འབྲོང་དྲན་པའི་ཟིན་ཐོ།

___གཉན།

༡ རླུང་དམར་མ་ལྡང་སྔོན་ལ་ཕ་གིའི་ཉག་ག་གན་ནི་འབྲོང་ཞོགས་ས་ཞིག་རེད། དེ་རིང་བདག་གི་ཨ་མྱེ་ཉག་ག་གན་ལ་ཅེར་ནས་འབྲོང་ཟེར་བའི་རི་དྭགས་ཤིག་དྲན་གྱི་འདུག འབྲོང་གི་རྨིག་པས་བརྫིས་མྱོང་བའི་གཡའ་རྡོ་དང་སྤང་རྒོད་དེ་དག དེ་དག་དེ་རིང་སུ་ཞིག་གིས་ས་སྙོམ་རྡོ་སྙོམ་བྱས་ནས་ཕྱི་སྲོག་ནང་སྲོག་བཅད་ཚར་ན_____ ལོ་མང་པོ་མང་པོའི་སྔོན་གྱི་འབྲོང་ཟེར་བའི་རི་དྭགས་དེ། དེ་རིང་ཁྱོད་ཀྱི་རྐང་འོག་གི་ས་གཞི་འདིའི་འོག་ཁུ་སིམ་མེར་ལུས་སོང་ངམ། རླུང་དམར་མ་ལྡང་སྔོན་ལ་ཕ་གིའི་ཉག་ག་གན་ནི་འབྲོང་ཞོགས་ས་ཞིག་རེད། དེ་རིང་བདག་གི་ཨ་མྱེ་ཉག་ག་གན་ལ་ཅེར་ནས་འབྲོང་ཟེར་བའི་རི་དྭགས་ཤིག་དྲན་གྱི་འདུག དེ་རིང་ཉག་ག་གན་ནས་མཐོང་ཐུབ་པ་ནི་གཞུང་ལམ་དང་ཨར་འདམ་གྱི་གློག་སྡོང་དེ་ཚོ་ལས། ཉི་ཟླ་རྭ་བར་དུ་འཁུར་མྱོང་བའི་འབྲོང་དག་ནུབ་རིར་བཞུད་སོང་ངམ།

༢ འབྲོང་ནི་སུས་ཀྱང་སྒོ་ཟོག་བྱས་མ་མྱོང་། འབྲོང་ནི་སུས་ཀྱང་བྲན་གཡོག་ལྟ་བུའི་སྒོ་ཟོག་བྱས་མ་ཐུབ། འབྲོང་ལ་སྣ་ལོ་མེད་པས་འབྲོང་ལ་བྲན་གཡོག་གི་འདུ་ཤེས་མེད། འབྲོང་ནི་རང་གཤིས་ཧ་ཅང་མཁྲེགས་པོ་ཡིན། འབྲོང་ནི་གཉའ་གནོན་དང་བཙན་འཛུལ་ལ་སྡང་། འབྲོང་ནི་ལག་དམར་གྱི་སྟེང་དུ་བྲོ་འཁྲབ་མཁན་ཞིག་རེད། འབྲོང་ནི་ལག་དམར་ལྕེ་ལྡག་བྱས་ནས་གསོད་མཁན་ཞིག་ཡིན། འབྲོང་ནི་ལྐོག་རྒྱུག་བྱེད་མཁན་ཞིག་མིན། འབྲོང་ནི་རྔོན་པའི་བོའུ་མཆུར་གདོང་གཏད་ནས་རྒྱུག་མཁན་ཞིག་རེད། འབྲོང་ནི་རང་གཤིས་སྐྱོབ་ཆེད་སྲོག་བསྡོས་ཀྱིས་གཡང་ལ་ལྕེབས་པའི་སྟ་གོན་ཡོད་ས་ཞིག་རེད། འབྲོང་ནི་སྒོ་ཟོག་ལྟར་སྐེ་བསྡམས་ནས་རྡུགས་ཤི་རྒྱག་མ་མྱོང་། འབྲོང་ནི་ནང་ཁུལ་ལ་མཐུན་སྒྲིལ་དམ་པོ་ཡོད་པས། འབྲོང་ནི་རང་གི་སྤུན་ཟླ་རྨས་ན་དེར་དགྲ་ཤ་ཨེ་ལོན་ལྟ་མཁན་ཞིག་རེད། འབྲོང་ནི་རང་གི་སྤུན་ཟླའི་རྨ་ཁྲག་ལ་གདུང་འབོད་བྱེད་མཁན་ཞིག་རེད། འབྲོང་ནི་སོང་ས་བསྡད་ས་གང་དུའང་རང་བཙན་གྱི་རི་དྭགས་ཤིག་རེད།

