ་ཁེ་ཕན་རིང་ལུགས་པ་རྐྱང་པའི་མི་རུ་བསྐྱེད་བསྲིངས་བྱ་ཐབས་རེད།

ང་ཅག་སློབ་མ་ཚང་མ་ཁེ་ཕན་རིང་ལུགས་པ་ཞིག་ཏུ་འགྱུར་དང་གྱུར་ཚར་བའི་ཚེ། ང་ཚོའི་སྟོབས་ཤུགས་ལ་ཧ་ཅང་གནོད་ཅིང་།འཚོ་གནས་བྱ་སའི་སྤྱི་ཚོགས་ཁོར་ཡུག་དེ་ཡང་ཡ་མ་གཟུགས་ཏུ་སྣང་ངེས་ལ། མཐུན་སྒྲིལ་གྱི་རྩ་བ་སྟོབས་ཤུགས་ཡིན་པའི་དོན་སྙིང་ཤོར་འགྲོ        མི་དང་མིའི་བར་ཡིད་རྟོན་བྲལ་ཞིང་ངོ་ཚ་མེད་པ། མཛའ་བརྩེ་ཞན་ཞིང་སྙིང་རུས་མེད་པ་འབའ་ཞིག་ཆགས་སྲིད་དེ། ཁྱད་པར་དུ་རིགས་ཀྱི་འདུ་ཤེས་ལ་འབག་བཙོག་ཐེབས་ནས་བསམ་བློ་གཞན་འགྱུར་གྱི་རླུང་ནག་འཚུབ་ངེས་ཤིང་། མི་སོ་སོས་ཆུང་ས་ནས་བཟུང་སྒེར་ཚུགས་མི་ཐུབ་པས། གཞན་བརྟེན་སྒྱིད་ལུག་གི་གཡོ་སྒྱུའི་བསམ་བློ་འཁོར་ཏེ་ཚང་མས་སྔར་ལས་ལྷག་པའི་སྒོ་རུ་ཐེ་ཚོམ་མེད་པར་རྒྱལ་གཅེས་ཏང་བཀུར་གྱི་ལྷག་བསམ་མི་བརྒྱ་མགྲིན་གཅིག་གིས་བསྒྲག་སྲིད། ནམ་ཞིག་དུས་དེ་བསླེབ་ཙ་ན། རྒྱལ་ཁབ་བརྟན་བརླིང་ངང་འགྱིང་འདུག་ཆོག་མོད་ང་ཚོ་ནི་སྤུ་མེད་པ་ཡི་ཕག་པ་ཙམ་ཞིག་སྟེ་ལོ་ཆུང་གཞོན་རབས་ཤིག་མེ་སྟག་གིས་སྤང་ལྗོངས་བསྲེགས་པ་ཇི་བཞིན་འཇིགས་པའི་སྐབས་ཡིན། དེའི་ཚེ་མི་རིགས་ཟེར་བ་ཡང་ཁ་བཤད་ཙམ་མོ།

མི་སོ་སོའི་ཧམ་སེམས་ཀྱི་ཚད་མི་འདྲ་བས་དགོས་མཁོ་ཡང་མི་འདྲ་བ་ཡོད་པ་རེད། ཚོགས་པ་དང་གཞུང་སྒེར་གང་རུང་གིས་ཁེ་ཕན་ཅི་རིགས་དང་དམིགས་ཡུལ་ངེས་ཅན་གྱི་དོན་དུ་གཞན་པ་གྲོགས་སུ་བཀུག་ནས་ཉེ་བར་བཏུད་ཐབས་བྱ་ངེས་ཏེ། རང་གི་དགོས་མཁོ་དང་འབྲེལ་བ་ཡོད་པའི་མི་ཚོར”ང་ཚོ”ཞེས་བརྗོད་ཅིང་། རང་གི་སྐྱིད་སྡུག་དང་བྱ་བར་འབྲེལ་བ་མེད་པའི་མི་ལ་ཁོ་ཚོའམ་ཁྱོད་ཚོ་ཞེས་མིང་གང་རུང་གིས་འབོད་སྲོལ་ཡོད་པ་རེད། དཔེར་ན། སྲིད་གཞུང་གིས་ཁོ་རང་ཚོའི་ཕུགས་ཀྱི་དོན་བྱ་གང་དེ་འགྲུབ་སླད། བོད་ཕྲུག་སློབ་མ་ང་ཅག་ལ””ང་ཚོ”ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན། “ང་ཚོ”ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་བུ་དང་བུ་མོ་ཡིན། “ང་ཚོས”ཧུར་ཐག་གིས་ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་སྟོབས་ཤུགས་ཕུལ་ནས་བྱས་རྗེས་འཇོག་དགོས”ཞེས་བརྗོད་ཀྱིན་ཡོད་མོད། ཁོ་ཚོའི་སྐད་ཆ་འདི་བདེན་ནམ། སྐབས་འདིར་”ང་ཚོ་”ཞེས་བརྗོད་ན་འགལ་ཆ་འདུག་པ་མིན་ནམ། བོད་ཕྲུག་སློབ་མ་དང་བོད་ཀྱི་མི་དག་ཀྲུང་ཧྭ་མི་རིགས་ཀྱི་བུ་དང་བུ་མོ་ཡིན་ནམ། འོ་ན། བོད་མི་རིགས་ཀྱི་བུ་དང་བུ་མོ་སུ་ཞིག་ཡིན་ནམ། བོད་ཕྲུག་སློབ་མ་ང་ཚོ་བོད་མི་རིགས་ཀྱི་བུ་དང་བུ་མོ་ཡིན་པ་མ་ཡིན་ནམ། ཇི་ལྟར་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་བུ་དང་བུ་མོར་གྱུར་བ་རེད། ཀྲུང་ཧྭ་མི་རིགས་ལ་ཁོང་ཚོའི་བུ་དང་བུ་མོ་ཡོད་པ་མིན་ནམ། ཅིའི་ཕྱིར་བོད་མི་རིགས་དང་གྲངས་ཉུང་མི་རིགས་གཞན་པའི་བུ་བུ་མོ་ཚོར་ཀྲུང་ཧྭའི་བུ་བུ་མོ་ཞེས་བརྗོད་དགོས་སོང་བ་རེད། ང་ཚོས་འདི་ལ་ཅི་བྱ། འདི་ནི་མི་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་སྟངས་ཡིན་ནམ། འདི་དག་བསྒྲུབས་པ་ཐམས་ཅད་སློབ་མའི་ཆེད་དུ་ཡིན་ནམ། ཡང་ན། འདི་དག་ཡོད་ཚད་ནི་མི་ཚང་མ་མི་རིགས་ཆེན་པོའམ་ཀྲུང་ཧྭ་མི་རིགས་སུ་བསྒྱུར་བར་བྱ་ཆེད་ཡིན་ནམ།

