གཡུལ་ས་དང་ཕྱི་དྲོ།

ནམ་ཟླ་མེ་སྟག་འཚུབས་འདྲ་རེད།།

ལོ་ཟླ་གྱོ་བོ་བརྒྱུགས་འདྲ་རེད།།

ཉི་ཟླའི་ཐོར་ཙོག་མདུད་པ་ཡི།།

མེས་པོ་གནམ་ཀྱི་སྐར་མ་རེད།།

མཁའ་རུ་ལྡིང་བའི་རྒོད་པོ་ཨ།།

གངས་ཀྱི་རྒྱབ་དར་ཁྲ་བོ་ཡིན།།

འཁོས་ཆུང་ཡུལ་གྱི་སྙན་ངག་འདི།།

དོ་ནུབ་ཁྱོད་ཕྱོགས་བསྐུར་ཡོད་ལགས།།

ཡུལ་གྱར་འཚོ་བའི་ཡུ་མུག་གི།

སྙིང་རླུང་མར་མར་གནོན་སྤྱད་ཡིན།།

དྲན་པའི་མཐིལ་གྱི་ཕ་ཡུལ་གྱི།།

གཞི་བདག་གཤར་སའི་བཙན་ལམ་ཡིན།།

དལ་གྱིས་བཞེས་ཤིག་དྲང་སྲོང་ཨ།།

ཞིབ་ཀྱིས་ཉོན་ཅིག་ཡུལ་མི་ཨ།།

འདི་ན་སྲོག་གི་དབུགས་ལྒང་ཞིག།

དལ་འཇགས་མེད་པར་ལྡིང་གིན་ཡོད།།

                            — ཐོག་མའི་གཏམ།

ལོ་བརྒྱའི་རྨི་ལམ་འབར་བའི་ས་སྲོས་འདི་ན།།

ཉི་ཟླའི་སྟོད་ཐག་ཞིག་པའི་སྐུད་སྣེ་ལྷག་ཡོད།།

མཚན་མོའི་འོད་ཕུངས་གཏོར་བའི་མེ་མདའ་ལྷག་ཡོད།།

འཕྲིན་བྱ་ཁྲུང་ཁྲུང་གསུམ་གྱི་འཕུར་ལམ་ལྷག་ཡོད།།

ཀྱེ་ཀྱེ་འོད་ཟེར་འཚོལ་བའི་ཕྱེ་ལེབ་སེར་པོ།།

ང་ཡི་གསེར་མདོག་ཉི་མ་ག་རེ་བྱུང་སོང་།།

ང་ཡི་འཇིག་རྟེན་སྒོར་མོ་ག་རེ་གནང་སོང་།།

ད་ནི་གངས་རྒྱབ་ཉི་མ་ནུབ་ལ་ཁད་རེད།།

ང་ཡི་སྙན་ངག་མང་པོ་སྨྲེང་ལ་ཁད་རེད།།

ད་ནི་ས་སྲོས་སླེབས་ཉེ་མཐའ་འཁོར་ཀུན་ཏུ།།

རྔོན་པ་ག་ཙམ་བག་ལ་ཉལ་ཏེ་ཡོད་ཨང་།།

འདི་ནི་མེ་ཏོག་ཆག་པའི་ཉིན་སྲིབ་རེད་ཨང་།།

འདི་ནི་བསྐལ་བ་འཇིག་པའི་ཆོ་འཕྲུལ་རེད་ཨང་།

ང་ཡི་ཞེན་ཆགས་བྲུག་སའི་འཇིག་རྟེན་ལེབ་ལེབ།།

དེ་ལས་རླུང་དམར་ལྡིང་བའི་གངས་མཐའི་ཚོ་ཆེན།།

ཡིད་ལ་ཡོད་ཡོད་སྣང་བའི་རི་མོ་ཞིག་སྟེ།།

དེ་ཡི་གསེབ་ཏུ་ཡིབ་པའི་བྱ་འདབ་གསེར་པོ།།

སྟེང་དུ་ཕོ་རོག་གསུམ་གྱིས་འཕུར་ལྡང་བྱེད་པ།།

དེའི་ཐོག་སྤྲིན་ནག་འཁོར་ཞིང་དེ་ཡི་གོང་དུ།།

