༄༅། །རྒྱལ་དབང་པདྨ་ཀ་རའི་སྤྲུལ་བ་སྙིག་དུས་བསྟན་འགྲོའི་མགོན་སྐྱབས་ཆོས་རྗེ་ཡིད་བཞིན་ནོར་བུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་སྡེའི་ཕྱི་ནང་གསང་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་ནས་ཚུར་མཐོང་གི་སྣང་ཚུལ་ལས་ཆེ་ལོང་ཙམ་བསྟོད་པ་རབ་འབྱམས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ།

ཐུགས་བསྐྱེད་རྡོ་རྗེའི་ལྷུན་པོ། །མི་འགྱུར་དུས་སུ་སྨིན་པའི། །
མཁན་སློབ་ཆོས་གསུམ་འཛོམས་ནས། །བྱིན་རླབས་ཆར་བ་འབེབས་ས། །

འཕགས་མཆོག་སྤྱན་རས་གཟིགས་དབང་། །རྒྱལ་བློན་དགེ་བའི་བཤེས་གཉེན། །
གང་འདུལ་སྤྲུལ་བའི་རོལ་གར། །བསྟན་འགྲོའི་མགོན་སྐྱབས་མཛད་ས། །
ཆོས་རྒྱལ་མེས་དབོན་རྣམ་གསུམ། །སྔོན་བྱོན་སྤྲུལ་བའི་པཎ་གྲུབ། །
དཀའ་བ་བརྒྱ་ཕྲག་བསྒྲུབས་པའི། །གངས་ལྗོངས་ཆོས་ཀྱི་རྒྱལ་ཁམས། །

བྱམས་བརྩེ་ངོ་ཚ་ཁྲེལ་ཡོད། །ཡ་རབས་སྤྱོད་བཟང་འཛོམས་པའི། །
མདོ་ཁམས་ནོར་འཛིན་ཐིག་ལེ། །དབལ་ཤུལ་གསེར་རྟའི་ལྗོངས་ན། །

བསྐལ་བཟང་སངས་རྒྱས་སྟོང་ལས། །པད་དཀར་ལྟ་བུར་བསྔགས་པའི། །
སྟོན་མཆོག་ཤཱཀྱའི་རྒྱལ་པོའི། །ལུང་རྟོགས་བསྟན་པའི་མངའ་བདག །

འཛམ་གླིང་མཁས་གྲུབ་བྱེ་བའི། །ཚད་མའི་ལུང་གིས་ཟིན་པའི། །
ཆོས་རྗེ་ཡིད་བཞིན་ནོར་བུ། །འཇིགས་མེད་ཕུན་ཚོགས་འབྱུང་གནས། །

བགྲང་བྱ་བཅུ་ཕྲག་སྔོན་ནས། །ཁྱོད་སྐུ་དཔག་བསམ་ལྗོན་པ། །
མཐོང་བར་བརྩོན་པ་མང་ཡང་། །མཇལ་རྒྱུའི་སྐལ་བ་མ་བྱུང་། །

ཁྱོད་ཡོན་མཁྱེན་བརྩེ་ནུས་པས། །སྙིག་མའི་རྒུད་པ་སེལ་ཞིང་། །
རྫོགས་ལྡན་མགྲོན་དུ་བཀུག་པས། །མཛད་འཕྲིན་ས་ཆེན་ཁྱབ་སོང་། །

སྐལ་བཟང་གདུལ་བྱའི་ཞིང་སར། །དམ་ཆོས་ཆར་ཆེན་ཕབ་ནས། །
དགེ་བཅུའི་འབྲས་བུ་སྨིན་པས། །མཛད་འཕྲིན་ས་ཆེན་ཁྱབ་སོང་། །

རྩོད་རིགས་གནམ་ལྕགས་ཐོག་གིས། །ལྟ་ལོག་བྲག་རི་བསྙིལ་ཞིང་། །
རྒྱལ་བསྟན་དག་ཐེར་མཛད་པས། །མཛད་འཕྲིན་ས་ཆེན་ཁྱབ་སོང་། །

ལུགས་གཉིས་བླང་དོར་གསར་བའི། །ལེགས་བཤད་བསྟན་བཅོས་གྲངས་མེད། །
བསྟན་འགྲོའི་དོན་དུ་བརྩམས་པས། །མཛད་འཕྲིན་ས་ཆེན་ཁྱབ་སོང་། །

ད་ལྟའི་ཆེར་རློམས་ཕལ་ཆེར། །ཕྱོགས་ལྷུང་གདོན་གྱི་དབང་གིས། །
མཐོ་མཐོ་ཆེ་ཆེའི་ངང་དུ། །རང་དོན་ཁོ་ན་སྒྲུབ་དུས། །

མགོན་ཁྱོད་བྱམས་བརྩེའི་འཕྲུལ་གྱིས། །རིས་མེད་རྒྱལ་བསྟན་སྤེལ་ནས། །
གདུལ་བྱ་སྨིན་གྲོལ་བཀོད་པས། །མཛད་འཕྲིན་ས་ཆེན་ཁྱབ་སོང་། །

