༄༅། །དབལ་ཤུལ་གསེར་རྟ་བླ་རུང་དགོན་ལྔ་རིག་ནང་བསྟན་སློབ་གླིང་གི་བསྟན་སྲིད་ཡོངས་རྫོགས་ཀྱི་བདག་པོ་མཁན་ཆེན་དམ་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་བོའི་རྣམ་པར་ཐར་པ་མདོར་བསྡུས་སུ་བརྗོད་པ་གཟུར་གནས་རྣ་བའི་བདུད་རྩི།

སྤྱིར་བཏང་ནས་བཤད་ན་རྣམ་ཐར་ཞེས་པ་ནི་རྗོད་བྱེད་ཀྱི་དབང་དུ་བྱས་ན་སྐྱེས་བུ་དམ་པའི་མཛད་སྤྱོད་སྟོན་པའི་གཞུང་ངམ་བསྟན་བཅོས་ཤིག་ལ་གོ་དགོས་པ་འདྲ། དེ་ཡང་ཐོག་མར་སྐྱེས་བུ་དམ་པ་ཞེས་པའི་མིང་ཚིག་འདིའི་གོ་དོན་ཤེས་དགོས་པས་སྐྱེས་བུ་དམ་པ་ཞེས་པ་ནི་འགྲོ་དོན་ཆེན་པོ་བྱེད་པའི་ནུས་པ་ཡོད་མཁན་ཞིག་ལ་ཟེར་བ་ཡིན། དེ་ལྟ་བུའི་གང་ཟག་ཞིག་གི་རྣམ་པར་ཐར་པ་འབྲི་བཤད་བྱེད་པ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡེ་ཚན་གཉིས་སུ་དབྱེ་དགོས་པ་ནི་ཁོ་བོ་ལ་མཚོན་ན་གནད་འགག་ཅིག་ཏུ་མཐོང་གིན་ཡོད་ལ་དོན་ལ་ཡང་གནས་པར་སྙམ། དེ་བཞིན་དུ་སྙིགས་དུས་བསྟན་པའི་གསལ་བྱེད་ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་བོ་མཆོག་གི་རྣམ་པར་ཐར་པ་ལ་ཡང་། རྒྱལ་བ་རྡོ་རྗེ་འཆང་གི་སྤྱན་སྔར་བྱང་ཆུབ་སེམས་དཔའ་ཡེ་ཤེས་སྙིང་བོ། མཉམ་མེད་ཐུབ་པའི་དབང་བོ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་བྱོན་པའི་སྐབས་སུ་སྐྱེ་དགུའི་བདག་མོ་དང༌།  བོད་ཁ་བ་གངས་ཅན་གྱི་ཡུལ་དུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་སྤེལ་བར་མཛད་པའི་ཚེ་གྲུབ་ཆེན་ཉེར་ལྔའི་ནང་ཚན་སྣ་ནམ་རྡོ་རྗེ་བདུད་འཇོམས། ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་དང་། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་སོགས་དང་། དེ་བཞིན་དུ་དཔའ་བོ་ཆོས་དབྱིངས་རྡོ་རྗེའི་གཏེར་ལུང་ལས་ཀྱང་། སྔོན་ཚེ་རྒྱ་གར་འཕགས་པའི་ཡུལ་དུ་དགྲ་བཅོམ་སཱ་གི་ལྷ་དང་། བོད་དུ་སློབ་དཔོན་སངས་རྒྱས་གཉིས་པའི་སྤྱན་སྔར་སྔགས་འཆང་རྡོ་རྗེ་བདུད་འཇོམས། དཔལ་ས་སྐྱ་བའི་བསྟན་པ་ལ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་སྤྱན་སྔར་མཁས་གྲུབ་དགེ་ལེགས་དཔལ་བཟང་། ཤར་མི་ཉག་གི་ཡུལ་དུ་མཁས་པ་ཀུན་བཟང་ཆོས་གྲགས་སོགས་འཕགས་བོད་ཀྱི་གྲུབ་བརྙེས་སྐྱེས་ཆེན་དུ་མའི་རྣམ་པར་བྱོན་པའི་ཚུལ་ལུང་དུ་བསྟན་པ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་པ་མཐའ་ཡས་པའི་སྒོ་ནས་གདུལ་བྱའི་དོན་མཛད་ཚུལ་མང་དུ་ཡོད་པ་ལས་འདིར་ནི། སྙིགས་དུས་བསྟན་པའི་གསལ་བྱེད་གཅིག་པུ་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་བོའི་རྣམ་ཐར་བསྡུས་པ་དད་པའི་གསོས་སྨན་ལས། འདིར་རང་ཅག་རྣམས་ཀྱི་ངོར་