༣ འབྲོང་ལ་དམར་རྗེན་རྗེན་གྱི་རང་ཉིད་ལས། འབྲོང་ལ་“ལགས་སོ་”ཞུ་ས་མེད། འབྲོང་ལ་བདག་པོ་མེད། འབྲོང་ལ་གྲལ་རིམ་མེད། འབྲོང་ནི་རང་ཉིད་ལ་ཡིད་ཆེས་བསླུ་བ་མེད་པ་ཡོད་ས་ཞིག་རེད། འབྲོང་གིས་རང་ཉིད་ནི་ས་གཞི་འདིའི་ཁ་ཕོ་དང་ལང་ཚོ་ལོས་ཡིན་སྙམ་ནས། སུ་ལའང་མགོ་སྒུར་མ་མྱོང་། འབྲོང་ནི་མགོ་སྒུར་བའི་གོམས་སྲོལ་མེད་ས་ཞིག་རེད། འབྲོང་ལ་དམར་རྗེན་རྗེན་གྱི་རང་ཉིད་ལས། འབྲོང་ལ་མགོན་སྐྱབས་མེད། འབྲོང་ལ་རྩ་ཁྲིམས་མེད། འབྲོང་ལ་འུར་ལྕག་བཟུང་བའི་རྫི་བོ་མེད།

༤ གཅེས་སྲོག་གི་ཆེད་དུ་གྱེན་ལོག་བྱ། འཚོ་གནས་ཀྱི་ཆེད་དུ་གྱེན་ལོག་བྱ། རང་གཤིས་ཀྱི་ཆེད་དུ་གྱེན་ལོག་བྱ། སྤུན་ཟླའི་ཆེད་དུ་གྱེན་ལོག་བྱ། ན་ཟུག་གི་ཆེད་དུ་གྱེན་ལོག་བྱ། འབྲོང་ནི་ཁྱོད་ལ་དེ་ལྟ་བུའི་གྱེན་ལོག་བྱེད་རྒྱུར་སེམས་ཐག་ཆོད་པོ་ཡོད། འབྲོང་ནི་ཁྱོད་ཀྱི་དྲག་པོའི་མེ་མདའ་རྣ་རྒྱབ་ཏུ་གཡུག་མཁན་ཞིགག་རེད། བཙན་འཛུལ་ལ་རྒོལ་བ་གཏོང་། གཉའ་གནོན་ལ་རྒོལ་བ་གཏོང་། བརྙས་བཅོས་ལ་རྒོལ་བ་གཏོང་། བྲན་བཀོལ་ལ་རྒོལ་བ་གཏོང་། འབྲོང་ནི་འགྲོ་བ་མིའི་མདུན་དུ་དེ་དག་ལ་རྒོལ་བ་གཏོང་མཁན་ཞིག་རེད། འབྲོང་ནི་ནམ་ཡང་ཁྱོད་ལ་མགོ་འདོགས་མཁན་གྱི་གྲས་སུ་མི་ཐེ། འབྲོང་ནི་གཉའ་སྒ་བསྟད་མ་མྱོང་བའི་སྒལ་ཚིགས་ཤིག་ཡིན།

༥ ཡུལ་ཁམས་འདི་ན་རང་གཤིས་མཁྲེགས་པོ་ཅན་ཧ་ཅང་དཀོན། འབྲོང་ནི་རང་གཤིས་མཁྲེགས་པོ་ཅན་ཞིག་རེད། འབྲོང་གི་ཤི་རྐྱེན་ནི་འབྲོང་གི་རང་གཤིས་དང་འབྲེལ་བ་ཟབ་མོ་ཡོད། སྤང་ལྗོངས་དང་འབྲོག་སྡེ་འདི་དག་ནུབ་ལ་ཉེ་བའི་སྔ་ལྟས་སུ། རང་གཤིས་མཁྲེགས་པོ་ཅན་གྱི་འབྲོང་ཇེ་ཉུང་ཇེ་ཉུང་དུ་ཕྱིན། ད་ལྟ་བདག་གིས་འབྲོང་རྭའི་སྒྲ་སྙན་ཟེར་བ་ཞིག་ལས་ཅི་ཡང་ཐོས་ཀྱི་མེད། དེ་རིང་ཡུལ་ཁམས་འདི་ཁུ་སིམ་མེར་ལུས་འདུག དེ་རིང་ཡུལ་ཁམས་འདི་ལ་འབྲོང་གི་དྲི་ཙམ་མི་བྲོ། དེ་རིང་ཡུལ་ཁམས་འདི་ན་རང་གཤིས་མཁྲེགས་པོ་ཅན་མེད།

