དཀའ་སྡུག་ནི་བདེ་སྐྱིད་ཅིག

ཟུང་དབྱངས་སྐྱིད།

མཛེས་སྡུག མཛེས་སྡུག མཛེས་སྡུག

སྤྲིན་པ་བཞིན་ཚེ་སྲོག་གི་མཁའ་དབྱིངས་ནས་མཛེས་སྡུག་ངང་རྒྱང་རིང་ལ་འཐོར་འགྲོ་བའི་འཚོ་བ། འཇའ་ཚོན་ལྟར་ལང་ཚོའི་ལྡེབས་ངོས་སུ་ཤར་ཏེ་རབ་རིབ་ངང་མཁའ་དབྱིངས་ནས་ཡལ་འགྲོ་བའི་ལོ་ཟླ། དཀའ་སྡུག་གི་གསེབ་ནས་འཁྱིལ་ཡོང་བའི་བདེ་སྐྱིད་ཀྱིས་བྱུགས་པའི་མི་ཚེ། ནམ་ཡང་འཁྱར་འཁྱོར་ངང་མི་ཚེའི་ལམ་ཀྱོག་ནས་འཁོར་བཞིན་པའི་མི་ལགས། ཁྱོད་ཀྱིས་ཚེ་སྲོག་གི་ཕ་མཐའ་ན་འགྲེང་བའི་མཛེས་སྡུག་དེ་མཐོང་ཡོད་དམ།

མི་མང་པོ་ཞིག་གིས་གསོན་པའི་དཀའ་སྡུག་ཧ་ཅང་ལྕི་ཞིང་།  འཚོ་བ་ནི་མི་སེམས་གཏུབ་བྱེད་ཀྱི་རལ་གྲི་ཞིག་རེད་ཟེར། དེ་བས་མི་ལ་ལས་དཀའ་ཁག་གི་མདུམ་དུ་རང་སྲོག་བཅད། ད་དུང་ངོ་མི་ཤེས་པའི་ངོ་གདོང་མང་པོས་མགོ་བོ་འཕྲེད་དུ་གཡུགས་ནས་འཚོ་བ་ལ་དམོད་པ་བྱེད་བཞིན་འདུག ཉིན་མཚན་དུ་མ་ཞིག་ལ་རང་ཉིད་གཅིག་པུ་ནམ་མཁར་ཅེར་ནས་རང་དང་འབྲེལ་བའི་དོན་མང་པོར་བསམ་གཞིག་བཏང་ན། མི་ཚེ་ནི་བསླུ་བྲིད་དང་བདེ་སྐྱིད་ཀྱིས་ཁེངས་ཡོད་ཅིང་། འཚོ་བ་ནི་དཀའ་སྡུག་དང་འུར་ཟིང་གིས་ཁེངས་པ་ཞིག་རེད།  ང་ཚོ་ནམ་ཡང་འཚོ་བ་འདིའི་ཁྲོད་དུ་མི་ཚེའི་རིན་ཐང་མངོན་དགོས་པ་མ་ཟད། རྨི་ལམ་དང་ཕུགས་བསམ་གང་དེའི་ཆེད་དུ་འབད་པའི་གོམ་པ་ལྷོད་ག་ལ་ཉན་ཨང་། མཚམས་མཚམས་སུ་ངས་དཀའ་སྡུག་འདྲེས་མའི་འཚོ་བ་འདི་ན་ཟུག་ཆེ་བར་བསམ་ནས་སུན་སྣང་ཡང་སྐྱེས་མྱོང་། ཡིན་ཡང་རང་ཉིད་ཀྱི་ཆེས་བརྗེད་དཀའ་བ་དེ་ནི་སྡུག་བསྔལ་ཁྲོད་ཀྱི་མཛེས་སྡུག་རེད།   མི་སུ་ཡིན་ཡང་བདེ་སྐྱིད་ལ་དགའ་ཞིང་བདེ་སྐྱིད་ཅིག་བཙལ་མོད། བདེ་སྐྱིད་ཀྱི་ཆེད་དུ་རང་ཉིད་ཀྱིས་བདེ་སྐྱིད་གཏོར་བརླག་ཏུ་གཏོང་བཞིན་ཡོད། དེ་ནི་ཁོ་ཚོས་བདེ་སྐྱིད་ཀྱི་ངོ་བོ་མ་ཟིན་པས་རེད།

