སློབ་གསོ་དང་མི། 

སློབ་གསོ་ནི་མིའི་ཤེས་པ་དང་རིག་ལམ་གོང་དུ་སྤེལ་ཐབས་ཤིག་དང་། བསམ་བློའི་གོ་རྟོགས་མཐོ་རུ་སྐུལ་ཏེ་ནང་སེམས་ཕྱུག་པོ་དང་སྟོབས་ལྡན་དུ་གཏང་ཐབས་ཤིག་རེད་འདོད་ཅིང་། འགྲོ་མིའི་ཡོངས་ཁྱབ་གསལ་བསྒྲགས་སུ་མི་ཚང་མ་སྐྱེས་མ་ཐག་ནས་བཟུང་འདྲ་མཉམ་ཡིན་ཚུལ་བསྟན་ཡོད་པ་ཇི་བཞིན། མི་བུ་རེ་རེེར་སློབ་གསོ་འདྲ་མཉམ་དུ་མྱོང་བའི་རང་དབང་ཡོད་ཅིང་སློབ་གསོ་མྱོང་བ་ནི་མི་སྒེར་གྱི་མ་མཐའི་ཁེ་དབང་ཡིན་ལ། ས་ཁུལ་མི་འདྲ་བ་སོ་སོར་གང་ལ་གང་འཚམ་གྱི་སློབ་གསོའི་བྱེད་ཕྱོགས་ཡོད་རུང་ཞིང་། བྱེ་བྲག་ཏུ་ལག་ཐབས་སྣ་ཚོགས་ཡོད་པ་དང་། རྩ་དོན་ལྟར་ན་སློབ་གསོར་ཁྲིམས་ཀྱི་འགན་སྲུང་ཡོད་ཅིང་། སློབ་གསོའི་བྱ་བ་ནི་མི་བུ་ཁེར་ཚུགས་ཅན་དང་ལངས་ཕྱོགས་ཅན། འཇོན་ཐང་ཅན་སྐྱེད་བསྲིང་བྱས་ཏེ་མི་གསོ་རྒྱུ་དེ་བྱ་བ་གཙོ་བོ་ཡིན་ཞིང་། སློབ་གསོའི་དམིགས་ཡུལ་མི་ཡིན། 

སློབ་གསོ་ལ་མཚོན་ན་རང་སྟེང་ནས་ཤིན་ཏུ་ལྷད་མེད་པ་ཡིན་ཏེ། སློབ་གསོའི་ནུས་པ་དང་ཁ་ཕྱོགས་ཀྱིས་ནམ་ཡང་མི་ལྟེ་བར་བཟུང་སྟེ་མིའི་འཕེལ་རྒྱས་ལ་དོ་ཁུར་དང་འགན་སྲུང་བྱེད་ཀྱིན་ཡོད་པ་རེད། སློབ་གསོ་ནི་མིས་གསར་དུ་བཏོད་ཅིང་སྤྱི་ཚོགས་ཀྱི་འགྱུར་བ་དང་འགྲོས་མཉམ་དུ་མི་ཡི་བསམ་བློས་སློབ་གསོའི་འཕེལ་རྒྱས་ལ་ཚད་བཀག་དང་འགོག་རྐྱེན་བཟོ་ཡི་ཡོད་ཅིང་། སྐུལ་འདེད་དང་འགལ་བ་ཡང་སློང་གི་ཡོད་པ་རེད། འདི་ནི་དངོས་པོའི་སྤྱིར་བཏང་གི་གོང་འཕེལ་གྱི་ཆོས་ཉིད་ལྟར་ཡིན་ལ། དེ་ལྟར་ཡིན་འོས་པ་ཞིག་ཀྱང་ཡིན་ས་རེད། མིས་སློབ་གསོ་ལག་ཏུ་བསྟར་ཏེ་མི་དང་སློབ་གསོའི་ལམ་ཕྱོགས་ཇེ་གསལ་ཇེ་བརྟན་དུ་གཏོང་གི་ཡོད་ཅིང་། སློབ་གསོས་སླར་ཡང་མི་ཉིད་ལ་ཞབས་འདེགས་སྒྲུབ་ཏེ་མིའི་དགོས་མཁོ་སྐོང་བ་དང་ཕྱི་ནང་གི་དམིགས་ཡུལ་གང་རུང་གང་ལེགས་སུ་གཏང་ཅི་ཐུབ་བྱེད་པ་མ་ཟད། མི་དང་མིའི་བར་གྱི་བསམ་བློའི་འབྲེལ་བ་ལེགས་སྒྲིག་བྱ་བ་དང་། མི་དང་སློབ་གསོའི་བར་གྱི་འབྲེལ་བ་དང་། སློབ་གསོ་དང་འཚོ་བའི་བར་གྱི་འབྲེལ་བ། འཚོ་བ་དང་མིའི་བར་གྱི་སློབ་གསོ་སོགས་ཀྱི་འབྲེལ་བ་ཡོད་ཚད་སློབ་གསོས་སྟངས་འཛིན་བྱ་ཡི་ཡོད་ཅིང་། སློབ་གསོ་ནི་དེ་ལྟར་མིའི་སྤྱི་ཚོགས་ལ་ཕྱིར་རྟོག་དང་གོང་འཕེལ་ཐད་མེད་དུ་མི་རུང་བ་ཞིག་ཆགས་ཡོད།

རང་ཉིད་དང་ཤེས་ཡོན་ལ་དགའ་མཁན་ཞིག་ཡིན་ཚེ་སློབ་གསོ་ལ་དགའ་ངེས་ཤིང་། སློབ་གསོ་ལ་དགའ་མཁན་ཞིག་ཡིན་ཚེ་རིག་གནས་ལ་བརྩི་མཐོང་དང་མིའི་རིན་ཐང་ལ་ཧ་ཅང་ཡིད་འཇོག་བྱེད་མཁན་ཞིག་ཡིན་སྲིད། རྒྱུ་མཚན་རང་ཉིད་ཀྱི་ཕུགས་བསམ་དོན་དུ་གཉེར་བའི་གོ་རིམ་ཁྲོད་ཤེས་ཡོན་ལ་བརྟེན་དགོས་ཤིང་། ཤེས་ཡོན་གྱིས་ཕུགས་བསམ་མངོན་འགྱུར་བྱ་བར་ཁ་ཚ་དགོས་གཏུགས་ཀྱི་གྲོགས་དན་བྱ་ཡི་ཡོད་ཅིང་། ཀུན་ཕན་གྱི་སློབ་གསོ་འཁྲུལ་མེད་ཅིག་ཡིན་ཚེ་ཤེས་ཡོན་དང་གཞི་གཅིག་ཏུ་འབྲེལ་ཡོད་པ་རེད། དེ་བཞིན་དུ་སློབ་གསོའི་བྱ་བཞག་ནི་རིག་གནས་སྣང་ཚུལ་ཞིག་ཡིན་པ་དང་། སློབ་གསོས་མི་ཆོས་ཀྱི་བསམ་བློའི་རིག་གནས་དང་རིག་གནས་སྙིང་སྟོབས་ཤིག་མཚོན་གྱིན་ཡོད་པ་མ་ཟད། ད་དུང་མིའི་རིན་ཐང་དང་དོན་སྙིང་དེ་ནི་རྩེ་མོ་ཡོད་ཚད་ཀྱི་རྩ་བར་ངོས་འཛིན་གནང་ཡོད་སྟབས། སློབ་གསོ་ལ་དགའ་མཁན་ཞིག་ཡིན་ཚེ་རིག་གནས་ལ་བརྩི་མཐོང་དང་མིའི་རིན་ཐང་ལ་ཡིད་འཇོག་བྱེད་མཁན་ཞིག་ཡིན་སྲིད་ཁོ་ཐག་ཡིན་ཏེ། སློབ་གསོ་མེད་ཚེ་རིག་གནས་ལ་སྙིང་བོ་མེད་ཅིང་གང་དེའི་གནས་བབ་ངན་འགྱུར་དུ་སོང་བའི་དུས་ལ་ཐུག་ན། དེ་ནི་ང་ཚོའི་མི་སྒེར་རེ་རེ་དང་སྤྱི་ཚོགས་ངན་འགྱུར་དུ་འགྲོ་བའི་རྟགས་ཡིན་པ་ཐེ་ཚོམ་མེད།    སློབ་གསོའི་དར་རྒུད་དེ་སློབ་གསོ་མྱོང་མཁན་ལ་རག་ལས་པ་ལས་གཞན། སློབ་གསོ་སྐྱོང་མཁན་ལ་ལྷག་ཏུ་རག་ལས་ཏེ། གལ་ཏེ་སྤྱི་པའི་སློབ་གསོ་སྐྱོང་མཁན་གྱི་མི་དེ་གོང་རིམ་གྱི་འགོ་ཁྲིད་ཚན་ཁག་གང་རུང་གི་མི་སྣ་ག་གེ་མོ་ཞིག་ཡིན་པར་ཆ་བཞག་ན། མི་དེ་རིགས་ཀྱིས་གཙོ་བོ་དབང་བསྒྱུར་གྱི་དགོས་མཁོ་ལ་མཐོང་ཆེན་བླ་ལྷག་བྱེད་པས། སློབ་གསོའི་གཞི་རྩའི་དམིགས་ཡུལ་དུ་མི་ཉིད་མི་འཇོག་པར་དབང་བསྒྱུར་འཇོག་ངེས་རེད། དབང་བསྒྱུར་བྱེད་བདེ་བོ་ཡོང་ཆེད་སློབ་གསོའི་སྒྲིག་གཞིའི་ནང་དུ་བྱེད་པོ་ཁོའིི་ཁེ་སྤོགས་འདོད་གདུང་གི་བསམ་བློ་ཡོད་ངེས་ཡིན། སྐབས་དེར་མི་ཐབས་སུ་བལྟས་ཏེ་དབང་བསྒྱུར་གྱི་ལག་ཆ་རུ་སྤྱོད་པས་ན། ང་ཚོའི་སློབ་གསོའི་དམིགས་ཡུལ་ངོ་མ་འགྲུབ་ཐབས་མེད་ཅིང་། མི་ཡི་རང་བརྩིའི་བསམ་པ་དང་རིན་ཐང་ལ་རྡུང་རྡེག་ཚབས་ཆེན་ཕོག་རྐྱེན། དེས་སློབ་གསོ་མྱོང་མཁན་གྱི་གཞོན་རབས་པ་ལ་སུ་དང་གང་གིས་ཀྱང་ཚབས་བྱེད་ཐབས་མེད་པའམ་དངོས་པོའི་དཔལ་ཡོན་གྱིས་ཁ་གསབ་མི་ནུས་པའི་གྱོང་གུད་ཆེན་པོ་བཟོས་པ་རེད། དེས་སློབ་གསོ་མྱོང་མཁན་གྱི་ཁེ་དབང་དང་མི་གཞི། རྩིས་ཐང་བཅས་སྣང་མེད་དུ་བཞག་པ་དང་། མི་སྒེར་གྱི་རང་དབང་ལ་ཐེ་གཏོགས་བྱས་ཏེ་སློབ་གསོའི་ནད་དུག་བསླངས་རྐྱེན། འདི་ནི་འུ་ཅག་ཚང་མའི་ཕམ་ཁ་རེད་ལ། སློབ་གསོའི་ཕམ་ཁ་དང་གནད་དོན་དུ་བསྙད་འོས།

བྱེ་བྲག་ཏུ་བོད་ཕྲུག་སློབ་མ་ང་ཚོའི་སློབ་གྲྭའི་སློབ་གསོ་ལ་མཚོན་ན། སློབ་ཆུང་ནས་མཐོ་འབྲིང་མཐར་ཕྱིན་རིམ་པའི་བར་དུ་རྒྱུགས་ལེན་སློབ་གསོའི་མཁའ་དབུགས་ཧ་ཅང་སྟུག་པོ་རེད། ཆུང་དུས་ནས་བཟུང་དགེ་རྒན་གྱིས་སློབ་མ་ཚོའི་རྣ་ལམ་དུ་རྒྱུགས་ཀྱི་གལ་ཆེན་རང་བཞིན་ཁོ་ན་བཤད་དེ། སློབ་མའི་སེམས་ཁམས་སུ་རྒྱུགས་ནི་ཡོད་ཚད་ལས་གལ་ཆེ་ཚུལ་དང་གནད་འགག་ཡིན་ལུགས་ཀྱི་ཤེས་བྱ་ཁྱབ་སྤེལ་བྱས་པས