བདག་འདྲའི་ཆོས་པ་མང་པོས། །བསླབ་ཁྲིམས་ཁྱད་དུ་བསད་ནས། །
ཁོ་བོ་ལྟ་བ་མཐོ་ཞེས། །རང་མགོ་རང་གིས་བསྐོར་ཀྱང་། །

ཐོས་བསམ་གྲུབ་པའི་དབང་ཕྱུག །མགོན་ཁྱོད་བསླབ་ཁྲིམས་གཙང་ཞིང་། །
འདུལ་བའི་ཉམས་ལེན་ཞིབ་པས། །མཛད་འཕྲིན་ས་ཆེན་ཁྱབ་སོང་། །

ཁྱིམ་པས་གྲྭ་ཆས་གྱོན་ཞིང་། །གྲྭ་བས་སྐྱ་གོས་གྱོན་ནས། །
སྐྱ་སེར་ཐོབ་ཐང་འདྲ་མཉམ། །ཤི་གསོན་དད་ཟས་སྤྱོད་དུས། །

ཕྱོགས་རིས་མིག་ཅན་མང་པོས། །རྙིང་མར་རབ་བྱུང་མེད་ཅེས། །
བསྟན་པར་སྐུར་བ་བཏབ་ནས། །ཆོས་སྤངས་ལས་ངན་བསགས་དུས། །

རབ་བྱུང་ངུར་སྨིག་སྡེ་དང་། །གོས་དཀར་ལྕང་ལོའི་སྡེ་གཉིས། །
མ་འདྲེས་སོ་སོར་དགོས་ཞེས། །སེང་གེས་གད་རྒྱང་བསྒྲགས་སོང་། །

བློ་ཆུང་ཐོས་ཉུང་མང་བོས། །གསར་རྙིང་ཆོས་ལུགས་འགལ་ཞེས། །
ཆགས་སྡང་རླ་ཀླུང་ཁྲོད་ནས། །རྒྱལ་བསྟན་ཧབ་ཐོབ་བྱེད་དུས། །

གདུལ་བྱའི་ཁམས་དབང་འཚམས་པའི། །རྒྱལ་བའི་ལུང་རྟོགས་བསྟན་ལ། །
ནང་འགལ་ཡོད་དོན་མེད་ཅེས། །སེང་གེས་གད་རྒྱང་བསྒྲགས་སོང་། །

གངས་ལྗོངས་ཆེར་རློམས་འགའ་རེས། །ཆོས་སྲིད་བསྟན་པ་སྣུབ་དུས། །
མགོན་ཁྱོད་འཆད་རྩོད་རྩོམ་གྱིས། །ཆོས་སྲིད་རྒྱལ་མཚན་བསྒྲེངས་སོང་། །

སྐལ་བཟང་སྐྱེ་འགྲོ་ཡོངས་ཀྱིས། །ཆོས་རྗེ་ཡིད་བཞིན་ནོར་བུ། །
བསྙེན་བཀུར་བཀའ་བསྒྲུབ་ཀྱིས་དང་། །འདི་ཕྱིའི་དོན་ཀུན་འགྲུབ་ཡོང་། །

རིས་མེད་ཁམས་གསུམ་སེམས་ཅན། །ཐུགས་རྗེ་ལྕགས་ཀྱུས་འདྲེན་པའི། །
ཆོས་རྗེ་ཡིད་བཞིན་ནོར་བུ། །འཇིགས་མེད་ཕུན་ཚོགས་འབྱུང་གནས། །

མཁའ་ཁྱབ་འགྲོ་བའི་མགོན་དུ། །ཞབས་པད་རྡོ་རྗེའི་ལྷུན་པོ། །
ནམ་མཁའ་བཞིན་དུ་བརྟན་ཞིང་། །དམ་ཆོས་འཁོར་ལོ་སྐོར་ཅིག །

མཆོག་གསུམ་ཆོས་ཉིད་བདེན་མཐུས། །ཆོས་རྗེ་ཡིད་བཞིན་ནོར་བུའི། །
སྐུ་ཚེ་ཡུན་དུ་བརྟན་ཞིང་། །གང་བཞེད་འགྲུབ་པའི་སྨོན་ལམ། །ཞེས་འཕགས་ཡུལ་དགའ་ཤར་སོག་པས་སློབ་གཉེར་བ་ཚུལ་ཁྲིམས་འོད་ཟེར་གྱིས་བོད་རྒྱལ་ལོ་༢༡༢༧་ལོའིོ་བོད་ཟླ་༡་ཕྱི་མའི་ཚེས་༡༢་ཉིན། ཕྱི་ལོ་༢༠༠༠་ལོའི་ཟླ་༣་ཚེས་༡༧་ཉིན་གྲུབ་པར་བགྱིས་པ་དགེའོ།། །།སརྦ་མངྒ་ལཾ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།