༦ འབྲོང་ནི་ང་རྒྱལ་ལ་དགའ་པོ་ཡོད། དེ་ནི་འབྲོང་གི་ཁ་དོག་གཞན་ཞིག་རེད། འབྲོང་ལ་ང་རྒྱལ་ཡོད་པས་འབྲོང་ལ་ཐུབ་ཚོད་བྱེད་མཁན་ཤིན་ཏུ་ཉུང་། འབྲོང་གི་ང་རྒྱལ་རུམ་དུ་བསྡུས་བསྡུས་ལ་ཡོད་ནའང་། གང་བསམ་དུ་ཁྱོད་ཀྱི་སྟེང་ལ་རྒྱུག་སྲོལ་མེད། གནད་འགག་ལ་འཕྲད་དུས་འབྲོང་ནི་ངའོ་སྙམ་ནས་སྡོད་ཅིང་། ཁྱོད་ལ་འདང་སྤུ་ཙམ་མི་རྒྱག་པར། བསམ་ཡུལ་འདས་པའི་ཨ་ལན་སྟེར་ངེས། གནད་འགག་ལ་འཕྲད་དུས་འབྲོང་གིས་ད་གཟོད་བྲོ་འཁྲབ་རྒྱུ་རེད། འབྲོང་གིས་བྲོ་འཁྲབ་པ་ནི་ཁྱོད་ཀྱི་ཐོག་ཏུ་རྒྱུག་རྩིས་ཡིན། སྐུ་ཞབས་ལགས་ལ་ངོ་སྐལ་ཨེན་ཙམ་ཡང་སྤྱིན་མི་སྲིད། འབྲོང་ལ་རང་ཉིད་ལས་ལྷག་པའི་དད་པ་བྱེད་ས་མེད།

༧ ཁེར་རྐྱང་ནི་དམིགས་བསལ་གྱི་འཚོ་བ་ཞིག་རེད། ཁེར་རྐྱང་དུ་འདུག་མཁན་མང་པོ་མེད། འབྲོང་ལ་མཚོན་ན་ཁེར་རྐྱང་ནི་རྒྱུན་ལྡན་གྱི་འཚོ་བ་ཞིག་རེད། ཁེར་རྐྱང་ནི་གཏུབ་གཅོད་མ་ཐུབ་པའི་རང་གཤིས་ཤིག་ཡིན། ཏག་ཏག་རང་གཤིས་དེའི་དབང་གིས་ཁྱོད་ཉིད་ཁེར་རྐྱང་གི་སྡུག་ལ་གཏད་ནའང་། ཁྱོད་ཀྱི་འཚོ་བཞུགས་ནི་ཅི་འདྲའི་གསོན་ཉམས་ཀྱིས་ཁེངས་ཨང་། ཁེར་རྐྱང་ནི་རུས་པ་སྲ་མཁྲེགས་ཅན་དག་ལ་དབང་། ཁེར་རྐྱང་ལ་དགའ་བའི་རྐྱེན་གྱིས་ཁྱོད་ལ་དམིགས་བསལ་གྱི་འཚོ་བ་ཡོད་མྱོང་། ཁེར་རྐྱང་དུ་འདུག་ཐུབ་མཁན་ག་ཙམ་ཡོད་དམ། རང་གཤིས་ཀྱི་དབང་རྩ་གཏུབ་གཅོད་བྱས་པས། ཁེར་རྐྱང་གི་རྒྱལ་སྲས་ཀྱི་མིང་གིས་འབོད་ས་ཧ་ཅང་དཀོན། འབྲོང་ལ་མཚོན་ན་ཁེར་རྐྱང་ནི་རྒྱུན་ལྡན་གྱི་འཚོ་བ་ཞིག་རེད།