། བག་ཆགས་དེ་རིམ་གྱིས་འདུ་ཤེས་འཛིན་སྟངས་ངོ་མ་ཞིག་ཏུ་གྱུར་ཏེ་རྒྱུགས་སྐར་ནི་སློབ་གྲོགས་ཕན་ཚུན་བར་མཐོ་དམན་དང་བཟང་ངན་འབྱེད་བྱེད། སློབ་སྦྱོང་གི་དམིགས་ཡུལ་བཅས་སུ་གྱུར་བར་བརྟེན། སློབ་མ་རང་བདག་ཚོ་རྒྱུགས་ཀྱི་བྲན་གཡོག་ལྟ་བུར་གྱུར་ཞིང་སློབ་གསོའི་ཐོག་མའི་འགོ་རྩོམ་ས་ནས་ནོར་འཁྲུལ་བྱུང་བ་རེད། ནོར་འཁྲུལ་གྱི་བསམ་བློ་དེ་མུ་རུ་རྒྱུན་བསྲིངས་ཏེ་ལོ་ཟླ་ངེས་ཅན་ཞིག་འགོར་བ་ན། དེའི་ཁྱབ་ཚད་དང་ཤུགས་རྐྱེན་ཆེས་ཆེར་འཕེལ་བས་བསམ་བློའི་འགལ་འདུ་མང་པོ་ལུ་གུ་རྒྱུད་དུ་བྱུང་བ་རེད་བཞག དེ་ནས། སློབ་ཆེན་ལ་མཚོན་ན་ཡང་། སློབ་མ་རྣམས་མཐོ་རྒྱུགས་ཀྱི་ལྕགས་སྒྲོག་ལས་ཐར་ཚར་བར་བརྟེན། སློབ་ཆེན་དུ་ཐོན་དུས་མང་པོའི་སེམས་སུ་ད་ནི་གང་ལ་ཡང་འདང་རྒྱག་མེད་མདོག་གི་རྣམ་པ་མངོན་གྱིན་པ་ནི་སྔ་མ་སྔ་མའི་ཤུགས་རྐྱེན་དེ་ཕྱི་མར་བརྒྱུད་པ་ཙམ་རེད། སློབ་གྲོགས་ཕལ་མོ་ཆེའི་འདོད་ཚུལ་ལ་སློབ་ཆེན་དུ་ཤེས་ཡོན་གྱི་ཚད་དེ་ལག་རྟགས་ཀྱིས་འཇལ་ནས། དོན་གྱི་འབབ་ས་མཐར་ཕྱིན་དཔང་ཡིག་གི་སྟེང་དུ་འཇོག་ཅིང་། དགེ་རྒན་ཚོའི་སྣང་ངོར་ཡང་ཁོང་ཚོའི་འོས་འགན་ནི་སློབ་མ་རྣམས་ཀྱིས་བདེ་བླག་ངང་མཐར་ཕྱིན་དཔང་ཡིག་ལོན་ཐུབ་རྒྱུའི་བསམ་པ་བཅངས་འདུག་པས། སློབ་ཆེན་ལོ་བཞི་བོར་ སློབ་མ་ཚོས་ཡོན་ཏན་ཡག་པོ་ཞིག་སློབ་ཐུབ་མིན་དེ་དགེ་རྒན་ལ་འབྲེལ་བ་མེད་པ་ལྟ་བུ་ཆགས་འདུག འདི་དག་ནི་སློབ་མས་སློབ་གསོ་བཟང་བོ་ཞིག་མྱོང་མ་ཐུབ་པ་དང་སློབ་གསོ་བས་སློབ་གསོའི་འོས་འགན་ལེགས་འགྲུབ་མ་བྱུང་བ་རེད་དེ། ད་ལ་ཐུག་གི་བར་དུ་སློབ་གསོ་གླེང་བ་ཁ་བཤད་ཙམ་དང་དོན་མེད་ཡིན་པའི་ལུགས་ཀྱི་སྒྲུབ་བྱེད་ཡིན་འདུག            