ཀུན་གཟིགས་༧པཎ་ཆེན་སྐུ་འཕྲེང་བཅུ་བ་མཆོག་གི་བཀའ་སློབ།

མི་རིགས་རང་གི་སྐད་དང་ཡི་གེ་མ་ཤེས་ན་མཐའ་མར་མི་རིགས་འདི་འཇིག་ཏུ་འཇུག་ངེས་རེད། དེའི་ཕྱིར་རང་གི་སྐད་ཆ་བཤད་དགོས་པ་དང་། རང་གི་བོད་ཡིག་སློབ་དགོས། རྨང་གཞི་འདིའི་སྟེང་ནས་རྒྱ་ཡིག་ཀྱང་ཁྲིད་དགོས།དཔེར་ན།

ངེད་ཅག་གི་པཎ་ཆེན་སྐུ་རབས་དགུ་བ་རྒྱ་གར་དུ་བཞུགས་པའི་སྐབས་ཤིག་ལ། ཁོང་གི་རྗེས་འབྲང་བ་ཞིག་གིས་ཕྱི་གླིང་བའི་དགེ་རྒན་གྲགས་ཅན་ཞིག་ལ་ཁོས་འཇར་མན་གྱི་སྐད་ཡིག་སློབ་པའི་རེ་བ་ཞུས་པ་ན། དགེ་རྒན་དེས་ཁོང་ལ། ཁྱེད་རང་གི་བོད་ཡིག་གི་ཆུ་ཚད་ནི་ཅི་འདྲ་ཡིན་ནམ་ཞེས་དྲིས་པ་ལ།

ཁོང་གིས་ངས་བོད་ཡིག་མི་ཤེས་ཞེས་ལན་བཏབ། དགེ་རྒན་དེས་ཁྱོད་ནི་ཧ་ཅང་ངོ་ཚ་རྒྱུ་མི་འདུག་གམ། མི་རིགས་རང་གི་ཡི་གེ་མི་ཤེས་པ་ནི་ཤིན་ཏུ་ངོ་ཚ་བའི་བྱ་བ་ཞིག་རེད། ཁྱོད་ཕྱིར་སོང་ནས་བོད་ཡིག་ལེགས་པོ་སྦྱང་ཕྱིན་སླར་ཡོང་ནས་འཇར་མན་གྱི་ཡི་གེ་སྦྱོང་ཆོག་ཅེས་བཤད་མྱོང་ཟེར། དེ་ནི་བཙན་རྒྱལ་རིང་ལུགས་པ་ཞིག་གིས་པཎ་ཆེན་དགུ་བའོ་སྐུ་འཁོར་ལ་བཤད་པ་ཞིག་རེད། ད་སྐབས་ང་ཚོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་སུ་ཐོན།རང་གི་ཡི་གེ་མི་ཤེས་པ་ནི་ཆེས་ངོ་ཚ་རྒྱུ་ཞིག་རེད་དེ། ཚང་མས་རང་གི་སྐད་དང་ཡི་གེ་ཤེས་དགོས།

ང་ཚོའི་རྒྱལ་ཁབ་ལ་བཤད་ན་རྒྱ་ཡིག་ནི་གཙོ་བོ་རེད། དེར་བརྟེན་བོད་ཡིག་བསླབས་པའི་རྨང་གཞིའི་འཕྲོར་རྒྱ་ཡིག་ཀྱང་ཤེས་དགོས་པ་མ་ཟད།ད་དུང་ཕྱི་གླིང་བའི་ཡི་གེའང་ཤེས་དགོས།རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་དང་རོགས་རམ་འོག  ཁྱོད་ཚོས་བྱ་བ་བཟང་བོ་བསྒྲུབ་དགོས། རྒྱུ་ནོམ་འཕྲོ་བརླག་གཏོང་མི་ཉན། དགོན་པ་ལ་ཕན་པའོ་བྱ་བ་སྒྲུབས། ད་སྐབས་ཁྱོད་ཚོར་ཡོད་པའི་རིག་རྫས་རྩ་ཆེན་སྲུང་སྐྱོབ་བྱས་ཐུབ་ཡོད། འདི་ནི་ཤིན་ཏུ་བཟང། ངེད་ཀྱང་དགའ་བ་མ་ཟད། མི་དམངས་ཀྱིས་ཀྱང་བཟང་ཟེར་ངེས་རེད། ཏང་གིས་ཀྱང་བཟང་ཟེར་ངེས་ཡིན། ཡིན་ནའང་རིག་རྫས་དེ་དག་ད་དུང་མུ་མཐུད་དུ་སྲུང་སྐྱོབ་བྱ་དགོས་ལ་འཕེལ་རྒྱས་སུ་གཏོང་དགོས།

བོད་རིགས་ཀྱི་རིག་གནས་སློབ་གསོའི་ལས་དོན་གོང་དུ་སྤེལ་རྒྱུ་ནི། མི་རིགས་ཁོངས་རང་སྐྱོང་གི་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པའི་དགོས་མཁོ་ཡིན་པ་མ་ཟད། ཁྱད་པར་དུ་མི་རིགས་ཀྱི་འཇོན་ཐང་ཇེ་མཐོར་གཏོང་བའི་གནད་འགག་ཀྱང་ཡིན། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།