༈ དུས་ཀྱི་ཐུབ་པ་ཆེན་པོ། ༼ཁག་གཉིས་པ།༽

_____/རྩམ་སྲས།

རྐང་ཐང་འཁར་བ་ལ་ཁེན་པའི་བོད་མི།།
འཇའ་འོད་སེར་པོ་དེ་འཛུམ་གྱིས་ཁྱེར་ཏེ།།
ས་ལམ་སྐྱ་མོ་ནས་རིམ་པར་བགོམ་ཚེ།།
ས་སྒང་ཤར་ནུབ་ཀྱི་སེམས་པ་བསུས་ཡོད།།
གངས་རྩེ་ཉི་མ་ཡི་འོད་གུར་ཕུབས་དུས།།
ཕྲ་དོག་དམར་ནག་གི་གྱ་གྱུ་ཆེ་བའི།།
མུན་པ་འཚབ་འཚུབ་ཀྱི་སྐར་མ་ལྔ་ཚོམ།།
སྐར་དར་གྲུ་བཞི་ཁྱོད་ཨུ་ཚུགས་ཆེ་བ།།
སྲོལ་རྒྱུན་རུས་གཟེབ་ཀྱི་ཐིག་ལེའི་འོད་སྣུམ།།
གསར་དར་ཀླད་ཁྲག་གི་ཉིང་ཁུ་དྭངས་མ།།
ཟུང་འཇུག་ཁོང་ཡངས་ཀྱི་ལྟ་བ་གཟས་པོས།།
བཙིར་བཙིར་ལྡག་འཇོག་གིས་ཁོག་ཏུ་གཞིབ་ཡོད།།

དབུས་ལམ་ཚངས་ཐིག་གི་ངེས་དོན་གཞི་ནས།།
མི་གཤིས་ཡ་རབ་ཀྱི་ཁ་ཕྱོགས་བཟུང་སྟེ།།
བྱམས་པ་སྙིང་རྗེ་ཡི་གཞན་ཕན་བྱ་བས།།
གནའ་མེས་རུས་ཤུལ་ནས་སྙིང་སྟོབས་ངོམས་ཡོད།།
སྟོབས་ཆེན་དཔུང་རྒོད་ཀྱིས་སྟེགས་སུ་མ་བཀྱག།
རྒྱུ་འབྱོར་ནོམ་པོ་ཡིས་བཞེངས་བསྐྲུན་མ་བྱས།།
ཚེམས་དཀར་སུམ་བཅུ་ཡི་རྣམ་འགྱུར་འཇམ་པོས།།
ཁེར་རྐྱང་ཁེར་ལམ་ནས་དགུང་དུ་འཛེགས་ཡོད།།
འབུམ་སྡེ་ཁྱུ་ཁྱུ་ལ་སློ་གསོ་བྱིན་ནས།།
རྐང་གཉིས་བགོམ་ས་ན་བདེ་ལམ་འཇོག་གིན།།
རྒྱང་མཐའི་རི་གྲོང་ལ་ལྡིང་སྐོར་ཞིག་གིས།།
ལ་ལུང་བརྒྱད་བཅུ་ནས་ཕྱིར་ལ་ལོག་ཤོག།
2015.6.20
༈དུས་ཀྱི་ཐུབ་པ་ཆེན་པོ།
_____/སྒེའུ།