སྔོན་ཐོན་གྱི་སློབ་གསོའི་ཁོར་ཡུག་ཏུ་སློབ་མ་ལ་བཟང་ངན་མེད་ཅིང་། སྔོན་ཐོན་དང་རྗེས་ལུས་ནི་ལྟོས་ས་ལྟོས་འཇོག་གིས་ཤོད་དགོས་པ་རེད། སློབ་མར་དགེ་རྒན་དང་སློབ་གྲོགས་གཞན་པ་ཚོར་མི་མཐུན་པའི་སྒེར་གྱི་ལྟ་ཚུལ་དང་ལངས་ཕྱོགས་ཡོད་ཆོག་པ་དང་དགེ་རྒན་ལ་སློབ་མའི་ལྟ་ཚུལ་མི་གཅིག་པ་དེ་དང་ལེན་བྱེད་སྤོབས་པའི་བསམ་འདུན་ཡོད་དགོས་ལ། ཁྱད་པར་དུ་སྨྲ་བརྗོད་རང་དབང་ནི་ཀུ་ཡངས་པོ་རེད། ཕྱི་ཡི་སློབ་གསོ་ནི་ང་ཚོའི་སློབ་གསོ་ལས་སྨིན་ཐག་ཆོད་པ་རེད་ལ། ད་ལྟ་ང་ཚོའི་སློབ་གསོའི་ནང་དུ་མི་ཕན་ཚུན་བར་གྱི་བརྩེ་བ་དང་བྱམས་པའི་ཆ་དེ་རྙེད་ཁག་པོ་འདུག་ཅིང་། སློབ་གསོའི་འགུག་ཤུགས་ཀྱི་ཆ་ཡི་ཆེས་གཙོ་བོ་བརྩེ་བ་དེ་མེད་པ་ཡིན་ཕྱིར། སློབ་གསོའི་བགོ་སྐལ་གྱི་ཡིད་རྟོན་དང་འདྲ་མཉམ་དྲང་བཞག་ཕུད། གཞན་ད་ད་རུང་ཁེ་དབང་དང་རང་རྟོགས་སོགས་ནི་གླེང་སྲོལ་མེད་པ་ཞིག་ཏུ་ཆགས་ཤིང་། འདི་ནི་སློབ་གསོ་རུལ་སུངས་ཏུ་ཕྱིན་པའི་རྐྱེན་རེད། དེ་འདྲ་ཡིན་པས་ང་རང་ཚོ་ཚུད་པའི་སྤྱི་ཚོགས་ནང་དུ་མིའི་འབྲེལ་བར་ལྟ་སྟངས་དང་དོན་དག་སྒྲུབ་སྟངས་ཀྱང་བཙོག་པ་འཁོར་རྒྱུག་གི་ཚུལ་དུ་རུལ་སུངས་ཡིན་པ་དངོས་ཡོད་འདི་རེད་དེ། སློབ་གསོའི་མ་གཞི་ཡི་ངོ་བོ་འགྱུར་བའམ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པ་རེད་ཤག དེ་བས། ཁ་ཚ་དགོས་གཏུགས་ཀྱི་དོན་བྱ་ནི་གཞན་གྱིས་སློབ་གསོ་ལོག་སྤྱོད་བྱས་ཏེ་མི་རེ་རེའི་ཚེ་སྲོག་གི་རིན་ཐང་རྩིས་མེད་དུ་གཏོང་གིན་པའི་མ་རུང་བའི་ཚུལ་རྣམས་ཕྱིར་ལྡོག་བྱས་ཏེ། མི་དང་སློབ་གསོ་གཉིས་ཀྱི་འབྲེལ་བ་མཐུན་སྦྱོར་ཡག་པོ་བྱ་དགོས་སྙམ་སོང་ལ། སློབ་གསོས་ད་གཟོད་མི་རེ་རེ་ནི་སྤྱིར་ཡིན་པ་ལ་གསེར་སྲང་ཁྲི་ལས་ལྷག་པའི་རིན་ཐང་གཞལ་མེད་པ་ཞིག་ཡིན་པ་ར་སྤྲོད་ཐུབ་བོ།