ཁྲ་ཁྲ་རིག་རིག་གི་འཚོ་བའི་ཁྲོད་དུ་མི་སོ་སོས་ཁ་སང་དང་ཁ་སང་གི་ཡོད་ཚད་ཕར་ལ་བསྐྱལ་ནས་སང་ཉིན་དང་སང་ཉིན་ཞིག་ལ་རེ་བ་ནི་གོམས་གཤིས་སུ་གྱུར་ཡོད།  ངལ་དུབ་དང་སྐྱོ་གདུང་གི་ཟུར་ནས་བྲེལ་འཚུབ་ཀྱི་དབུགས་ཐག་ཆད་མ་མྱོང་ལ། སྡིག་དམོད་དང་སྡང་སེམས་ཀྱི་འཕྱོ་བའི་ཟེགས་མ་ཡང་སྐམ་མ་མྱོང་།རེ་སྐྱིད་རེ་སྡུག་གི་འཚོ་བ་འདི་ལ་སུན་མྱོང་ལ་དགའ་ཡང་མྱོང་། ཡོད་ཡོད་འདྲ་ལ་མེད་མེད་འདྲ་བའི་བདེ་སྐྱིད་ཅིག་བཙལ་ཕྱིར། སོ་སོས་ནམ་ཡང་དཀའ་སྡུག་གི་ཁྲོད་ནས་འཚོ་བར་མནོ་བསམ་རེ་བཏང་ན། དཀའ་སྡུག་དེའི་གསེང་ནས་འཕྲོས་ཡོད་པ་ནི་མཛེས་སྡུག་ཅིག་ཡིན་སྲིད།

ལོ་དང་ཟླ་བའི་བཞུར་རྒྱུན་ཁྲོད་དུ་མང་པོ་ཞིག་རབ་རིབ་ངང་འདས་ཟིན། ཡང་རེ་འགའ་ནི་མེ་ལོང་བཞིན་སེམས་ངོས་སུ་ཤིན་ཏུ་གསལ། དེ་དག་ནི་དཀའ་བ་དང་སྡུག་པ། སྐྱོ་བ་དང་གདུང་བ། དགའ་བ་དང་སྤྲོ་བའི་བརྒྱན་པའི་མེ་ཏོག་གི་སྐྱེད་ཚལ་ཞིག ང་རང་ཆུང་དུས་ནས་དྲིན་ཕ་མའི་སྙིང་གི་གཅེས་ནོར་ཡིན་པས། དཀའ་ཁག་ཆེ་ཆུང་གང་རུང་ལ་འཕྲད་དུས་དཀའ་རབས་སྡུག་རབས་ཀྱི་སྡུག་ཡུས་འདོན་མྱོང་།  ཡིན་ཡང་དབྱར་གཞུང་ཞིག་ནས་ཁྱོད་དང་འཕྲད་རྗེས། ངས་བདེ་སྐྱིད་དང་ན་ཟུག་གི་ཚོར་བ་དངོས་མྱོང་ཡོད། ཁྱོད་ཀྱིས་བཤད་ན”དབྱར་གཞུང་ཞིག་ཏུ་འཕྲད་པ་ནི་འུ་ཚོའི་མི་ཚེ་དབྱར་ལྗོངས་ལྟར་མཛེས་སྡུག་ལྡན་དགོས་པས་ཡིན་ལ། གཡའ་དྭགས་པའི་ནམ་མཁའ་བཞིན་རང་གི་མི་ཚེ་གང་བོར་གཡའ་དྭགས་པར་གནས་པ་ནི་འཇིག་རྟེན་གྱི་འཚོ་བ་བདེ་སྐྱིད་ཀྱིས་བསུ་ཆེད་ཡིན་ཟེར།”ཁྱོད་རང་ཡང་དབྱར་ལྗོངས་ལྟར་བདག་ལ་མེ་ཏོག་གི་མཛེས་སྡུག་བསྐྲུན་མཁན་དེ་ཡིན་ལ།མེ་ཏོག་འཐོར་རྗེས་ཀྱི་ན་ཟུག་བཞག་མཁན་དེ་ཡང་ཡིན་མོད།  འཚོ་བ་ནི་རེ་སྐྱིད་རེ་སྡུག་གིས་མི་ཚེའི་བགྲོད་པ་ཞིག་ཡིན། འབྱུང་འགྱུར་གྱི་ཡོད་ཚད་ནི་བརྗོད་ཐབས་བྲལ་བའི་གསང་བ་ཞིག་ཡིན། མི་ཚེའི་གཏམ་རྒྱུད་མང་པོར་རྒྱུ་མཚན་མེད་པ་ཡང་ཤེས་ཡོད། མི་ཚེ་ནི་སྐྱིད་སྡུག་འདྲེས་མའི་བརྒྱུད་རིམ་ཞིག་ཡིན་པས་དཀའ་སྡུག་དེ་ཡང་མཛེས་སྡུག་ཅིག་ཡིན་པ་གཞི་ནས་རྟོགས་བྱུང་།