ལང་ཚོའི་མེ་ཏོག་ཆུང་ཆུང་སྨད་ནས་བཞད་རེད། །
ཞབས་རྗེས་ཁ་བའི་འདབ་མ་དབུས་ལ་བཀོད་རེད། །
འཚེ་མེད་སྙིང་རྗེས་མཛད་འཕྲིན་བྱང་ནས་རྒྱས་པའི། །
དུས་ཀྱི་ཐུབ་པ་ཁྱེད་ནི་ལམ་གྱི་བདག་པོ། །
སྐྲ་ལོར་ཁ་བ་བབས་པའི་བརྒྱད་བཅུའི་ན་གཞོན། །
ལོ་ཟླ་འཛུམ་གྱི་བཞེངས་བའི་ས་མཐའི་སེམས་དཔའ། །
ཡུལ་ཀྱི་ནང་མིའི་རེ་ཆེན་“འོད་ཀྱི་མི་ཕོ”། །
དེ་ནི་“སྙིང་གི་གཤོག་པ་དཀར་པོ་ཡིན་”རེད། །
སྙིང་རྗེ་ཟླ་བ་ཚེས་འདྲའི་མི་ཕོ་དེ་ཡིས། །
ཟབ་དོན་དབུ་མའི་ལམ་གྱི་བདེན་པ་འཚོལ་མྱོང་། །
འཚེ་མེད་ཞི་བདེ་ནོར་བུའི་གཟེངས་རྟགས་བཞེངས་མྱོང་། །
གོ་ལའི་ཁྱོན་ལ་ཁྱབ་པའི་འོད་དཀར་འཕྲོས་མྱོང་། །
སོ་སྐྱེས་སེམས་ངོར་སྣང་བའི་སེམས་དཔའ་མཆོག་གིས། །
མཛད་པའི་འཕྲིན་ལས་འདི་ལྟར་བྲིས་པས་མི་ཚར། །
རྒྱལ་ཆེན་སྡེ་བཞི་མཚོན་པའི་སྙན་ངག་ཚིག་བཞིས། །
སྐུ་ཡི་གྱ་སྟོན་བསུ་བས་སྐྱེས་སུ་ཕུལ་ལོ། ། ____________________ བོད་ཤིང་མོ་ལུག་གི་ལོའི་ཟླ་༦ཚེས་༢༡ལ་མཐའ་གྲུབ་པར་བྱས།

༈ དུས་ཀྱི་ཐུབ་པ་ཆེན་པོ།
_____/ མདུད་པ་ནག་པོ།
ཞི་བདེའི་གསེར་ཡིག་འབྲི་བའི་དེད་དཔོན་ཞིག།
མིག་ཟུང་རྒྱང་ལ་གཏད་དེ་གཤོག་པ་བརྐྱངས།།
ཉི་མའི་ཁྲི་གདུགས་དཀར་བོ་བོད་ལ་ཕུགས།།
དུས་ཀྱི་ཐུབ་པ་མཆོག་ལ་གསོལ་བ་འདེབས།།
སེམས་པ་གངས་རི་བཞིན་དུ་དཀར་བ་ཞིག།
མཛའ་མཐུན་རྨི་ལམ་བཞིན་དུ་ཡག་པ་ཞིག།
དགོངས་གྲངས་བརྒྱུད་ཅུར་ལོན་པའི་དབུ་མ་པ།།
དྲང་སྲོང་བདེན་པར་སྨྲ་ལ་གསོལ་བ་འདེབས།།

གངས་ཀྱི་དར་ཆ་བསྒྲེངས་བའི་རྒན་པོ་ཞིག།
མིག་ཆུ་ནག་པོའི་ནང་གི་བོད་འདིས་དྲན།།
ཁྱེད་ནི་ཡིད་ཀྱི་དྲན་པ་དམར་བོ་ཡིན།།
ཁྱེད་ནི་སྨོན་ལམ་ཞིག་གི་གསོལ་འདེབས་ཡིན།།

དེ་ནི་སྙིང་གཏམ་ཞིག་གི་རྟོགས་བརྗོད་ཡིན།།
དེ་ནི་དད་པ་ཞིག་གི་སྔོན་འགྲོ་ཡིན།།
དེ་ནི་ན་ཟུག་ཅིག་གི་མེ་དཔུང་ཡིན།།
དེ་ནི་མནར་གཅོད་ཅིག་གི་གོ་རིམ་ཡིན།།
དེ་ལ་འོད་ཀྱི་ཆོ་ལོ་བསྲང་དགོས་ཏེ།།
རྒྱ་གཅེས་དཔའ་བོ་ཡོངས་ཀྱི་གླེགས་བམ་ཡིན།།
དེ་ལ་གངས་ཀྱི་དར་ཆ་འགྲེང་དགོས་ཏེ།།
དེ་ནི་རང་དབང་ཞིག་གི་རྩོད་ལེན་ཡིན།། ༢༠༡༥ ༦ ༡༥ ཉིན་རྨ་དྲོ་དྲོ་ལུ་གུའི་མཁའ་ཁུག་ནས།