ཐུན་མོང་གི་ལམ་ལུགས་དང་རིག་གནས་བག་ཆགས་ཀྱི་དབང་གིས། ང་ཚོའི་ཁོར་ཡུག་ཏུ་སློབ་གསོ་གླེང་མཁན་གྱི་མི་ནི་དགེ་རྒན་དང་རྒན་པ། དེ་མིན་སྤྱི་པའི་ཁས་ལེན་ཐོབ་ཡོད་པའི་མི་ཞིག་ཏུ་བལྟ། སྤྱིར་བཏང་དུ་ང་རང་ཐེ་བའི་གཞོན་པ་ཚོར་སློབ་གསོ་གླེང་བའི་ལྕེ་མེད་ཅིང་། ལྕེ་མེད་དོན་དེ་མི་མང་གིས་སློབ་གསོ་ནི་ལོ་ཆུང་ང་ཚོའི་བྱ་བཞག་ཅིག་ཏུ་འདོད་ཀྱིན་མེད་པ་རེད། དེ་བཞིན་དུ་ན་མཉམ་གྱི་གྲོགས་པོ་བརྒྱ་སྟོང་གིས་རང་ཉིད་ནི་སློབ་གསོ་མྱོང་བའི་སློབ་མ་བབ་ཆགས་ཤིག་ལས། རང་ཉིད་ཀྱི་མི་ཚེ་དང་འབྲེལ་ཏེ་རང་ལ་སློབ་གསོར་དཔྱད་འཇོག་དང་དོ་སྣང་བྱ་བའི་ཁུར་ཐང་ཡོད་པ་རྟོགས་མེད་ཚོད་འདུག་ལ། ད་ལྟའི་སློབ་གསོའི་གནས་སྟངས་ནི་འདས་མ་ད་གསུམ་གྱི་ཕྱོགས་བསྡུས་སྤུས་ཚད་དང་གཞུང་སྒེར་གྱི་དར་རྒུད་ལ་འབྲེལ་བ་གཏུབ་ཏུ་མེད་པ་ཡོད་པ་ལ་བསམ་བློ་འཁོར་མ་སོང་། འོན་ཀྱང་། ང་ལ་དེ་ལྟར་འདོད་པའི་བསམ་བློའི་ཕྲ་ཕུང་མེད། སློབ་གསོ་ནི་ངེས་པར་དུ་སློབ་གསོ་ཤེས་མཁན་ཞིག་གིས་གླེང་དགོས་པའི་ངེས་པ་མི་འདུག་ལ།སློབ་གསོ་གླེང་བའི་མི་ཡིན་ན་མི་དེ་ཉིད་སློབ་གསོ་ཅན་ཞིག་ཡིན་དགོས་པའི་ངེས་པའང་མི་འདུག་པ་མ་ཟད། སློབ་གསོ་མྱོང་མཁན་གྱི་སློབ་མ་ང་རང་ཚོར་རང་གི་ཁོར་ཡུག་གི་སློབ་གསོར་བལྟ་བའི་ཁེ་དབང་དང་འོས་འགན་ཏན་ཏན་ཡོད་པ་རེད། ཡུལ་དུས་ཀྱི་ཁྱད་པར་དང་རིན་ཐང་ལྟ་ཚུལ་མི་འདྲ་བའི་ཡུལ་ཁོངས་གང་ལ་ཡང་སློབ་གསོ་ནི་ཆེས་རིན་ཐང་ལྡན་པའི་རྩ་ཆེའི་ནོར་བུ་ཡིན་པ་བསྙོན་མེད་ཡིན་ཙ་ན། མི་ང་ཚོས་སློབ་གསོ་གླེང་སྟེ་དེ་ལ་དཔྱད་ནས། ་སློབ་གསོའི་ཤེས་རབ་ཀྱི་གནས་གང་དེར་སློབ་སྦྱོང་དང་ཉམས་ལེན་བརྒྱུད་རྔོ་ཅུང་ཙམ་རེ་ཨེ་ཐོགས་བལྟ་རྒྱུ་ནི་གལ་ཆེན་ནང་གི་འདང་ཆེན་རེད་ཨང་།
___འབྲོག་ཕྲུག་གིས་2015/4/28

One Response

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།