༨ ས་སྒང་གི་བུ་ཕྲུག་ཏུ་གྱུར་མྱོང་བའི་རྣམ་ཤེས། སུ་ཞིག་གིས་ཁྱོད་ཀྱི་རང་དབང་ཕྲོགས། སུ་ཞིག་གིས་ཁྱོད་ཀྱི་བྲང་གཞུང་ཐང་ལ་བསྒོར། འབྲོང་། འབྲོང་། འབྲོང་། བདག་གིས་མེ་ལོང་གི་ནང་ནས་ཁྱོད་ལ་བལྟས་ཀྱང་། བདག་གིས་རྒྱ་གླིང་གི་ནང་ནས་ཁྱོད་ལ་བོས་ནའང་། ཁྱོད་ཉིད་ཐག་རིང་ཐག་རིང་དུ་ཕྱིན་ཚར། ཁྱོད་ལ་མྱ་ངན་ཞུ་བའི_____ ཁྱོད་ལ་མིག་ཆུ་གཏོང་བའི_____ ཁྱོད་ལ་ཕངས་སེམས་ཚད་མེད་སྐྱེ་མཁན་ནི_____ ཁྱོད་ཀྱིས་རྭ་བར་དུ་ཁུར་མྱོང་བའི་ཉི་ཟླ་ལགས། ཉི་ཟླ་ཁོ་ན་ཧ་ཅང་གཟབ་ནན་གྱི་རྩོམ་སྒྲིག་པ་མ་ཡིན་ནམ། ཉི་ཟླ་ཁོ་ནས་ཁྱོད་ལ་བདེན་དཔང་བྱས་ཆོག ཁྱོད་ལ་ནག་ཉེས་མེད།

༩ ཁྱོད་རང་སྒང་པ་བོད་དང་གྱེས་ནས་ངུར་ཆུང་ལྷང་ལྷང་གིས་བུད་སོང་། ད་ལྟ་ཁྱོད་ལ་ཕ་ཡུལ་ཟེར་བ་ཞིག་ཁྱོན་ནས་མི་འདུག ཕ་ཡུལ་དང་མཇལ་འཛོམས་ཀྱི་ལས་སྐལ་ཡོངས་སུ་ཟད། འདི་ནི་དུས་རབས་ཤིག་མཇུག་བསྡུས་པ་དང་ཁྱད་པར་མེད། དེ་རིང་ཁྱོད་ཀྱི་མགོ་རུས་ས་འོག་ཏུ་ནུབ་འདུག་ནའང་། ཁྱོད་ཀྱི་ཕ་ཡུལ་ལ་ན་ཟུག་མེད་པས། ཁྱོད་ཀྱི་མགོ་རུས་ནི་ཡིད་སྐྱོ་བའི་བརྩམས་ཆོས་ཤིག་གོ །ཁྱོད་རང་སྒང་པ་བོད་དང་གྱེས་ནས་བུད་སོང་། ཁྱོད་རང་རང་བྱུང་ཁམས་དང་གྱེས་ཏེ་བུད་སོང་། ཁྱོད་རང་རྩྭ་རྩེའི་ཟིལ་བ་དང་གྱེས་ནས་བུད་སོང་། ཁྱོད་རང་བདག་གི་སེམས་ཁོང་དང་འབྲལ་མ་ཐུབ།

༡༠ རླུང་དམར་མ་ལྡང་སྔོན་ལ་ཕ་གིའི་ཉག་ག་གན་ནི་འབྲོང་ཞོགས་ས་ཞིག་རེད། དེ་རིང་བདག་གི་ཨ་མྱེ་ཉག་ག་གན་ལ་ཅེར་ནས་ཡིད་སེམས་སྐྱོ་སྐྱོ་མཛད་ནའང་། འབྲོང་གི་རྗེས་སུ་ཨ་མྱེ་དང་བཅས་པའི་ཨ་མྱེའི་མི་རབས་ཀྱི་གཏམ་གླེང་གི་རྒྱུན་འཆད་ལ་ཉེ། འགྲོ་བ་མིའི་ཚབ་ཏུ་ཨ་མྱེས་འབྲོང་ལ་མྱ་ངན་ཞུ་གི་འདུག འབྲོང་ལ་རྗེས་དྲན་བྱེད་མཁན་ཨ་མྱེ་གཅིག་པུ་ཡིན་ནམ། དཔུང་བ་དམར་རྗེན་རྗེན་གྱི་ཨ་མྱེ་ཁོ་ན་ཡིན་ནམ། སྐྱ་ཆད་སྔོ་སྡུག་གི་ཡུལ་ཁམས་འདི་ལ་ད་ལྟ་འབྲོང་གི་དྲི་ཙམ་མི་བྲོ། འདི་ན་འབྲོང་གི་དར་ཆ་འཕྱར་མཁན་མེད། ཁུ་སིམ་སིམ་གྱི་བྲང་ཁོག་རེ་རེ་སུ་ཞིག་ལ་རྒྱང་བཀྱེད་དེ། ཁ་སང་གི་མུན་ནག་དང་ཁྲག་དྲི་ཡོངས་སུ་བརྗེད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།