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་གྱི་ཚུལ་བཟུང་ནས་རང་གཞན་གྱི་དོན་མཛད་པའི་ཆ་ཤས་རྒྱ་མཚོ་ཆེན་པོ་ལས་སྐྲ་རྩེའི་ཐིགས་པ་བཞིན་ཅུང་ཟད་མཐོང་བ་དང་ཐོས་པ་དག་ལ་སྒྲོ་སྐུར་གྱི་ཟོལ་སྦྱོར་རྡུལ་ཙམ་ཡང་མེད་པར་གང་གི་རྣམ་པར་ཐར་པའི་ཆ་ཤས་མངོན་སུམ་གྱི་དགའ་སྟོན་དུ་ཐོབ་པའི་བློ་ལྡན་གཟུ་བོར་གནས་པ་མཐའ་ཡས་པ་དཔང་བོར་བྱས་ཏེ་མདོར་བསྡུས་པའི་སྙིང་བོ་ཙམ་ཞིག་བརྗོད་པར་བྱའོ།། ཞེས་གསུངས་པ་བཞིན་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པའི་རྣམ་ཐར་གཙོ་བོར་བཟུང་ནས་མདོར་བསྡུས་ཙམ་ལས། དང་བོ་གང་དུ་སྐུ་འཁྲུངས་པའི་གནས་ནི། པདྨའི་ལུང་བྱང་རབ་གསལ་འཕྲུལ་གྱི་མེ་ལོང་ལས། ད་ལྟ་སྔགས་པ་རྡོ་རྗེ་བདུད་འཇོམས་ཀྱི། །སྤྲུལ་བའི་སྐྱེས་བུ་ཁམས་ཕྱོགས་ཉག་གི་སྟོད། །ཆུ་ཆེན་གཡས་ཟུར་བྲག་རི་རྩེ་གསུམ་གྱི། །མདུན་དུ་བརྟུལ་ཞུགས་ཅན་གྱི་སྐལ་ལྡན་ནི། །འབྲུག་གི་ལོ་ཅན་ལས་རབ་གླིང་བ་ཞེས། །བླ་མེད་གསང་སྔགས་ལམ་ལ་གནས་པ་འབྱུང་། །དེ་ཡི་བཀའ་གཏེར་ཕལ་ཆེར་རེ་ཞིག་འདོན། །རྟེན་འབྲེལ་འབད་མེད་འགྲིགས་ན་དུས་ངན་གྱི། རྒུད་པ་བསལ་ཞིང་རིམ་གཉིས་བསྟན་པ་སྤེལ། །གཏེར་བདག་སྐྱེས་བུ་ཚེ་ཚད་བརྒྱད་ཅུ་གཅིག །གྲུབ་པ་བརྙེས་པའི་སྐལ་ལྡན་བདུན་ཕྲག་གཅིག །དེ་བཞིན་དངོས་གྲུབ་འབྲིང་ཐོབ་བརྒྱ་དང་ལྔ། །འབྲེལ་བ་ཐོབ་པ་སྟོང་ཕྲག་བཞི་རུ་འབྱུང་། །དེ་འོག་མདོ་ཁམས་སྨད་དུ་ཨ་ཡི་མིང་། སྡེ་སྣོད་འཛིན་པ་བྱ་ཡི་ལོ་བ་འབྱུང་། །བསྟན་པའི་གནས་ཚད་མི་ལོ་སྟོང་ཕྲག་གསུམ། །གྲུབ་མཆོག་མངོན་འགྱུར་རིག་འཛིན་བརྒྱ་ཕྲག་དགུ། །རྗེས་སུ་ཞུགས་པའི་རྣལ་འབྱོར་སྟོང་ཚོ་དྲུག །འབྲེལ་ཚད་སེམས་ཅན་ཁྲི་ཚོ་བདུན་དུ་འབྱུང་། །སྐྱེས་བུའི་ཚེ་ཚད་བརྒྱད་ཅུ་དྲུག་ཐོབ་འགྱུར། །དེ་འོག་དབུས་གཙང་ཕྱོགས་སུ་དཔལ་གྱི་མིང་། །སྟག་གི་ལོ་བ་ཚེ་ཚད་སུམ་ཅུ་གསུམ། །བསྟན་པའི་གནས་ཚད་མི་ལོ་ཉིས་བརྒྱ་བ། །གྲུབ་ཐོབ་མི་གསུམ་འབྲེལ་ཐོབ་སྟོང་ཞེ་བརྒྱད། །དེ་ཡི་ཕྱི་མ་མི་རབས་གསུམ་ཀྱི་རྗེས། །ཁམས་དབུས་མཚམས་སུ་འབྱོར་ལྡན་རིགས་སྐྱེས་པའི། །ལས་ཅན་འབྲུག་གི་ལོ་ཅན་ཐབས་ལ་མཁས། །རྡོ་རྗེ་ཐོགས་མེད་རྩལ་ཞེས་ངེས་པར་འབྱུང་། །ཟབ་གཏེར་ཐམས་ཅད་གེགས་མེད་ཚུལ་བཞིན་དབང་། །བསྟན་་དང་འགྲོ་བའི་དོན་ཆེན་སྤྱོད་པར་འགྱུར། །ས་མ་ཡཱ༔ ཞེས་དང་། དེ་བཞིན་དུ་ཆོས་རྗེ་མཆོག་གི་སྐུ་སྐྱེ་གོང་མ་གཏེར་ཆེན་ལས་རབ་གླིང་པའི་ལུང་བསྟན་ལས་ཀྱང་། གནས་མི་འགྱུར་ཆོས་ཀྱི་འབྱུང་གནས་སུ། །མདངས་མི་འགྱུར་གཡུ་ཡི་མཚོ་མོ་ལ། །རིགས་མི་འགྱུར་པདྨའི་སྡོང་པོའི་རྩེར། །སྔགས་སྣ་ནམ་སྤྲུལ་པའི་ཁྱེ་འུ་མཆོག།།ལོ་མི་འགྱུར་མཁའ་ལྡིང་བྱ་ལ་བལྟམས། །ལུས་མི་འགྱུར་ལག་མཐིལ་མཁའ་འགྲོའི་དལ། །ངག་མི་འགྱུར་སྡེ་སྣོད་རྒྱ་མཚོས་བརྒྱན། །སེམས་མི་འགྱུར་ཆོས་སྐུའི་རང་ངོ་འཕྲོད། །ཅེས་སོགས་མི་འགྱུར་བའི་རྟགས་བདུན་སོགས་ཀྱིས་ལུང་བསྟན་པ་དང་། ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཉིད་ཀྱིས་ལྗགས་རྩོམ་མཛད་པའི་འདན་སྲས་ཀྱི་རྟོགས་བརྗོད་ལས། ལྷ་ཨོ་རྒྱན་པདྨའི་ལུང་བྱང་ནི། །རབ་གསལ་འཕྲུལ་གྱི་མེ་ལོང་ལས་ཀྱང་། །གནམ་ལོ་བྱ་ལ་བབ་པ་ན། །མདོ་ཁམས་སྨད་ཀྱི་ས་ཆ་རུ། །མ་གླིང་བཟའ་གཡུ་ཡི་མཚོ་མོ་དང་། །ཕ་འདན་མ་པདྨའི་སྡོང་བོའི་རྩེར། །འདན་ལྷ་སྲས་སྤྲུལ་བའི་ཟློས་གར་བསྒྱུར། །སེམས་ཆོས་སྐུའི་རང་ངོ་འཕྲོད་ལེ་ཡོད། །ཆོས་སྡེ་སྣོད་རྒྱ་མཚོའི་དོན་ལ་མཁས། །སངས་རྒྱས་ཀྱི་བསྟན་པ་དེ་ཡིས་འཛིན། །བདུད་མུ་སྟེགས་དཔུང་ཚོགས་དེ་ཡིས་འཇོམས། །རྗེ་སེང་ཆེན་ཞབས་ཏོག་དེ་ཡིས་སྒྲུབ། །མ་འགྲོ་དྲུག་དག་ཞིང་འདྲེན་ནོ་གསུངས། །ཞེས་སོགས་འཁྲུལ་བྲལ་གཏེར་ལུང་དུ་མ་དང་། འབྱུང་འགྱུར་ལུང་བསྟན་ཚད་ལྡན་དག་ལས་མང་དུ་གསུངས་པ་ལྟར་བོད་རྒྱལ་ལོ་༢༠༦༠ རབ་བྱུང་བཅུ་དྲུག་པ། སྤྱི་ལོ་༡༩༣༣་དཔལ་གདོང་ཞེས་པ་ཆུ་བྱ་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་༣་ཉིན་མདོ་སྨད་ས་ཡི་ཐིག་ལེ་རྡོ་ཁོག་རྫི་མེད་ཆོས་ལྷས་སུ་ཡབ་ལྕགས་ཁུང་པད་ཏེ་དང་། ཡུམ་གནུབས་བཟའ་གཡུ་མཚོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། འཁྲུངས་པའི་ཚེ་ཡང་དབུ་གྱེན་དུ་ཕྱོགས་། སྐུ་དྲང་བོར་བསྲངས། སྤྱན་ནམ་མཁར་གཟིགས། ཕྲུ་མ་ཆོས་གོས་ཀྱི་ཚུལ་དུ་མནབས་ཏེ་ཞལ་ནས་རྗེ་བཙུན་འཇམ་དབྱངས་ཀྱི་སྙིང་བོ་ཨ་ར་པ་ཙ་ལན་བདུན་གསུངས་པ་སོགས་ངོ་མཚར་བའི་ལྟས་ཁྱད་དུ་འཕགས་པ་དང་བཅས་པ་སྒྲོན་ཚེ་ཞེས་པ་དང་། ཕྱིས་སུ་རྒྱ་གར་དུ་བསླེབས་པ་བརྩོན་སེང་སོགས་ཀྱིས་མངོན་སུམ་དུ་གྲུབ་པས་ཐམས་ཅད་ཡ་མཚན་པར་གྱུར།  དགུང་གྲངས་བདུན་ཙམ་ལ་ཕེབས་སྐབས་ཡི་གེའི་ཕྱི་མོ་ལ་བསླབ་ཚེ་ཀློག་ལེགས་པོ་ཤེས་དཀའ་བ་བྱུང་བ་ན་འཇམ་དཔལ་སྨྲ་བའི་སེང་གེ་ཞག་འགར་བསྒྲུབས་པ་ན་བྱིན་རླབས་ཀྱི་རྟགས་མཚན་ཐོབ་སྟེ་དེ་ནས་འཛིན་ཀློག་སོགས་ལ་ཐོགས་མེད་དུ་གྱུར།

དགུང་གྲངས་བཅུ་བཞི་བར་སོན་པ་ན་བྲག་རྫོང་མཁན་པོ་བསོད་ནམས་རིན་ཆེན་ལས་རབ་ཏུ་བྱུང་སྟེ་མཚན་ལ་ཐུབ་བསྟན་ལེགས་བཤད་བཟང་བོ་ཞེས་གསོལ། དགུང་གྲངས་བཅོ་ལྔ་བར་ཕེབས་པ་ན་ཀུན་མཁྱེན་བླ་མ་མི་ཕམ་རྒྱ་མཚོ་ལ་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་བསྙེན་སྒྲུབ་གནད་དུ་སྨིན་པ་མཛད་པས་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་ལ་ངེས་པ་གཏིང་ཚུགས་པ་འཁྲུངས་ཤིང་རིག་སྟོང་གཉུག་མའི་རང་ཞལ་མངོན་སུམ་དུ་མཐོང་སྟེ་སྤང་དང་རྟོགས་པའི་ཡོན་ཏན་གྱིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་སོ།།

དེ་ནས་ཆོས་རྗེ་དམ་པ་མཆོག་དགུང་གྲངས་བཅོ་བརྒྱད་པར་ཕེབས་པ་ན་རྫ་སྟོད་ལྕང་མ་སྒར་དུ་ཕེབས་ནས་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པའི་སྐྱེས་མཆོག་དམ་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཐུབ་བསྟན་ཆོས་འཕེལ་ལམ། མཁན་པོ་ཐུབ་དགའ་ཡིད་བཞིན་ནོར་བུ་མཆོག་གི་ཞབས་ཀྱི་པད་མོ་སྤྱི་བོར་བསྟེན་ཏེ། གྲྭ་རྐྱང་དཀྱུས་མའི་འཚོ་བ་ལྷུར་བླངས་ནས་མདོ་སྔགས་ཀྱི་གཞུང་ལུགས་སྤྱི་དང་། བྱེ་བྲག་ཏུ་གསང་ཆེན་སྔ་འགྱུར་བའི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་ནས་སློབ་གཉེར་རྡོ་རུས་ཐུག་པ་གནང་། དགུང་གྲངས་ཉེར་གཉིས་པར་མཁན་ཆེན་ཐུབ་དགའ་རིན་པོ་ཆེ་དེ་ཉིད་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཏེ་དགག་སྒྲུབ་གནང་གསུམ་གྱི་བཅས་པའི་མཚམས་ཕྲ་མོ་ཙམ་ལས་ཀྱང་འདའ་བ་མེད་པར་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་མིག་གི་འབྲས་བུ་བཞིན་བསྲུངས་ནས་ཁྲིམས་ལྡན་དམ་པའི་རྣམ་ཐར་བདག་གིར་བཞེས་ཏེ་འདུལ་བ་འཛིན་པའི་མངའ་བདག་ཏུ་གྱུར། གཞན་ཡང་རྫོགས་ཆེན་མཁན་པོ་ཡོན་ཏན་མགོན་པོ་ལས་ལྕེ་བཙུན་སྙིང་ཐིག་སོགས་དང་།  བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་ལས་སྙིང་ཐིག་ཡ་བཞིའི་དབང་དང༌། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོགས་སྔགས་ཕྱོགས་ཀྱི་སྐོར་དང་། སྤྲུལ་སྐུ་ནམ་མཁའ་འཇིགས་མེད་ལས་ཞི་ཁྲོའི་དབང༌དང་། བླ་མ་ཡང་ཏིག  མ་ཎི་བླ་མ་པདྨ་སིདྡྷི་ལས་ཁྲེགས་ཆོད་ཐོད་རྒལ་གྱི་གདམས་པ་དང༌། བར་དོའི་ཆོས་སྐོར། མཁན་པོ་ཨོ་རྒྱན་མགོན་པོ་ལས་འདུལ་ཊིཀ་ཉི་མའི་འོད་ཟེར་སོགས་འདུལ་བའི་སྐོར། མཁན་པོ་རྒྱ་མཚོ་ཚང་ལས་དབུ་མའི་སྐོར།  བླ་མ་ཚུལ་དགའ་རིན་པོ་ཆེ་ལས་མཛོད་ཀྱི་བཤད་རྒྱུན་དང༌། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཀླག་ལུང༌སོགས། ལྷ་སྤྲུལ་རིན་པོ་ཆེ་ལས་ཕར་ཕྱིན་དང་ཚད་མ། སྐར་རྩིས་སོགས་མདོ་ཕྱོགས་དང་རིག་གནས་ཀྱི་སྐོར་གསན་བཞེས་མཛད་པ་སོགས་མང་ཐོས་རྒྱ་མཚོའི་ཕ་རོལ་ཏུ་སོན་ཏེ་མདོ་སྔགས་རིག་གནས་དང་བཅས་པ་སྨྲ་བ་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་བརྙེས་ནས་མཚན་སྙན་ཕྱོགས་སུ་རྒྱས་པ་ན་སློབ་མ་རྣམས་ཀྱིས་རྗེ་ཉིད་ཀྱི་རང་རྣམ་ཞིག་རྩོམ་དགོས་པར་བསྐུལ་བ་ན། ཆོས་རྗེ་མཆོག་གི་ཞལ་ནས། བདག་ལ་འབྲི་འོས་ཀྱི་རྣམ་ཐར་གཞན་མེད། བླ་མ་རྣམས་ཀྱིིིི་ཐུགས་ཟིན་པ་འདི་ངའི་མི་ཚེ་གང་བོའི་རྣམ་ཐར་ཆེ་ཤོས་ཡིན། ཞེས་གསུངས་པ་འདི་ནི་བདག་ལེགས་སུ་འདོད་པ་དག་གིས་ཡོན་ཏན་ཀུན་གྱི་འབྱུང་གནས་བླ་མ་ཡིན་པ་ཤེས་པར་བྱ་བའི་ཕྱིར་དུ་གདམས་པ་ཡིན་པས་གནད་ཀྱི་དོན་པོར་བཟུང་ནས་སྲོག་བཞིན་གཅེས་སུ་འོས་པར་རིགས་སོ།། དེ་ལྟར་གུས་རྟག་བརྩོན་པ་བརྒྱ་ཕྲག་གི་སྒོ་ནས་སྦྱང་བ་མཐར་ཕྱིན་གནང་ནས་གཞུང་ལུགས་རྒྱ་མཚོའི་དགོངས་དོན་འཆད་རྩོད་རྩོམ་གསུམ་བྱེད་པ་ལ་མི་འཇིགས་པའི་སྤོབས་པ་བརྙེས་ཏེ་དགུང་ལོ་ཉེར་བཞི་བཞེས་པ་ན་རང་ཡུལ་གསེར་རྟ་གནུབས་ཟུར་དགོན་གྱི་མཁན་ཁྲིར་ཕེབས་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་མང་བོར་འདུལ་ཊཱིཀ་ཉི་མའི་འོད་ཟེར་དང་། མཛོད་འགྲེལ་མངོན་པའི་རྒྱན་སོགས་གཞུང་ཆེན་བཀའ་པོད་ལྔ་དང་། སུམ་རྟགས་སྙན་ངག་སོགས་ལེགས་བཤད་ཀྱི་སྐྱེས་སུ་བསྟབས་ཏེ་མཁས་པའི་བྱ་བ་རྣམ་གསུམ་གྱིས་དུས་འདའ་བར་བྱས། དགུང་ལོ་ཉེར་དྲུག་པར་ཕེབས་པ་ན་མདོ་སྨད་སེངྒེ་ཡང་རྫོང་དུ་སྣོད་ལྡན་གྱི་སློབ་མ་མང་བོར་ཀློང་ཆེན་མཛོད་བདུན་གྱིས་མཚོན་མདོ་དང་སྔགས་ཀྱི་ཆོས་ཆར་ཕབ་པ་སོགས་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་ལ་རྩེ་གཅིག་ཏུ་གཞོལ་ཏེ་བསྟན་པ་ཕྱོགས་མཐར་སྤེལ། མཁན་ཆེན་མཆོག་གི་སྐུ་ཚེའི་སྟོད་ཀྱི་མཛད་པ་རྣམ་ཐར་གྱི་ཁྲོད་དུའང་གྲུབ་པའི་རྟགས་མཚན། ལྷ་དང་མཁའ་འགྲོའི་ལུང་བསྟན། དག་པའི་ཉམས་སྣང་བྱུང་བའི་སྐོར་ཇི་སྙེད་ཅིག་མཆིས་པ་རྗེ་ཉིད་ཀྱི་རྣམ་ཐར་དད་པའི་གསོས་སྨན་སོགས་སུ་གསལ། དེ་ནས་ཆོས་ལྡན་བོད་ཀྱི་རྒྱལ་ཁབ་ཆེན་པོ་འདི་ཆོས་མེད་ཀླ་ཀློའི་དམག་དཔུང་གིས་ཡ་ང་བའི་གཡུལ་ས་རུ་བསྒྱུར་ཏེ་མི་ལོ་བཅུ་ཕྲག་གཉིས་ཙམ་གྱི་རིང་བོད་ཁ་བ་གངས་ཅན་ལྗོངས་སུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལྟ་ཅི། མ་ཎི་ཙམ་ཡང་བགྲང་བའི་གོ་སྐབས་ཕྲོགས་པའི་སྐབས་སུ་མཁན་ཆེན་དམ་པ་ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་ཉིད་ཀྱང་ངེས་དོན་དུ་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ལ་དུས་ལས་ཡོལ་བ་མི་མངའ་ཡང་རེ་ཞིག་གཞན་དབང་སྟབས་བསྟུན་གྱིས་བཞུགས་དགོས་བྱུང་། ཕྱིས་སུ་རྒྱ་གཞུང་གིས་སྲིད་བྱུས་ཅུང་ཙམ་གུ་ཡངས་སུ་བཏང་སྟེ་ཡང་དར་རྒྱལ་བསྟན་གྱི་ཉི་མ་བསིལ་ལྡན་ཁ་བ་ཅན་གྱི་ཞིང་ཁམས་སུ་ཤར་བའི་སྐལ་བཟང་མངོན་དུ་གྱུར་པ་ན། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་མ་འོངས་ལུང་བསྟན་ལས། གསེར་རྔ་དམ་ལྷ་ཡི་བླ་ལུང་དུ། །དཔལ་ཨོ་རྒྱན་གྱི་སྤྲུལ་པ་འཇིགས་མེད་མཚན། །འཁོར་རྣམ་བཞིའི་བྱང་སེམས་སྡེ་ཚོགས་ལ། །ཆོས་མདོ་སྔགས་ཀྱི་བསྟན་པ་ཉི་བཞིན་གསལ། །ཁོང་འགྲོ་དོན་ས་བརྟན་སྤོ་ལ་རེག། འཁོར་དག་པའི་གདུལ་བྱ་ཕྱོགས་བཅུར་ཁྱབ། །དེར་འབྲེལ་ཀུན་བདེ་ཆེན་ས་ལ་འགོད། །ཅེས་གསུངས་པ་ལྟར་ཆོས་རྗེ་མཆོག་གི་ཐུགས་བསྐྱེད་ཟབ་མོ་དུས་སུ་སྨིན་ཏེ་ཕྱི་ལོ་༡༩༨༠ རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་ཟླ་བ་དྲུག་པའི་ཚེས་བཅུ་ལ། གྲུབ་པའི་དབང་ཕྱུག་ཆེན་པོ་གཏེར་ཆེན་བདུད་འཇོམས་གླིང་བའི་གདན་ས་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་དུ་ཕེབས་ནས་འཆད་རྩོད་རྩོམ་གསུམ་གྱི་སྲོལ་བཏོད། ཕྱི་ལོ་༡༩༨༣ ཙམ་ནས་ཤར་ཉེས་ཚོགས་རང་གྲོལ་གླིང༌། ལྷོ་འདོད་རྒུ་ཀུན་འབྱུང་གླིང༌། ནུབ་སྣང་སེམས་དབང་སྡུད་གླིང༌། བྱང་ཕྱོགས་ལས་རྣམ་རྒྱལ་གླིང༌། དབུས་དོན་གཉིས་ལྷུན་གྲུབ་གླིང་བཅས་གླིང་ཆེན་པོ་ལྔ་རུ་ཕྱེས། དེ་ནས་རིམ་གྱིས་བདུད་ལས་རྣམ་རྒྱལ་གླིང་ངམ་རྒྱལ་སྤྱིའི་ཆོས་སློབ་ཁང་། བཙུན་དགོན་སྐུ་གསུམ་མཁའ་འགྲོའི་འདུ་གླིང་། དེའི་ཉེ་འཁོར་དུ་ལེགས་ཚོགས་ཆར་འབེབས་གླིང་ཞེས་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་དགེ་བསྙེན་གྱི་གླིང་གཅིག་བཅས་ཁྱོན་གླིང་བཅུ་ལས་གྲུབ་པའི་གསེར་ལྗོངས་བླ་མ་རུང་ཞེས་པའི་ཆོས་སྡེ་ཆེན་པོ་འདི་ཉིད་གསར་དུ་བཙུགས། ཕྱི་ལོ་༡༩༨༧ ལོར་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་བ་མཆོག་གིས་(གསེར་ཐང་བླ་རུང་དགོན་རིག་ལྔའི་ནང་བསྟན་སློབ་གྲྭ་)ཞེས་པའི་མཚན་ཐོབ་གནང་། ཕྱི་ལོ་༡༩༩༠ ལོར་རྒྱ་གར་འཕགས་པའི་ཡུལ་དུ་འཇིག་རྟེན་ཞི་བདེའི་དེད་དཔོན། ༸གོང་ས་ཐམས་ཅད་མཁྱེན་པ་རྒྱལ་དབང་སྐུ་འཕྲེང་བཅུ་བཞི་བ་ཆེན་པོ་མཆོག་དང་ཞལ་འཛོམས་གནང་ནས་ལེགས་བཤད་ཆོས་ཀྱི་སྐྱེས་བཟང་ཕན་ཚུན་ལ་འབུལ་བཞེས་མཛད། དེ་མིན་ཕྱི་རྒྱལ་ཡུལ་གྲུ་དུ་མར་ཞབས་ཀྱིས་བཅགས་ནས་སྐལ་ལྡན་གྱི་སློབ་མ་ཁྲི་སྟོང་མང་བོར་རང་རང་གི་བློ་དང་འཚམ་པའི་ལེགས་བཤད་གསུང་གི་འཕྲིན་ལས་ཀྱི་འོད་སྣང་ཕྱོགས་སུ་སྤྲོས། དེ་ཡང་ཆོས་རྗེ་གུང་ཐང་བས། སྐུ་སྐྱེ་བསྟན་དོན་དུ་བྱོན་ན།། བཤད་སྒྲུབ་ལག་རྗེས་ཤིག་ཡོད་དགོས། །ཞེས་ཇི་སྐད་གསུངས་པ་བཞིན། བོད་གངས་ཅན་ལྗོངས་ཀྱི་ཡུལ་ལུང་དུ་མར་བསྟན་འགྲོ་འབའ་ཞིག་ལ་དགོངས་ནས་བླ་རུང་ཆོས་སྡེ་ཆེན་མོས་གཙོ་བོར་གྱུར་པའི་བཤད་པ་དང་སྒྲུབ་པའི་སྡེ་མང་དུ་བཙུགས་ཤིང་། དབང་དང་། ཁྲིད་ལུང་མན་ངག་སོགས་རིས་སུ་མ་ཆད་པའི་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བ་དང་། ཕྱོགས་ཡས་མས་ཀྱི་གདུལ་བྱ་བགྲངས་ལས་འདས་པའི་རྒྱུད་སྨིན་པར་མཛད་དེ་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་། ལྷག་པར་དུ་གསང་ཆེན་སྔ་འགྱུར་བའི་བསྟན་པའི་རྒྱལ་མཚན་ཕྱོགས་སུ་བསྒྲེངས། ཆོས་རྗེ་མཆོག་གི་རྣམ་ཐར་དད་པའི་གསོས་སྨན་ལས། དེ་ལྟ་བུའི་ལེགས་སྨོན་ཟུང་དུ་ཚོགས་པའི་མ་ཚང་མེད་རྒྱུ་ལས་དབང་བོ་རབ་འབྲིང་ཐ་མའི་སྐལ་བ་དང་འཚམ་པར་དངོས་ཉམས་རྨི་ལམ་ཅི་རིགས་པར་ཕྱི་རོལ་ཏུ་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་སྣང་བ་སྣ་ཚོགས་པ་དང་། ནང་དུ་སྔར་མ་བྱུང་བའི་བདེ་གསལ་མི་རྟོག་པའི་ཉམས་ཁྱད་པར་ཅན་དང་། གསང་བ་འོད་གསལ་རྫོགས་པ་ཆེན་པོ་ངེས་པ་དོན་གྱི་འཇམ་དཔལ་གྱི་རང་ཞལ་མཇལ་ཏེ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་རྒྱ་མཚོ་ལྟ་བུ་ཐོབ་ཅིང་། ནམ་ཞིག་རང་སྣང་ལོངས་སྐུའི་ཞིང་དུ་དཔོན་སློབ་འདུ་འབྲལ་མེད་པར་ཚོམ་བུ་གཅིག་ཏུ་འཚོགས་པའི་རྟེན་འབྲེལ་མ་བསྒྲིགས་རང་འགྲིག་ཏུ་གྱུར། ཞེས་གསུངས་པ་བཞིན་ཆོས་རྗེ་འདི་ཉིད་ལ། རྗེ་བཙུན་འཇམ་དཔལ་དབྱངས་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། འཇམ་མགོན་བླ་མ་ཙོང་ཁ་བ། གཏེར་ཆེན་ལས་རབ་གླིང་བ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་སངས་རྒྱས་བྱང་སེམས། ལྷ་དང་སྲུང་མ། མཁའ་འགྲོའི་བརྡ་ལུང་སོགས་དངོས་དང་ཉམས་སྣང་ཅི་རིགས་ཀྱི་སྒོ་ནས་ཞལ་གཟིགས་ལུང་བསྟན་དང་། གསུང་གི་དབུགས་དབྱུང་ཐོབ་པ་སོགས་གདུལ་བྱ་ཕལ་བའི་བློ་ཡུལ་ལས་འདས་པའི་ཡོན་ཏན་མཐའ་ཡས་པ་དག་ནི། དཔལ་ལྡན་ཟླ་བ་གྲགས་པས། འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་བསྙད་བགྱི་མ་ལགས་སོ། །ཞེས་གསུངས་པ་བཞིན་ཐུན་མིན་གསང་གསུམ་གྱི་རྣམ་ཐར་དག་རྨོངས་པ་བདག་ལྟ་བུས་ཟུར་ཙམ་ཡང་བརྗོད་ག་ལ་ནུས། འོན་ཀྱང་འཇམ་མགོན་ས་སྐྱ་པཎྜི་ཏའི་གསུང་ལས། ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་སྦྱངས། །བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད། །ཐ་མ་འདྲིས་པའི་ཚོགས་ལ་བརྩོན་པས་བསྒོམས། །དུས་གསུམ་རྒྱལ་བ་ཀུན་གྱི་བཞེད་གཞུང་ཡིན། །ཞེས་ཇི་སྐད་གསུངས་པ་བཞིན་སློབ་དཔོན་སངས་རྒྱས་གཉིས་པའི་རྒྱལ་ཚབ་ཆེན་མོ། སྙིགས་དུས་བསྟན་འགྲོའི་མགོན་དཔུང་། མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་བོ་མཆོག་གི་སྡེས་སྙིགས་དུས་ཀྱི་སྐྱེ་འགྲོ་སྤྱི་དང་། ལྷག་པར་དུ་ཁ་བ་གངས་ཅན་གྱི་ལྗོངས་སུ་ངེས་པ་དོན་གྱི་སྤྲུལ་བའི་སྐུ་ཞིག་གི་མཛད་པ་མངོན་སུམ་དུ་བསྟན་ཏེ། སྐུ་ཚེ་ཧྲིལ་བོ་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ་གྱིས་འདའ་བར་མཛད་པའི་ཚུལ་ལས་བརྩམ་པའི་ཐུན་མོང་གི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས། སྐྲ་རྩེའི་ཟེགས་མ་ཙམ་ཞིག་གཟུར་གནས་རྣ་བའི་བདུད་རྩི་རུ་ཕུལ་བ་ལགས་སོ།།