༈ དུས་ཀྱི་ཐུབ་པ་ཆེན་པོ།
_____/སྐར་འཕྲིན།

མི་ལོ་གང་མང་ཞིག་གི་ལམ་ཁ་ནས། །
དཀའ་སྡུག་ཕྲག་ཏུ་ཁུར་བའི་སེམས་ཤིག །
རང་ཡུལ་བསྐྱུར་ནས་གཞན་ཡུལ་འགྲིན་པ་སྟེ། །
ཡ་རབས་འབངས་མི་ཞིག་གི་སྤྱི་དོན་ཡིན། །
དཀར་ནག་མི་རིགས་མང་པོའི་སྔ་སོ་རུ། །
མིག་གིས་གཏད་སའི་བདེན་སྨྲ་གཅིག་པུ་དེར། །
མཐོ་སྒང་བོད་པ་ཚང་གི་ལྷ་ཕྲུག་ཞིག །
བདེན་པའི་མཚན་སྙན་གོ་ལ་རྩེ་རུ་གྲགས། །
དགུང་གྲངས་བརྒྱད་ཅུར་ལོན་པའི་སྐྱེས་བུ་ཞིག །
མཚན་ལ་ལྷ་མོ་དོན་འགྲུབ་ཞེས་སུ་འབོད། །
དུས་མཐའི་སྟོན་པ་མི་ཡི་ཤ་གཟུགས་ཅན། །
དྭ་ཕྲུག་ཁྱུ་ཚོགས་ཤིག་གི་ཕ་ཡབ་ཡིན། །
འཚེ་མེད་ཞི་བའི་ལམ་བཟང་ཕྲག་ཏུ་བཞེས། །
མི་རིགས་འདྲ་མཉམ་ལྟ་བ་འཚོལ་སྙེགས་པོ། །
སྐྱེས་མཆོག་བདེན་དོན་སྨྲ་བ་སྟོན་པའི་སྲས། །
འཛམ་གླིང་དེད་དཔོན་ཆེ་པོ་མཚན་ཡང་གསོལ། །

འཛམ་གླིང་ནོར་ཝའི་ཟེངས་རྟགས་ཁྱེད་ཀྱིས་བླངས། །
སྡིག་མེད་དཀར་ཟས་ཟེངས་རྟགས་ཁྱེད་ཀྱིས་ཐོབ། །
འདྲ་མཉམ་དབུ་མའི་ལམ་ཁ་བཟང་པོ་ཞིག །
དུས་ཀྱི་ཐུབ་པ་ཁོང་གི་བཞེད་དོན་ཡིན། །

སྐུ་ཡི་གྱ་སྟོན་ཁྲི་ལོ་བརྟན་པར་ཤོག །
གསུངས་ཀྱི་གྱ་སྟོན་ཆོས་འཁོར་རྒྱུན་མི་ཆད། །
ཐུགས་ཀྱི་གྱ་སྟོན་བཞེད་དོན་ལྷུན་གྱིས་འགྲུབ། །
སྐུ་གསུངས་ཐུགས་ཀྱིས་མཛད་འཕྲིན་རྒྱས་པར་ཤོག ། 2015/6/20 ཉིན།