གནས་ཆུང་འཕྲིན་རྒྱལ་པོ་འཁོར་དང་བཅས་ཀྱིས།།

འཇིག་རྟེན་མེ་ལོང་ཁྱེར་ཏེ་ཡང་ཡང་བལྟ་བཞིན།།

སླར་ཡང་རི་མོའི་གསེབ་ཏུ་མར་མར་ཡིབ་པའི།།

ཡུལ་སྡེ་དམར་སེར་ཅན་དེའི་ངོ་མདངས་འོག་ཏུ།།

ཕྱི་དྲོའི་གྲིབ་ཆེན་འགུག་པའི་ཉམས་སྣང་ཚེས་འདུག།

འདི་ནི་ཉི་མ་ནུབ་ཁའི་ས་སྲོས་ཤིག་གི།

མེ་ཕུང་སྐོར་བྲོ་ཆད་པའི་གླིང་བུ་རེད་ཨང་།།

འདི་ནི་སྲིད་པ་ཆགས་པའི་གཏམ་རྒྱུད་ཁྲོད་ཀྱི།།

ནམ་མཁའི་དགུ་ཚིགས་འཐོར་བའི་ངག་རྒྱུན་རེད་ཨང་།།

འདི་ལ་ཐོག་མ་མེད་ཅིང་མཐའ་མའང་མེད་པའི།།

བར་ནས་རང་ཤི་ཐེབས་པའི་ཚེ་སྲོག་རེད་ཨང་།།

ཁྱོད་རང་ཕྱི་དྲོ་འདི་ཡི་གྲིབ་སོའི་ཁ་རུ།།

རྟ་པ་ཁྱུ་གཅིག་དང་བཅས་ཡལ་བར་གྱུར་ཞིང་།།

སླར་ཡང་ཕྱི་དྲོ་འདི་ཡི་ཉི་ནུབ་མཚམས་ནས།།

ཁྲུང་ཁྲུང་ཁྱུ་གཅིག་དང་བཅས་གནམ་འཕངས་བཅད་ན།།

ང་རང་ཐག་རིང་མཚམས་ཀྱི་སྲང་ལམ་ཞིག་ཏུ།།

ལོག་ཕེབས་ག་ཙམ་ཞུས་ནས་བསྒུག་པ་ཨེ་ཚོར།།

གངས་སྐོར་ལན་བརྒྱར་གནང་སོང་སྙིང་ཆུང་འདི་ཡིན།།

དབུས་མཇལ་ཐེངས་མང་བགྱིས་སོང་སེམས་པ་འདི་ཡིན།།

སྐུ་དྲག་གཡུ་རྣ་ཅན་གྱི་སྲས་མོ་དེ་ག།

ད་དུང་ཁོ་བོས་བཙལ་ཀྱང་རྙེད་པ་མི་འདུག།

ཉེ་ལམ་ཁོ་བོའི་སྔས་སུ་ཁ་བ་བབས་བྱུང་།།

ཉི་ཟླའི་རལ་བ་ཞིག་པའི་ཁ་བ་བབས་བྱུང་།།

དེའི་ཁྲོད་གཡུལ་འགྱེད་མཐའ་ཡི་ཁྲག་དྲི་མང་པོས།།

ང་ཡི་སེང་གེ་སྙིང་རྫོང་འགད་པར་བྱས་སོང་།།

དེ་རྗེས་མུ་གེ་འཕྱུར་བའི་ལོ་ཟླ་འདི་གར།།

ཁོ་བོས་རང་ཉིད་སྦར་ཏེ་དཀར་མེ་བྱས་ཀྱང་།།

མཚམས་འདིའི་སྨག་པ་ཆད་པའི་དམྱལ་བའི་ཁང་ཆེན།།

སྒོ་དང་སྒེའུ་ཁུང་མེད་པའི་མེ་ལོང་ཞིག་སྟེ།།

ངོགས་སུ་ལྷོ་ཕྱོགས་འཕུར་བའི་ཁྲུང་ཁྲུང་རེ་གཉིས།།

དབྱར་དགུན་ག་དུས་ཙམ་ལ་ལོགས་ཕེབས་བགྱི་ཞེས།།

ཤིན་ཏུ་སྟོང་ཞིང་སྟོང་བའི་ངང་སྒུག་ཁྲོད་ནས།།

སྲོད་ཀའི་མཚམས་སྤྲིན་ལྡིང་བའི་ཉི་ནུབ་རེ་རེར།།

མི་ཚོས་ནམ་ཟླ་བརྩིས་ཏེ་བགྲེས་པོ་ཆགས་སོང་།།

ཁོ་ཚོས་མཚན་མོ་རེ་རེར་མཆོད་མེ་བསྒྲོན་ཏེ།།

སྨོན་འདུན་ལྐོག་ནས་ཞུ་དོན་ག་རེ་བྱུང་སོང་།།

ཁོ་ཚོས་ཕྱི་དྲོ་རེ་རེར་དངངས་སྐྲག་ཁུར་ནས།།

རང་ལ་ཉེས་པ་མེད་ཚུལ་བརྗོད་དོན་ཅི་རེད།།

ད་ནི་གྲོང་ཁྱེར་དག་ལ་སུན་པོ་བྱུང་སོང་།།

དེ་ལས་ཡར་ཡར་འོང་བའི་མི་ལ་སུན་སོང་།།

ཁོ་ཚོའི་ཉལ་ཐ་ལྟ་བུའི་འཛུམ་མདངས་ཁྲོད་དུ།།

སྦས་པའི་མཚོན་ཆའི་ཆར་ནག་ག་རེ་བྱེད་ཨང་།།

ད་ནི་ཁྲག་རྩའི་སྦུགས་སུ་གྲོང་ཁྱེར་མཐའ་ཡི།།

རྡོ་དུག་ལང་ལོང་དག་ཀྱང་འཐིབ་པ་འདྲ་བྱུང་།།

ད་ནི་ཉེས་པ་མེད་པའི་ཁ་ཆེམས་ཤིག་གིས།།

ཕལ་ཆེར་ཕལ་ཆེར་འཇིག་རྟེན་རྫོགས་ཉེན་འདྲ་འོ།།

མཚན་སྟོད་བྱེ་བ་ཁྲག་བརྒྱའི་སྨག་པ་འགམ་ནས།།

མཚན་སྨད་བསྐལ་བ་བརྒྱད་ཅུའི་མུན་ནག་ཁྱེར་བའི།།

ང་ཚོའི་འགྲོ་ལམ་འདི་ལ་ཟླ་བ་མེད་ཅིང་།།

ང་ཚོའི་བཞུད་ལམ་འདི་ལ་དཔལ་འབར་མེད་པས།།

ད་ནི་སོ་སོའི་སེམས་ཀྱི་དད་མོས་ཁྱེར་ནས།།

འཇིག་རྟེན་རྡོག་པས་གནོན་པའི་དཀར་མེ་བྱེད་ཨང་།།

ཡིན་ཡང་ལོ་ཟླས་བསྲེགས་པའི་སྐྲ་ལོ་འདི་ཉིད།།

ང་ལ་དཔའ་གདེང་གནང་བའི་རལ་བ་མིན་པས།།

འབྲོང་གི་སྙིང་རྩིད་སྐྱེས་པའི་གནའ་མྱི་དེ་ཚོ།།

དེ་ཚོའི་ཁྲག་ལ་སྦག་པའི་ང་རྒྱལ་རེ་རེ།།

ད་ལྟ་རིང་ནས་འཇགས་པའི་སྒྲུང་ཞིག་རེད་ཨང་།།

ཕ་ཡུལ་ཞིབ་ཀྱིས་བཤད་ན་ཐག་རིང་མ་རེད།།

ཉི་མ་ནུབ་སའི་མཚམས་ཀྱི་གངས་རྒན་དེ་རེད།།

དེ་ལ་ལྡིང་སྐོར་རྒྱག་པའི་བྱ་ཁྱུ་དག་རེད།།

དེ་དག་བདག་པོ་མེད་པའི་ལུག་ཁྱུ་ཞིག་སྟེ།།

སྐྱེས་པའི་ཕ་ཡུལ་པང་གི་མཚན་གཞུང་འདི་ན།།

འཆི་ཁའི་དིང་གླིང་འབུད་པའི་རས་པ་འདྲ་འོ།།

ཁྱོད་རང་སྤྲིན་པའི་ཚུལ་གྱི་ལྷོ་རུ་སྤུར་སོང་།།