དེ་ལྟར་བསྐལ་བཟང་རྣམ་འདྲེན་བཞི་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་དར་བར་མཛད་པ་དང་། ནམ་མཁའི་སྐར་ཚོགས་ཀྱི་གྲངས་ལ་འཁུ་བའི་སྣོད་ལྡན་གྱི་སྐྱེ་འགྲོ་རྣམས་ལེགས་བཤད་ཆོས་ཀྱི་དགའ་སྟོན་གྱིས་ཡིད་མགུ་བར་བྱས་ཤིང་། དུས་རབས་ཉེར་གཅིག་པའི་གངས་ཅན་པ་རྣམས་ལ་ཕུལ་བའི་སྙིང་གཏམ་སྤྲིན་གྱི་རོལ་མོ་སོགས་གསུང་རྩོམ་པོད་དུ་མ་ཕྱིས་འབྱུང་གདུལ་བྱའི་བསྒོ་སྐལ་དུ་བཞག་སྟེ། རེ་ཞིག་ཞིང་འདིར་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པ་ན་སྐུ་སྙུན་པའི་ཚུལ་བསྟན་ནས་ཕྱི་ལོ་༢༠༠༤བོད་ཟླ་བ་༡༠ ཚེས་༡༥ ཉིན་རྒྱའི་གྲོང་ཁྱེར་སྤོས་ལྡན་དུ་སྨན་བཅོས་ལ་ཕེབས། བོད་ཟླ་༡༡ ཚེས་༦ ཉིན་སྨན་ཁང་ནས་ཞལ་པར་བརྒྱུད་དེ་ཁྲི་ཤོང་ཀུན་དགའ་ར་བའི་ནང་དུ་སྐལ་ལྡན་གྱི་སློབ་ཚོགས་འདུས་མང་ཡོངས་ལ་འདའ་ཁའི་ཞལ་ཆེམས་དང་གསུང་གི་ཐ་མ་གནང་སྟེ་དགུང་གྲངས་བདུན་ཅུ་དོན་གཅིག་བཞེས་པ་བོད་རྒྱལ་ལོ་༢༡༣༡ རབ་བྱུང་༡༧ ཆུ་ལུག་ལོའི་བོད་ཟླ་༡༡ ཚེས་༡༥ དང་། ཕྱི་ལོ་༢༠༠༤ ཕྱི་ཟླ་༡ ཚེས་༧ ཉིན་སྐུ་ཞི་བར་གཤེགས་སོ།། ངེད་ཅག་གིས་རྣམ་ཐར་མདོར་བསྡུས་འདི་བསྡུ་སྒྲིག་བྱེད་སྐབས་མཁན་ཆེན་མཆོག་གི་རྣམ་ཐར་རྒྱས་བསྡུས་བཅུ་ཕྲག་ཙམ་མཇལ་རྒྱུ་བྱུང་བའི་ནང་ནས་ཆོས་རྗེ་དམ་པ་མཆོག་གི་དངོས་སློབ། མིང་དུ་གྲགས་པའི་མཁས་པའི་དབང་བོ་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས། མཁན་པོ་བསོད་ནམས་དར་རྒྱས་རྣམས་ཀྱིས་བརྩམས་པའི་རྣམ་ཐར་དད་པའི་གསོས་སྨན་ལས། ཅུང་ཟད་ཅིག་སྨྲས་པ་དེར་ནི་ངོ་བསྟོད་དང་གཞན་བསླུ་འདོད་ཀྱི་རྫུན་ཚིག་གཅིག་ཀྱང་བྱས་པ་མེད་ཅིང་། དེ་ཡང་མཚུངས་མེད་བླ་མ་ཡིད་བཞིན་ནོར་བུ་མཆོག་གི་ཞལ་སྔ་ནས་བཀའ་གནང་གིས་དབུགས་དབྱུང་དང་བློ་ལྡན་དུ་མས་བསྐུལ་བ་ལ་བརྟེན་ནས་བགྱིས་ཀྱི་ཕྲན་བུ་ཅག་གིས་བབ་ཅོལ་དུ་བྱས་པ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཡིད་རྟོན་འོས་པའི་རྣམ་ཐར་དད་པའི་གསོས་སྨན་འདི་དང་། ཆོས་རྗེ་དམ་པ་ཉིད་ཀྱིས་གཙོས་སྔོན་བྱོན་སྐྱེས་ཆེན་དུ་མའི་ལུང་ཚད་མ་དག་ཁུངས་སུ་བྱས་ཏེ། བོད་རྒྱལ་ལོ་༢༡༤༣ བོད་ཟླ་༡༠ ཚེས་༡༡ དང་། ཕྱི་ལོ་༢༠༡༦ ཕྱི་ཟླ་༡༢ ཚེས་༡༠ སྟེ། འཇིག་རྟེན་ཞི་བདེའི་དེད་དཔོན། ༸གོང་ས་སྐྱབས་མགོན་རྒྱལ་མཆོག་བཅུ་བཞི་བ་ཆེན་པོ་མཆོག་གིིས་ནོར་ཝེ་ཞི་བདེའི་གཟེངས་རྟགས་བཞེས་པའི་ཟླ་ཚེས་མཆོག་ཏུ་དགེ་བའི་ཉིན་དབལ་ཤུལ་(གསེར་རྟའི་དྲ་ཚིགས་)རྩོམ་སྒྲིག་པས་གྲུབ་པར་བགྱིས་སོ།།       །།

One Response

  1. རང་ཅག་རྣམས་ཀྱི་སྐྱབས་མགོན་དམ་པ་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ནས་ཁམས་རྫ་སྟོད་ཐུབ་དགའ་རིན་པོ་ཆེའི་དྲུང་ནས་མཚོ་ཊིཀ་ཉི་མའི་འོད་ཟེར་གྱི་ལྗགས་ལུང་གསན་པ་ཡིན་མིན་གསུང་རོགས་གནང་།

མཆན་སྤེལ་ཡུལ་ནི་ མིང་མེད། ལན་དོར།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།