དེ་བས། ང་ཚོ་ཞེས་པའི་མིང་གི་གདགས་གཞི་འདི་ནི་རྩ་ཆེན་དང་སྟོབས་ཤུགས་ཤིག་ཡིན་པ་ང་ཚོས་ཤེས་ན་ལེགས། ང་ཚོ་ཞེས་པའི་དོན་ནི་འུ་ཚོའམ་རང་རེ་དང་ཐག་ཉེ་བོ་འདུག་འདོད་ཅིང་།ཐུན་མོང་དུ་བསྙེག་བྱ་ཡོད་པ་དང་།དུས་དང་དུས་མ་ཡིན་པར་སྐབས་འཕྲལ་དུ་འདོད་དོན་མཐུན་པ།ལམ་ཐིག་གཅིག་གི་སྟེང་གི་མི་ཡི་སྡེ་ལ་ད་གཟོད་ང་ཚོ་ཞེས་འབོད་འོས་སྙམ། གཞུང་གིས་ང་ཚོ་ཞེས་པའི་ཐ་སྙད་རིགས་ཞེན་ཅན་འདི་དཀྱིལ་སྙིང་དུ་བཟུང་སྟེ། ཅི་བྱས་ཐམས་ཅད་ང་ཚོའི་ཆེད་དུ་ཡིན་ཟེར། དོན་དག་ཇི་སྙེད་ཅིག་ང་ཚོ་ལ་ཁག་འགེལ་བྱེད་ཅིང་།ང་ཚོ་ཞེས་གླེང་བ་ན་མི་མང་པོ་ཞིག་འཁྲུལ་གྱིན་འདུག ཆབ་སྲིད་ཀྱི་སྲིད་བྱུས་ཀྱི་དབང་གིས་ད་ལྟ་སོ་སོའི་འདུ་ཤེས་སུ་ང་ཚོ་ཞེས་པའི་མིང་འདིའི་གོ་དོན་གྱི་འཇུག་ཡུལ་མི་འདྲ་བར་འགྱུར་བ་ཐེབས་ཡོད། ང་ཚོའི་སྟོབས་ཤུགས་དེ་གཞུང་ཕྱོགས་ཀྱིས་བེད་སྤྱད་ནས། གལ་སྲིད”ང་ཚོའི”སྟོབས་ཤུགས་དང་ཁེ་ཕན་དུ་འགྱུར་བ་ན། ང་ཚོར་ཉེན་ཁ་ཆེ། གཞུང་དང་སྒེར་ནི་མ་གཞི་ནས་ཁ་ཁ་སོ་སོ་རེད། ཐུན་མོང་ཐོག་གོང་འཕེལ་གཏོང་བའི་བྱ་བཞག་ལས་གཞན་གཞུང་ལ་གཞུང་གི་བྱ་བ་དང། སྒེར་ལ་སྒེར་གྱི་དོན་དག་དང་གསང་བ་ཡོད་པ་རེད། ང་ཚོའི་མི་གཞི་དང་རིན་ཐང་ལྟ་ཚུལ་སོགས་གཞུང་གི་ལྕེ་ཐོག་གི”ང་ཚོ“ཡིས་མཚོན་མི་ཐུབ་ཅིང་།ང་ཚོར་ཁྱད་ཆོས་ལྡན་པའི་རང་གི་དགའ་སྐྱོ་ཆགས་སྡང་ཡོད་པས། གཞུང་ཕྱོགས་ཀྱི་ཁྱད་ཆོས་ལྡན་པའི་”ང་ཚོ”དང་ང་ཚོ་གཉིས་མིང་གཅིག་དོན་གྱི་རྣམ་གྲངས་མི་འདྲ་བ་ཡིན་ནོ།

2015/4/14

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།