ཨ་ཕ་ལགས།

ཟླ་གཞོན།    བོད་འབྱོར།

ཨ་ཕ་ལགས། ཡོད་ཚད་རྨི་ལམ་བཞིན།

དུས་ཚོད་ཀྱིས་ང་ལ་བརྡབ་གསིག་གཏོང་གིན་འདུག

ཕྱིར་དྲན་གྱིས་སེམས་ཁ་གཅུན་ཞིང་འོང་།

ངའི་མི་ཚེ་ཡི་རྣང་ཞིང་ན་ནེམ་ནེམ་འཁྱིལ་བའི་ལྗང་མྱུག་དེ།

ཁྱེད་ཀྱི་བརྩེ་བར་བརྒྱུས་པའི་བྱང་སེམས་དཀར་བོ་ཡིན།

ངའི་མི་ཚེ་ཡི་སྤང་གཞོང་ན་འཁྱུག་གེར་བཞད་པའི་མེ་ཏོག་དེ།

ཁྱེད་ཀྱི་གསུང་ཚིག་སྦྲུམ་པའི་གཏམ་རྒྱུད་ཟབ་མོ་ཡིན།

ཨ་ཕ་ལགས། ཨ་ཕ་ལགས།  ཁྱེད་རང་གང་ན་བཞུགས།

ཁྱེད་མེད་པའི་ལོ་ཟླ་ཅི་འདྲའི་རིང་ལ།

ཁྱེད་མེད་པའི་ནམ་ཟླ་ཇི་འདྲའི་འཁྱག་ཨང་།

ཨ་ཕ་ལགས། ཨ་ཕ་ལགས། ཡོད་ཚད་སྟོན་ལོ་བཞིན།

འཁྲེང་ཞེན་གྱི་རྐང་རྗེས་རླུང་བུས་འཁྱེར་གྱིན་འདུག

འགྲུལ་བཞུད་ཀྱིས་ལོ་ཟླ་ཟད་ཅིང་རྒྱུ།

ངའི་མི་ཚེ་ཡི་མཁའ་དབྱིངས་ན་ལམ་ལམ་འཚེར་བའི་ཉི་འོད་དེ།

ཁྱེད་ཀྱི་བརྩེ་བའི་ཐུགས་སུ་མངོན་པའི་བྱམས་བརྩེ་ཡིན།

ངའི་མི་ཚེ་ཡི་བཞུད་ལམ་ན་ལྷོག་ལྷོག་འཕྱུར་བའི་དྲོད་ཁོལ་དེ།

ཁྱེད་ཀྱི་ལས་འབྲས་མཐའ་རུ་བསྐྱངས་པའི་རྣམ་ཤེས་ཡིན།

ཨ་ཕ་ལགས།  ཨ་ཕ་ལགས།  ཁྱེད་རང་གང་ན་བཞུགས།

ཁྱེད་མེད་པའི་ལོ་ཟླ་ཅི་འདྲིའི་རིང་ལ། ཁྱེད་མེད་པའི་ནམ་ཟླ་ཅི་འདྲའི་འཁྱག་ཨང་།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།