མི་ཚེ་ནི་བརྒྱུད་རིམ་ཞིག་ཡིན་ལ། བརྒྱུད་རིམ་དེའི་ཁྲོད་དུ་བདེ་སྐྱིད་ཟེར་བ་ཞིག་སྟོན་རྒྱུ་མེད་ལ། སྡུག་བསྔལ་ཟེར་བ་ཞིག་ཀྱང་རེག་རྒྱུ་མེད། ཞེན་སྣང་དང་བསླུ་བྲིད་ཀྱིས་ཁེངས་པའི་འཚོ་བ་འདིར་ལན་རེར་ཞེན་ཆགས་ཀྱི་འཛུམ་མདངས་རྒྱས་ལ། ལན་རེར་སྡང་སེམས་ཀྱི་ཟུར་མིག་འཕེན་བཞིན་ཡོད། འོན་ཀྱང་འུ་ཚོས་ནམ་ཡང་སྔར་བཞིན་འཚོ་བ་རོལ་དགོས་ཏེ། ཐོབ་ཡོད་པ་ནི་ཏག་ཏག་ཤོར་སོང་བ་དེ་རེད། དཀའ་སྡུག་མྱོང་བ་ནི་ནར་སོར་པའི་བརྒྱུད་རིམ་ཞིག་ཡིན། དཀའ་བ་དེ་ཡོད་པས་བདེ་སྐྱིད་ཀྱི་རིན་ཐང་རྟོགས་ཐུབ་ཅིང་། དཀའ་སྡུག་གི་བྲོ་བ་སྐྱུར་མོ་འདིས་ང་རང་ད་དུང་གསོན་ཡོད་པ་ཚོར་ཐུབ་ལ། བདེ་སྐྱིད་དང་སྡུག་བསྔལ་དེ་ཡང་ནང་སེམས་ཀྱིས་མྱོང་དགོས་པ་ཞིག་གོ།

ནམ་རྒྱུན། འཚོ་བ་འདི་སྡུག་བསྔལ་ཞིག་ཡིན་པ་ཤེས་བཞིན་དུ། དེར་དགའ་བ་ནི་མཛེས་སྡུག་ཅེས་བརྗོད། ཧ་ཅང་ཐོབ་འདོད་ཆེ་བའི་ཡོད་ཚད་ལ་ཆད་ལྷག་ཅིག་དང་ན་ཟུག་གིས་བརླན་ཞིང་།  འཐོམ་སྦྲིད་དང་རྣམ་གཡེང་གི་ལོ་ཟླ་ཁྲོད་དུ་ང་རང་ད་རུང་འཚོ་དགོས་ཞེས་པའི་སྟོབས་ཤུགས་ཀྱི་ཚོར་བས་ཡང་ཡང་བརྩེགས་པ་དེར་བདེ་སྐྱིད་ཅེས་བརྗོད་བཞིན་ཡོད

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།