༈དུས་ཀྱི་ཐུབ་པ་ཆེན་པོ།
_____/གསེར་འཇམ།
ཤཱཀྱའི་རྣམ་སྤྲུལ་རྒྱལ་བ་སྐུ་འཕྲེང་བྱོན།།
འགྲོ་བའི་ཆེད་དུ་རྒྱལ་བ་རིམ་ལྟར་གནས།།
ད་ལྟའི་རྒྱལ་དབང་སྐུ་འཕྲེང་བཅུ་བཞི་ཁྱེད།།
འཛམ་གླིང་ཆོས་ཀྱི་རྒྱལ་པོ་སྐུ་ཉིད་ལགས།།

ཕ་མ་ཟུང་ལ་བརྟེན་ཏེ་མི་ཡུལ་བྱོན།།
ཤ་རུས་ཁྲག་སོགས་བོད་ཀྱི་རིགས་སུ་འཁྲུངས།།
བྱམས་དང་སྙིང་རྗེ་སེམས་ཅན་ཡོངས་ལ་གཟིགས།།
བྱེ་བྲག་བོད་མིའི་སྐྱིད་སྡུག་ཐུགས་སུ་བཞེས།།
རབ་བྱུང་བཅུ་དྲུག་གཅིག་དགུ་གསུམ་ལྔ་ལོར།།
མདོ་སྨད་སྐུ་འབུམ་སྟག་འཚེར་ས་རུ་སྐྱེས།།
གཅིག་དགུ་བཞི་བཅུར་གསེར་ཁྲི་མངའ་གསོལ་བཞེས།།
དེ་ནས་བོད་ཀྱི་ཆོས་སྲིད་བདག་པོར་གྱུར།།
ཡུལ་ནས་སྡོད་དབང་མ་ཡོད་རྒྱ་གར་ནས།།
བཙན་བྱོལ་བོད་མི་ཀུན་དང་མཉམ་གཅིག་ཏུ།།
རྒྱ་གར་དྷ་རམ་སར་ནས་གཞིས་སྡོད་ཆགས།།
གངས་ཅན་བཙན་གཞིས་གཉིས་ཀ་ཐུགས་ཀྱིས་འཆང་།།
ཆོས་ཀྱི་འཁོར་ལོ་ཕྱོགས་རིས་མེད་པར་སྤེལ།།
གཞུང་བརྒྱའི་དཀའ་གནད་གྲུབ་མཐའ་རིས་མེད་གདམས།།
བདེན་པའི་གནས་ལུགས་དབུ་མའི་ལམ་ནས་གསུངས།།
ཁྱེད་ནི་དུས་ཀྱི་ཐུབ་པ་ཁོ་ན་ཡིན།།
ལུས་རྟེན་བོད་མི་ཞིག་གི་གཟུགས་སུ་འཁྲུངས།།
མཛད་འཕྲིན་ས་ཡི་གོ་ལའི་སྒང་ལ་ཁྱབ།།
དུས་ཀྱི་དབང་གི་ཐུབ་པ་ཆེན་པོ་ཁྱེད།།
མུན་པ་སེལ་བའི་སྒྲོན་མེ་རྡོག་པོ་ཡིན།།
སྙིང་རྗེ་ཆེན་པོའི་བདག་ཉིད་ཐུབ་པ་ཁྱེད།།
བོད་མི་རེ་རེའི་མིག་གི་ནོར་བུ་ཡིན།།
སྐུ་ཡི་གྱ་སྟོན་བསུ་བའི་དུས་ཚིགས་འདིར།།
གུས་པ་བདག་གི་དད་སེམས་རྣམ་དག་ཕུལ།།

བརྒྱད་ཅུར་སོན་པ་གཞོན་པའི་ཚུལ་འཆང་བ།།
སྐུ་ཚེ་ཡུན་དུ་བཞུགས་པའི་རྟེན་འབྲེལ་ལེགས།།
དྲང་པོར་གླེང་བའི་གཏམ་གྱི་ཟུར་ཁ་འདི།།
སྐུ་ཡི་གྱ་སྟོན་བསུ་བའི་ཁ་བཏགས་ཙམ།། 2015.6.21

One Response

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།