༄༅། །རང་གི་མི་ཚེར་གཞིག་པའི་མགུར།

རྗེ་མི་ལ་ཁོང་དགོན་པའི་གནས་ནས་བསྡད། །
མགུར་བཅད་མ་ཡིས་ཆོས་འཁོར་འགྲོ་ལ་གསུངས། །
ཡིད་ཚོགས་དྲུག་གི་སྣང་བ་སྦད་དེ་བཅད། །
ཚུལ་དེ་དོན་ལ་བསམ་ན་བདེ་བདེ་ཞིག །

ལྷ་ངང་དཀར་གྱི་བུ་མོ་དབྱངས་ཅན་མ། །
བདག་གུས་ཆུང་གི་མགྲིན་པར་བཞུགས་སུ་གསོལ། །
དོན་དགེ་ལེགས་ཀྱི་རི་མོ་འབྲི་འདོད་པས། །
གཏམ་མགུར་གླུ་འགའ་སྣང་བའི་གཞི་ལས་ཤོར། །

ལོ་གཅིག་གཉིས་ཀྱི་ཉི་མ་རྩེ་ཤར་ལ། །
གོས་ཨ་འཇམ་གྱིས་གཡོག་ནས་ཕ་མས་གཉོར།།
ཟས་སྦྲང་དཀར་དང་མར་ལོས་གསོས་པ་ཡི། །
བུ་ང་འདྲ་ནི་ཕ་མའི་སྲོག་མིག་ཡིན། །

དེང་འཁོས་ཆུང་གི་སེམས་པ་སྨྲེང་ནས་གདའ། །
ཡིད་ཡོལ་གོ་ལ་ཆུ་ཕྲན་འཁྱིལ་ནས་གདའ། །
དཔྲལ་སྨིན་མཚམས་ལ་ཆུ་སྣེ་ཐོན་ནས་གདའ། །
མིག་ཁྲ་ཆུང་ལ་རི་མོ་བྲིས་ནས་ཡོད། །

སྡེ་བཙན་ཕྱུག་ཚོ་ང་རང་སྐྲག་ས་ཡིན། །
རྒྱུ་དབང་ལྡན་ཚོ་ཨ་འགྲིག་ཆ་འགྲིག་རེད། །
ཕྱི་ཆ་འགྲིག་ཅིག་ཨ་ཕོའི་མ་རྙེད་པས། །
ལོ་ཉེར་བརྒྱད་ལ་འཁོར་མེད་མྱི་རྐྱང་ལུས། །

གཏམ་ཀུ་རེ་འགའ་བཅད་མའི་དབྱངས་ལ་བསྐྱོན། །
སེམས་སྐྱོ་གདུང་གི་མཆི་མ་འདི་ཡིས་ཕྱིས། །
སྔོན་ཕ་མེས་ཀྱིས་བཞག་པའི་དབྱངས་རྟ་ལ། །
ཡིད་ཆགས་སྡང་གི་བླ་སྲོག་གསར་བ་སྦྱར། །

ས་ཕ་ཡུལ་གྱི་ཕ་ཡིག་འབྲི་མཁན་ཚོར། །
ངག་རྩ་རླུང་གི་མདུད་པ་གྲོལ་ཆེད་དུ། །
གཏམ་མགུར་ཐུང་འགའ་མཆན་དུ་བཏབ་པ་ཡིས། །
ནད་ཚ་བ་ཡི་གཉེན་ཙམ་ཡོང་བར་ཤོག །

ཕུན་བདེ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།