ཁྱོད་རང་རླུང་བུའི་གཟུགས་ཀྱིས་བྱང་དུ་ཆས་སོང་།།

དོ་ནུབ་སྟོན་ནམ་ཞེས་པའི་དུས་ཆེན་འདི་ལ།།

ང་རང་གཅིག་པུར་ལྷག་སྟེ་ཆང་མཆོད་ཞུ་འོང་།།

ད་ནི་ནམ་མཁར་ཆས་པའི་རྨུ་ཐག་ཆད་སོང་།།

ལྷ་དང་ལྷ་མོའི་ཞལ་ཁེབ་རླུང་གིས་ཁུར་སོང་།།

ང་ཚོའི་ཕུགས་བསམ་ཀློང་གི་ཉི་ཟླའི་ཆོ་འཕྲུལ།།

དེ་ལས་ཕྱོགས་བཅུར་འགྱེད་པའི་འོད་ཟེར་དག་ཀྱང་།།

བསྐལ་བའི་རྩིག་ལྡེབ་ངོས་ནས་ཡར་ཡར་འཕགས་བྱུང་།།

སྲིད་པའི་སེང་རས་འདི་ཡིས་ཁོག་པ་མ་བྱུང་།།

དེ་བལྟས་གནའ་དྲི་བྲོ་བའི་གླུ་སྐད་རེ་རེར།།

སྲོག་གི་རྒྱུན་ཐག་སྦྲེལ་ནས་ཡུན་གྱིས་ཉན་ཚེ།།

ང་ལ་ད་དུང་ལྷག་པའི་དད་པའི་མེ་ལྕེས།།

རིག་ལྡན་དྲག་པའི་དཔུང་གི་རྨིག་སྒྲ་ཚོར་འོང་།།

ཡིན་ཡང་ཁོང་ཚོ་འོང་སའི་འགྲོ་ལམ་རེ་རེ།།

ཁ་ཐག་ཧ་ཅང་རིང་བའི་ཉི་མའི་གམ་སྟེ།།

བསྐལ་བ་བྱེ་བ་ཕྲག་བརྒྱའི་ས་ཚིགས་གང་ནས།།

དབུ་རྨོག་དར་ཕྲུ་དང་བཅས་འབུད་པ་བྱུང་ངམ།།

ད་ནི་གོམས་ལོབ་བྱུང་བའི་མུན་པ་འདི་ལས།།

ལག་པ་སྙིང་གར་བཞགས་ནས་ཅི་ཞིག་དྲན་ནམ།།

ང་ལ་ས་སྲོས་ཤིག་གི་གྲིབ་ནད་ཕོག་པས།།

དེ་ཡིས་སྙིང་རྩ་གཅོད་པའི་ཐག་སྒྲ་དྲན་ནམ།།

ཡང་ན་ཡི་གར་འོང་བའི་སྙིང་སྡུག་ཅིག་གིས།།

བདག་རང་མགོ་སྐོར་བཏངས་བའི་སྨྲེང་ཚུལ་དྲན་དགོས།།

ལོ་ནི་དགུ་བརྒྱ་འགོར་བའི་མཚན་སྟོད་འདི་ལ།།

བདག་གིས་ཕ་ཡུལ་བོར་བའི་བྱ་ཁྱུ་ཞིག་གིས།།

སླར་ཡང་ཕ་ཡུལ་འཚོལ་བའི་གཤོགས་སྒྲ་ཚོར་བྱུང་།།

མ་རེད་ཕ་ཡུལ་དྲན་པའི་སྨྲེང་བ་ཚོར་བྱུང་།།

དོ་ནུབ་ནམ་མཁའི་སྐར་མའི་དགུ་ཚིགས་སུས་གཅོད།།

དྲན་གདུང་རླུང་ཁུར་མ་དེས་གཅོད་དགོས་ཨེ་རེད།།

རྩོམ་པ་པོ། དུ་བ།

                 ༢༠༡༨.༩.༢༨མཚན་མོར་ལན་གྲུ་རུ་མཇུག་གྲུབ་པར་བྱས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།